ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༨/༠༨

ཞིས་ཅིན་ཕིང་གི་སྲིད་དབང་ཉམས་ཀྱི་ཡོད་པའི་སྦིར་གཏམ།


༄༅།། རྒྱ་ནག་ལ་ཆབ་སྲིད་ཀྱི་ནམ་ཟླ་ཚུགས་ཡོད་པའི་སྐབས་འདིར་ཞིས་ཅིན་ཕིང་གི་སྲིད་དབང་ཉམས་ནས་དཀའ་ངལ་ནང་དུ་ཚུད་འདུག་ཅེས་དཔྱད་རྩོམ་སྣ་མང་ཞིག་སྤེལ་གྱི་ཡོད་ཅིང་། ཕྱི་ཟླ་༦་པའི་ཚེས་༥་ཉིན་དབྱིན་ཇིའི་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཞིས་ཅིན་ཕིང་གིས་སྲིད་ཇུས་རྒྱ་ཆེན་པོ་ཞིག་གཏན་འབེབས་དང་རང་ཉིད་ཆེན་པོར་རློམ་ཡང་རྒྱ་ནག་གི་དྲག་གྲས་རྣམས་དང་ལེགས་བཅོས་བ། སྲིད་གཞུང་ལ་ཁོང་ཁྲོ་ལངས་ཡོད་པའི་ཁེ་ལས་པ་སོགས་ཀྱིས་ལོ་འདིའི་སྟོན་མཇུག་ཏུ་ཞིས་ཅིན་ཕིང་གི་སྟོབས་ཤུགས་བཅག་ནས་གནས་དབྱུང་གཏོང་སྲིད། རྒྱ་ནག་གི་ཁ་གཏད་ཤོག་ཁག་ཚོ་ནང་ཁུལ་དུ་དབང་རྩོད་བྱུང་ནས་ཞིས་ཅིན་ཕིང་མགོ་བོ་གནོན་རྒྱུའི་འཐབ་རྩོད་ཅིག་ལངས་འདུག དཔེར་ན་སྲིད་བློན་ལི་ཁེ་ཆང་གིས་མངོན་གསལ་མེད་པར་ཕྱི་རྒྱལ་གྱི་ཚོང་ལས་ཁག་ལ་འབྲེལ་བ་འཛུགས་ཐབས་དང་ཞིས་ཅིན་ཕིང་གི་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ནོར་འཁྲུལ་ཅན་ཞིག་ལག་ལེན་བསྟར། ཁོ་པས་རྒྱ་ནག་གི་སྒེར་གྱི་ཁེ་ལས་ཁག་དང་ས་ཁང་ཚོང་ལས་ཁག་ལ་དྲག་གནོན་བྱེད་ཀྱི་ཡོད་པའི་སྲིད་ཇུས་དེ་ཚོར་ནོར་བཅོས་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ། ཡིན་ནའང་དངུལ་རྩའི་ཚགས་པར་གྱིས་ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པར་སྟངས་འཛིན་བྱས་ནས་དབང་དུ་ཡོངས་སུ་བསྡུས་ཡོད་པས་ཁ་གཏད་ཤོག་ཁག་འགའ་ཞིག་ཡོད་པའི་དཔྱད་རྩོམ་སྤེལ་བར་ཡིད་ཆེས་བྱེད་དཀའ། ལོ་རབས་༨༠་ནང་དུ་ཏིང་ཞའོ་ཕིང་དང་ལས་རོགས་ཚོས་རྒྱ་ནག་གིས་སྲིད་དབང་བཟུང་། དེའི་རྗེས་སུ་ཅང་ཙེ་མིན་གྱིས་ཧུ་ཅིན་ཐའོ་ལ་སྲིད་དབང་རྩིས་སྤྲོད་བྱས་པ་རྣམས་ནི་ཤོག་ཁག་ཚང་མར་སྟོབས་ཤུགས་འདྲ་མཉམ་ཡོད་པའི་སྟབས་ཀྱིས་དབང་རྩོད་བྱུང་བ་རེད། ཞིས་ཅིན་ཕིང་ལ་ཁ་གཏད་པ་སྟོབས་ཤུགས་ཅན་ཞིག་ཡོད་པ་མངོན་གྱི་མི་འདུག ཐ་ན་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་ཞིས་ཅིན་ཕིང་གི་ཐག་གཅོད་ཁག་ལ་དོགས་གཅོད་བྱེད་ཕོད་མཁན་ཞིག་ཀྱང་མི་འདུག་ཅེས་བསྟན།།

