༄༅།། ཨུ་རུ་སུའི་གཞུང་གིས་འཛམ་གླིང་གི་དོ་སྐྱེལ་གནམ་གྲུ་ཆེ་ཤོས་ཨན་ཊོ་ནོབ་༡༢༤་རྟགས་ཅན་དེའི་ནང་དུ་སྨན་ཁང་གི་ཡོ་བྱད་དང་ཁ་རས། དབུགས་གཏོང་འཕྲུལ་ཆས་སོགས་བརྩིགས་ནས་ཨ་མི་རི་ཀར་རོགས་སྐྱོར་བྱེད་ཀྱི་ཡོད་ཅེས་གསལ་བསྒྲགས་སྤེལ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨུ་རུ་སུའི་རོགས་སྐྱོར་དེ་ཧ་ཅང་ཡག་པོ་རེད་ཅེས་བཤད། ཉམས་ཞིབ་པ་མང་པོ་ཞིག་གིས་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀར་རོགས་སྐྱོར་བྱེད་ཀྱི་ཡོད་པ་ནི་ལྷག་བསམ་རྣམ་དག་ཅིག་མ་རེད། སྲིད་འཛིན་ཕུ་ཀྲིན་གྱིས་ཝ་ཤིང་ཊོན་དང་མོ་སི་ཀོའི་འབྲེལ་བ་ཡར་རྒྱས་གཏོང་ཐབས་དང་ཨ་རིའི་སྤྱི་ཚོགས་སུ་༢༠༡༦་གི་སྲིད་འཛིན་འོས་འདེམས་དུས་སུ་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་པའི་ལྟ་ཚུལ་ངན་པ་ཞིག་ཡོད་པ་སེལ་ཐབས། ད་ཐེངས་ཀྱི་རོགས་སྐྱོར་བརྒྱུད་ནས་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀར་བ་ཚོར་བག་ཆགས་བཟང་པོ་ཞིག་འཇོག་ཐབས་དང་ཨུ་རུ་སུ་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་སྟོན་ཐབས་ཀྱི་དྲིལ་བསྒྲགས་འབྱུང་ཐབས་སུ་དམིགས་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཨུ་རུ་སུ་ནས་ཨ་མི་རི་ཀར་རོགས་སྐྱོར་ཅི་ཙམ་འབྱོར་གྱི་ཡོད་མེད། རྒྱལ་ཁབ་གཞན་པ་གང་གང་གིས་ཨ་མི་རི་ཀར་སྨན་ཁང་གི་ཡོ་བྱད་དང་ཁ་རས། ནད་བརྟག་འཕྲུལ་ཆས་དང་དབུགས་གཏོང་འཕྲུལ་ཆས་སོགས་ཀྱི་རོགས་སྐྱོར་ཅི་ཙམ་འབྱོར་གྱི་ཡོད་མེད་ཕྱིར་བསྒྲགས་བྱེད་ཀྱི་མེད་མོད། ཁ་སང་གཟའ་ལྷག་པའི་ཉིན་ཨུ་རུ་སུའི་དོ་སྐྱེལ་གནམ་གྲུ་དེ་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་ཁེ་ཎི་ཌི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་འདུག
ཁ་སྔོན་གཟའ་ཟླ་བའི་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གིས་ང་ཚོར་ཅ་ལག་ཁག་ཅིག་བཏང་བ་ཡག་པོ་བྱུང་སོང་། ཨུ་རུ་སུའི་གཞུང་གིས་ང་ཚོར་སྨན་ཁང་གི་ཡོ་བྱད་སོགས་དོ་སྐྱེལ་གནམ་གྲུ་ཧ་ཅང་ཆེན་པོ་ཞིག་བཏང་བ་ཧ་ཅང་ཡག་པོ་རེད་ཅེས་ཨུ་རུ་སུའི་རོགས་སྐྱོར་འབྱོར་རྒྱུ་ཡིན་པ་མ་ཤེས་པར་གསར་འགོད་པ་ཚོར་བསྒྲགས། གཟའ་འཁོར་སྔོན་མར་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། སྲིད་འཛིན་ཌོ་ནལ་ཊམ་གྱིས་ལྷོ་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀར་ལྷོ་ཀོ་རི་ཀར་ནད་བརྟག་འཕྲུལ་ཆས་དང་དབུགས་གཏོང་འཕྲུལ་ཆས། སྨན་ཁང་གི་ཡོ་བྱད་སོགས་རོགས་རམ་བྱ་དགོས་པའི་འབོད་སྐུལ་ཞུས་སོང་། ལྷོ་ཀོ་རི་ཡར་སྨན་ཆས་ལྷག་མ་ཡོད་ན་འཕྲལ་དུ་ཨ་མི་རི་ཀར་སྐྱེལ་འདྲེན་བྱ་དགོས་པའི་ནན་སྐུལ་བྱེད་ཆོག་ཅེས་ལན་འདེབས་བྱས་ལུགས་ཀྱི་གནས་ཚུལ་སྤེལ། ཨ་མི་རི་ཀར་རྒྱལ་ཁབ་མང་དག་ཅིག་གིས་སྨན་ཆས་རོགས་རམ་བྱེད་ཀྱི་ཡོད་པར་ང་ཧ་ཅང་དགའ་བོ་བྱུང་། གདུང་སེམས་མཉམ་སྐྱེད་དེ་ཧ་ལས་དགོས་པ་ཞིག་རེད་ཅེས་བཤད་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱལ་ཁབ་གང་གང་གིས་ཨ་མི་རི་ཀར་སྨན་ཆས་རོགས་རམ་བྱེད་ཀྱི་ཡོད་མེད་གསལ་བཤད་བྱས་མེད་པ་རེད། རྒྱལ་ཁབ་གཞན་གྱིས་ཨ་མི་རི་ཀར་རོགས་སྐྱོར་བྱེད་ཀྱི་ཡོད་པར་ཨ་རིའི་གཞུང་དམངས་གཉིས་ཀས་དགའ་བསུ་ཞུ་བཞིན་ཡོད་ཀྱང་ཨུ་རུ་སུའི་རོགས་སྐྱོར་ལ་དོགས་པ་དང་འཛེམ་ཟོན། སྲིད་འཛིན་ཕུ་ཀྲིན་གྱི་ཀུན་སློང་ཅི་ཡིན་ལ་དོགས་སློང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
ཡུ་རོབ་གླིང་དུ་བཅའ་སྡོད་ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པ་བྷན་ཧོ་ཇཱེ་ཞེས་པ་ཞིག་གིས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གིས་གནམ་གྲུ་ཞིག་གི་ནང་དུ་ཤོག་སྒམ་སྟོང་ཕྲག་མང་པོ་བརྩིགས་ཡོད་པའི་པར་བརྒྱབ་སྟེ་དྲིལ་བསྒྲིགས་བྱེད་ཀྱི་ཡོད་པ་ནི་གཡོ་ཁྲམ་ཞིག་རེད། འཛམ་གླིང་འདིའི་དམག་གི་གནམ་གྲུ་དང་མཁའ་ལམ་སྐྱེལ་འདྲེན་གྱི་ཆེད་ལས་པ་སུ་འདྲ་ཞིག་ཡིན་རུང་གནམ་གྲུའི་ནང་དུ་དོ་པོ་རྣམས་འདི་ལྟར་བརྩེག་གི་མ་རེད། གལ་སྲིད་དོ་པོ་དེ་ཚོ་ངོ་མ་ཡིན་ན་ཨ་མི་རི་ཀར་ཕན་ཐོགས་འབྱུང་རྒྱུའི་ཚབ་ཏུ་ཨུ་རུ་སུ་ལ་དྲིལ་བསྒྲགས་ཀྱི་ལག་རྟགས་ཡག་པོ་ཞིག་རག་པ་རེད་ཅེས་བཀོད། ༢༠༡༦་ལོར་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་པ་དང་ཨ་མི་རི་ཀས་ཨུ་རུ་སུ་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་པ། ༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱིས་ཁེ་རེ་མཱི་ཡ་གླིང་ཕྲན་བཙན་འཕྲོག་བྱས་པ། ད་ལྟ་འཛམ་གླིང་གི་སྟོབས་འབྱོར་བླ་ན་མེད་པའི་རྒྱལ་ཁབ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་ཁྱབ་གདལ་དུས་སུ་ཨུ་རུ་སུའི་གཞུང་གིས་སྨན་ཆས་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད་ཅེས་སྐད་ཆ་ཐོས་ན་ཨུ་རུ་སུར་ཉམས་ཞིབ་བྱེད་མཁན་ཨ་མི་རི་ཀ་བ་མང་པོ་ཞིག་གི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་ཏུ་གྱུར་འདུག