ཕྱི་ཟླ་༦་པའི་ཚེས་༣་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཞིས་ཅིན་ཕིང་གིས་འཛིན་སྐྱོང་དང་སྲིད་ཇུས་ཀྱི་སྒྲོམ་གཞི་བཅས་ལ་སྟངས་འཛིན་ནན་པོ་བྱེད་ཀྱི་པ་རེད་ཅེས་གོ་ཐོས་འབྱུང་གི་ཡོད་ཀྱང་ཉེ་དུས་ཤིག་ནས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཞིས་ཅིན་ཕིང་དང་སྲིད་བློན་ལི་ཁེ་ཆང་གཉིས་ལ་འགལ་ཟླ་བྱུང་སྟེ་རྒྱ་ནག་གི་སྲིད་ཇུས་འཛིན་ཕྱོགས་ཐད་ཁ་འཆམ་གྱི་མེད་པའི་གནས་ཚུལ་ཐོན། དེས་ན་རྒྱ་ནག་གི་སྲིད་དབང་ལ་འགྱུར་བ་ཐེབས་ཀྱི་ཡོད་པ་རེད་དམ། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུའང་སྲིད་བློན་ལི་ཁེ་ཆང་གིས་དཔལ་འབྱོར་གྱི་སྲིད་ཇུས་ལ་སྟངས་འཛིན་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ། ལི་ཁེ་ཆང་གིས་ཚོགས་མི་༡༠༠༠༠༠་ཡོད་པའི་ཚོགས་ཆེན་ཞིག་ལ་བརྙན་ལམ་དུ་གཏམ་བཤད་བྱས་ནས་ས་གནས་ཀྱི་འགོ་ཁྲིད་ཚོས་ལྷག་བསམ་རྣམ་དག་གིས་སྲིད་ཇུས་རྣམས་ལག་ལེན་བསྟར་ཏེ་དཔལ་འབྱོར་བརྟན་ལྷིང་གཏོང་དགོས་པ་དང་ཚོང་རའི་དཔལ་འབྱོར་སྡེ་ཚན་ཁག་ལ་རྒྱབ་སྐྱོར་བྱ་དགོས། ལས་མི་དང་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གཏོང་དགོས་ཞེས་ནན་བརྗོད་བྱས་འདུག ལོ་མཇུག་འདིར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པ་འཚོགས་ཀྱི་ཡོད་པ་དེའི་ཐོག་ཏུ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོར་འཕོ་འགྱུར་གཏོང་རྒྱུ་ཡིན་ཞིང་། ལི་ཁེ་ཆང་གིས་རང་ཉིད་འཕོ་འགྱུར་མ་བཏང་གོང་དུ་རྒྱ་ནག་གི་སྲིད་ཇུས་ཁག་ཅིག་ཐག་གཅོད་བྱས་ནས་བགྲེས་ཡོལ་ལ་འགྲོ་རྒྱུའི་རྟགས་མཚན་འདུག་ཅེས་རྒྱ་ནག་ཕྱི་ནང་གཉིས་ཀྱི་ཉམས་ཞིབ་པ་ཚོར་དོ་སྣང་བྱུང་། ལི་ཁེ་ཆང་གིས་རྒྱ་ནག་ལ་དབང་བསྒྱུར་ནན་པོ་ཞིག་བྱེད་མི་ཐུབ་ཀྱང་དཔལ་འབྱོར་གྱི་ལས་འགན་ཐོག་ཏུ་ནུས་ཤུགས་འཐོན་ཐུབ། ཡིན་ནའང་ཞིས་ཅིན་ཕིང་གིས་སྲིད་བློན་ལི་ཁེ་ཆང་ཟུར་དུ་ཕུད་ནས་དཔལ་འབྱོར་གྱི་ལས་དོན་སྒྲུབ་ཏུ་འཇུག་གི་མེད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

དངུལ་རྩའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཞིས་ཅིན་ཕིང་གིས་༢༠༡༢་ནས་འཆར་འགོད་བྱས་ཏེ་མའོ་ཙེ་ཏུང་གི་དུས་སྐབས་དང་ཏིང་ཤའོ་ཕིང་གི་དུས་སྐབས། ཞིས་ཅིན་ཕིང་གི་དུས་སྐབས་གསར་པ་ཞེས་ཅང་ཙེ་མིན་དང་ཧུའུ་ཅིན་ཐའོ་གཉིས་རྒྱ་ནག་དམར་ཤོག་གི་བར་བརྒལ་ལྟ་བུའི་དུས་སྐབས་ཤིག་ཏུ་བརྩིས་ནས་དམར་ཤོག་གི་ལོ་རྒྱུས་ནང་དུ་ནག་སུབ་བྱས་པར་མ་ཟད། ༢༠༡༧་ལོར་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་སུ་ཞིས་ཅིན་ཕིང་གི་དགོངས་པ་ཞེས་གསར་དུ་བསྣན་ནས་ཞིས་ཅིན་ཕིང་གི་གོ་གནས་ནི་མའོ་ཚེ་ཏུང་གི་གོ་གནས་དང་འདྲ་མཚུངས་སུ་བསྒྱུར། རྒྱ་ནག་དམར་ཤོག་གི་མི་རབས་གཉིས་པའི་འགོ་ཁྲིད་ཏིང་ཤའོ་ཕིང་གི་གནས་བབ་དམར་རུ་བཏང་འདུག