ཁར་ཎི་གྷི་རྒྱལ་སྤྱིའི་ཞི་བདེ་ཉམས་ཞིབ་ཁང་གི་མཁས་པ་ཝེ་སི་ཞེས་པ་ཞིག་གིས་འདི་ནི་གླེན་རྟགས་ཤིག་ཡིན་པ་དང་ཨུ་རུ་སུའི་དྲིལ་བསྒྲགས་ལ་ལམ་ལྷོངས་བྱུང་བ་རེད་ཟེར། ཝིལ་སན་ལྟེ་གནས་ཁང་གིས་མཁས་པ་ཇན་ཁོ་ཝི་ཛི་ཞེས་པ་ཞིག་གིས་འདི་ནི་ཧང་སང་དགོས་པ་ཞིག་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་དོ་སྐྱེལ་གནམ་གྲུ་དེར་ཨར་ལན་ཌི་རྒྱལ་ཁབ་ཀྱི་ཤན་ནན་ས་ཁུལ་དུ་སྣུམ་བླུགས་པ་ཡིན། དེ་ནས་ནུབ་ཆེན་རྒྱ་མཚོ་བརྒལ་ནས་ཨ་མི་རི་ཀར་འཕུར་སྐྱོད་བྱས་པ་ཡིན། ཁ་སྔོན་གཟའ་ཟླ་བར་སྲིད་འཛིན་ཕུ་ཀྲིན་གྱིས་ཡུ་རོབ་རྒྱལ་ཁབ་ཨི་ཊི་ལིར་རོགས་སྐྱོར་སྤྲད་པའི་དུས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀ་ལའང་སྨན་ཆས་སོགས་ཀྱི་རོགས་སྐྱོར་བྱེད་ཆོག་ཅེས་བཀའ་མོལ་གནང་བ་རེད་ཅེས་བཀྲལ། ཨུ་རུ་སུའི་རྒྱལ་ནང་དུ་ཨ་མི་རི་ཀར་རོགས་སྐྱོར་སྤྲོད་ཀྱི་ཡོད་པ་ནི་ཨུ་རུ་སུའི་གཞུང་གིས་ཏོག་དབྱིབས་ནད་དུག་འགོག་ཐབས་ལ་རོགས་སྐྱོར་བྱེད་ཀྱི་ཡོད་པ་དེའི་གྲས་སུ་བཅུག་ནས་སྒྲོགས་ཀྱི་ཡོད་ཅིང་། ཁ་སང་གཟའ་ལྷག་པའི་ཉིན་ཨུ་རུ་སུ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༤༤༠་བྱུང་ཡོད་པར་མ་ཟད། ད་ལྟའི་བར་དུ་ཁྱོན་བསྡོམས་ཨུ་རུ་སུ་རྒྱལ་ཡོངས་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢༧༧༧་ཡོད་པ་དང་མི་༡༧་ལ་འཆི་སྐྱོན་བྱུང་འདུག ཨུ་རུ་སུའི་གྲོས་ཚོགས་ཀྱིས་ཏོག་དབྱིབས་ནད་དུག་འགོས་པའི་མི་རྣམས་ཟུར་འགོག་བྱེད་ཀྱི་ཡོད་པར་བརྩི་མེད་གཏོང་མཁན་བྱུང་ན་མི་དེར་ཉིན་༧་ཡས་མས་རེའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཆོག་ཅེས་ཁྲིམས་ཤིག་གཏན་ལ་ཕབ།
ཉམས་ཞིབ་པ་ཁག་ཅིག་གིས་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀར་སྨན་ཆས་སོགས་ཀྱི་རོགས་སྐྱོར་བྱེད་ཀྱི་ཡོད་པ་ནི་ཨ་མི་རི་ཀས་ཨུ་རུ་སུ་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་ལྷོད་ཡངས་གཏོང་ཐུབ་པའི་དམིགས་ཡུལ་རེད་ཅེས་གླེང་། ཌོ་ནལ་ཊམ་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་ནས་བཟུང་སྟེ་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ལ་འབྲེལ་བ་འཛིན་ཕྱོགས་དང་ཨུ་རུ་སུ་ལ་འཛིན་པའི་སྲིད་ཇུས་དེར་ཨ་རིའི་རྒྱལ་ནང་དུ་སྐྱོན་བརྗོད་དྲག་པོ་ཕོག ཨ་མི་རི་ཀའི་དམིགས་བསལ་རྟོག་ཞིབ་པ་རོ་བྷར་ཊི་མུ་ལར་གྱིས་༢༠༡༦་ལོར་ཌོ་ནལ་ཊམ་དང་ཨུ་རུ་སུའི་གཞུང་གཉིས་ངན་འབྲེལ་བྱས་ནས་སྲིད་འཛིན་འོས་འདེམས་གྱི་གྲུབ་འབྲས་ལ་འགྱུར་བ་ཐེབས་པའི་དཔང་རྟགས་རྙེད་མེད་ཀྱང་ཨ་རིའི་གསང་བའི་ལས་ཁང་ཡོད་དོ་ཅོག་གིས་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་འདུག་ཅེས་ཁ་གཅིག་གྲགས་ཡིན་ཞིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་ལ་ཨུ་རུ་སུའི་གཞུང་གིས་རྒྱབ་སྐྱོར་བྱས་མ་མྱོང་། ཁོ་པར་ཨ་རིའི་རྒྱ་ཆེའི་མང་ཚོགས་ཀྱིས་འོས་ཤོག་འཕངས་ནས་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ཡིན་ཞེས་དག་སྐྱེལ་བྱེད་ཀྱི་ཡོད་པར་བརྟེན། ཨ་མི་རི་ཀ་བ་མང་པོ་ཞིག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་གསང་བའི་ལས་ཁང་ཁག་ལ་བརྩི་མེད་གཏོང་དགོས་དོན་ཅི་ཞིག་ཡིན་ནམ། ཁོ་པས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ལ་བཟོད་པོ་དང་ཨུ་རུ་སུའི་གཞུང་ལ་བསྟུན་མཁས་བྱེད་དགོས་དོན་ཅི་ཞིག་ཡིན་ནམ། ཌོ་ནལ་ཊམ་གྱིས་ཁྲིམས་འགལ་དང་ཞབས་འདྲེན་ཞུས་པའི་དཔང་རྟགས་ཤིག་ཨུ་རུ་སུའི་གསང་བའི་ལས་ཁང་གིས་ཉར་འཛིན་བྱེད་ཡོད་པ་ཡིན་ནམ། ཡང་ན་ཨུ་རུ་སུའི་གཞུང་གིས་ཌོ་ནལ་ཊམ་གྱི་བཟོ་ཚོང་ལས་ཁང་ལ་ཨ་སྒོར་ས་ཡ་མང་པོ་བསྐྱིས་ཡོད་པ་ཡིན་ནམ་ཞེས་དོགས་སློང་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པ་རེད།
ཉེ་ཆར་ཨུ་རུ་སུའི་གཞུང་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཨི་ཊི་ལིར་གནམ་གྲུ་བཅོ་ལྔའི་ནང་དུ་སྨན་ཆས་བརྩིགས་ནས་རོགས་རམ་སྤྲད། ད་ལྟ་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀར་སྨན་ཆས་སོགས་ཀྱི་རོགས་རམ་སྤྲོད་ཀྱི་ཡོད་པ་ནི་དྲིལ་བསྒྲགས་དང་འཛམ་གླིང་མི་དམངས་ཀྱི་ལྟ་ཕྱོགས་བསྒྱུར་རྒྱུའི་དམག་འཐབ་ཅིག་རེད། དྲིལ་བསྒྲགས་ཀྱི་འཐབ་འཁྲུག་ནང་དུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ལ་རྒྱལ་ཁ་འཐོབ་ཀྱི་འདུག ཕུ་ཀྲིན་གྱིས་སྔ་མོ་ནས་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་དར་པའི་དམངས་གཙོའི་ལམ་ལུགས་དེ་ཉིད་འོད་སྟོང་ལྡན་པ་ཞིག་མ་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ངེས་རེད་ཅེས་སྔོན་བརྡ་བཏང་མྱོང་ཡོད་པ་རེད། ད་ལྟ་ཏོག་དབྱིབས་རིམས་ནད་སྔོན་འགོག་ལ་གཞིགས་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ལམ་ལུགས་དེས་ཁུངས་འཁྱོངས་ཀྱི་མེད་པ་རེད་ཅེས་ཕུ་ཀྲིན་གྱིས་ར་སྤྲོད་བྱེད་ཀྱི་ཡོད་པ་མཚོན་ཐུབ། ཕུ་ཀྲིན་གྱིས་ལས་དོན་ཁག་ཅིག་ལ་ཨ་མི་རི་ཀ་ལས་ཀྱང་ཨུ་རུ་སུ་མཆོག་ཏུ་གྱུར་པ་ཞིག་ཡིན་ཞེས་སྟོན་ཐབས་བྱེད་ཀྱི་འདུག ངས་རྩོད་པ་རྒྱག་དོན་ནི་ཨུ་རུ་སུ་ནམ་ཡང་ཨ་མི་རི་ཀ་ལས་མཆོག་ཏུ་གྱུར་པ་ཞིག་མ་རེད། རང་མགོ་ཐོན་མེད་པ་ཞིག་གིས་ཅིའི་ཕྱིར་ཨ་མི་རི་ཀར་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད་དམ། ཨ་མི་རི་ཀས་ཀྱང་ཅིའི་ཕྱིར་ཨུ་རུ་སུའི་རོགས་སྐྱོར་ལེན་གྱི་ཡོད་པ་རེད་དམ་ཞེས་དབྱིན་ཇིའི་ཧན་རི་ཇཱེཀ་སན་ཚོགས་པའི་ཉམས་ཞིབ་པ་ཧྥོཀ་སི་ཨོལ་གྱིས་བཤད་འདུག ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོས་སྲིད་འཛིན་ཕུ་ཀྲིན་གྱི་ཀུན་སློང་ངོ་མ་ནི་དཀའ་ངལ་འཕྲད་པའི་དུས་འདིར་རྒྱལ་ཁབ་ཀུན་ལ་ཕན་ཐོགས་ཤིག་བྱ་རྒྱུ་ཁོ་ན་ཡིན་ཞེས་བཤད་འདུག