སྔོན་ཆད་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་ནང་ཁུལ་དུ་མའོ་ཙེ་ཏུང་དང་ལིའུ་ཧྲའོ་ཆི། ཏིང་ཞའོ་ཕིང་བཅས་ཀྱིས་ལོ་རབས་༦༠་བའི་ནང་དུ་དབང་རྩོད་བྱས་ནས་མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེ་བསླངས་ཏེ་ཆབ་སྲིད་ཀྱི་ཁ་གཏད་པ་རྣམས་མགོ་བོ་བཅོམ། དེང་སྐབས་ཞིས་ཅིན་ཕིང་དང་ཁ་གཏད་པ་རྣམས་དབང་རྩོད་བྱུང་ནས་འགལ་ཟླ་ལངས་ཡོད་པ་རེད་ཅེས་སྦིར་གཏམ་ཤིག་སྒྲོགས་ཀྱི་ཡོད་པར་ཁུངས་ཐུབ་ཀྱི་དཔང་རྟགས་མི་རྙེད། ༡༩༨༩་ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དྲག་གནོན་སྔོན་དེར་རྒྱ་གཞུང་གི་ཁེར་སྡོམ་གསར་འགྱུར་ལས་ཁུངས་ཁག་གིས་ཀྱང་ཤོག་ཁག་འདྲ་མིན་གྱི་ལྟ་བ་དང་འགོ་ཁྲིད་ཚོའི་ནང་ཁུལ་དུ་དབང་རྩོད་འབྱུང་གི་ཡོད་པ་ཕྱི་རུ་བསྒྲགས། ཅང་ཙེ་མིན་གྱི་ཤོག་ཁག་གིས་ཞིས་ཅིན་ཕིང་ལ་འབྲེལ་བ་ཡོད་པའི་གསང་བའི་ཡིག་ཆ་རྣམས་ཕྱིར་བསྒྲགས་བྱས་ནས་བགྲེས་ཡོལ་ལ་རྫོང་ཐབས་བྱས་ཀྱང་དེ་ལ་གྲུབ་འབྲས་མ་ཐོན་པར་ཞིས་ཅིན་ཕིང་གིས་སྲིད་དབང་སྲ་བརྟན་བྱུང་ཞིང་། ད་ལྟ་ཞིས་ཅིན་ཕིང་གིས་རང་གི་དགོངས་པ་ཞེས་དམར་ཤོག་ཚོགས་པའི་རྩ་ཁྲིམས་སུ་བཀོད་ནས་ལྟ་གྲུབ་ཀྱི་གཞུང་ལུགས་ཐོག་ཏུ་རྒྱ་ནག་གི་སྲིད་དབང་འཛིན་དགོས་པའི་ཉམས་མྱོང་ཐོབ་པ་རེད་ཅེས་གནས་ཚུལ་སྤེལ།།

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་༢༠༡༣་ལོར་ཞིས་ཅིན་ཕིང་གིས་གཞི་རྒྱ་ཆེ་བའི་གཏིང་ཟབ་འགྱུར་བཅོས་ཟེར་བའི་ཚོགས་ཆུང་ཞིག་གི་འགོ་ཁྲིད་ཀྱི་གོ་གནས་བཟུང་། དེ་བཞིན་༢༠༢༠་ལོར་རྒྱ་ནག་གི་ལོ་ལྔ་ཚན་༡༤་པའི་དཔལ་འབྱོར་འཆར་འགོད་སྲིད་ཇུས་གྲོས་སྡུར་སྐབས་སུ་སྲིད་བློན་ལི་ཁེ་ཆང་ཚོགས་འདུ་དེར་མགྲོན་འབོད་བྱས་མེད་པས་རྩོད་གླེང་ཆེན་པོ་བྱུང་། སྲིད་བློན་ལི་ཁེ་ཆང་གྲལ་ཟུར་དུ་ཕུད་དེ་དཔལ་འབྱོར་གྱི་རིག་པའི་གཞུང་ལུགས་རྣམས་ལག་ལེན་ཚུལ་བཞིན་བསྟར་རྒྱུའི་གོ་སྐབས་མ་ཐོབ། ཡིན་ནའང་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་བསྐྱར་དུ་ཁྱབ་པ་དང་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཕྱིན་པའི་རྗེས་སུ་སྲིད་བློན་ལི་ཁེ་ཆང་གི་དབང་ཆ་སླར་གསོ་བྱུང་སྟེ་དཔལ་འབྱོར་གྱི་སྲིད་ཇུས་རྣམས་ལག་ལེན་བསྟར་རྒྱུའི་གོ་སྐབས་ཐོབ། སྲིད་བློན་ལི་ཁེ་ཆང་གིས་རྒྱ་ནག་གི་དཔལ་འབྱོར་སླར་གསོ་བྱེད་པར་དུས་ཡུན་ཟླ་བ་འགའ་ཞིག་ལས་མེད། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པའི་ཐོག་ཏུ་ཞིས་ཅིན་ཕིང་ཡང་འཕོ་འགྱུར་བཏང་སྟེ་མི་གསར་པ་ཞིག་ལ་སྲིད་དབང་རྩིས་སྤྲོད་བྱ་དགོས་ཞེས་གླེང་སློང་བྱུང་། ཡིན་ནའང་༢༠༡༨་ལོར་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བཅོས་བཏང་སྟེ་སྲིད་དབང་འཛིན་པའི་དུས་ཡུན་ལ་ཚད་བཀག་མེད་པར་བཏང་ཡོད་པས་ཞིས་ཅིན་ཕིང་བཙན་གྱིས་གནས་དབྱུང་གཏོང་མ་ཐུབ་ན་སྔར་བཞིན་སྲིད་དབང་འཛིན་ཤས་ཆེ། ད་ལྟའི་ཆར་ཞིས་ཅིན་ཕིང་གི་རྗེས་འཛིན་པ་འདི་རེད་ཅེས་དམིགས་འཛུགས་བྱ་ཡུལ་ཞིག་གམ། ཡང་ན་ཞིས་ཅིན་ཕིང་གི་ཁ་གཏད་པ་རེད་ཅེས་མཛུབ་མོ་འཛུགས་ས་མངོན་གསལ་དོད་པོ་ཞིག་མེད་པ་གསལ་སྟོན་བྱས་ཤིང་། ལི་ཁེ་ཆང་གི་གྱེས་ཁའི་གཏམ་བཤད་ནང་དུ་ཞིས་ཅིན་ཕིང་དབུས་དམར་ཤོག་ཚོགས་པའི་སྲོག་ཤིང་དུ་འགྱུར་རྒྱུ་རེད་ཅེས་བཀྲལ། གལ་སྲིད་ཞིས་ཅིན་ཕིང་གིས་ལས་ཡུན་གསུམ་པ་ཞིག་བཟུང་ན་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་འགྱུར་བ་ཆེན་པོ་ཞིག་ཐེབས་པ་རེད་ཅེས་གནས་ཚུལ་སྤེལ་འདུག

རྒྱ་ནག་གི་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པ་འཚོགས་པར་ཟླ་བ་འགའ་ཞིག་ཡོད་པ་དང་དེའི་བར་དུ་དམར་ཤོག་ཚོགས་པའི་ནང་ཁུལ་དུ་ཤོག་ཁག་ཆད། སྲིད་དབང་ལ་ཧམ་རྩོད་བྱེད་མཁན་དང་ཤོག་ཁག་འདྲ་མིན་བྱུང་། ཞིས་ཅིན་ཕིང་དང་གུང་གཞོན་ཤོག་ཁག་ལྟ་བུ་ནི་རྒྱ་ནག་དམར་ཤོག་གི་མཐོ་རིམ་འགོ་ཁྲིད་ཚོའི་བུ་རབས་ཚ་རྒྱུད་ཀྱིས་གྲུབ་པའི་ཤོག་ཁག་དབང་ཐང་ཆེ་ཤོས་རྣམས་ཡིན་མོད། འོན་ཀྱང་ཧྲང་ཧེ་ཤོག་ཁག་དང་ཆིང་ཧྭ་ཤོག་ཁག སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་དང་སྲིད་བློན་ལི་ཁེ་ཆང་གཉིས་ཚུད་པའི་གུང་གཞོན་ཚོགས་པའི་ཚོགས་མི་སྟོབས་ཤུགས་ཅན་རྣམས་ཞིས་ཅིན་ཕིང་གི་ཁ་གཏད་པར་འགྱུར་སྲིད། གལ་སྲིད་རྒྱ་ནག་གི་དཔལ་འབྱོར་སླར་གསོ་བྱེད་མ་ཐུབ་པ་དང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཚབས་ཆེ་རུ་ཕྱིན་ན་ཞིས་ཅིན་ཕིང་གི་ཤོག་ཁག་དེའི་སྟོབས་ཤུགས་ཉམས་རྒྱུའི་ཉེན་ཁ་ཆེ། སྲིད་བློན་ལི་ཁེ་ཆང་གི་ལས་ཡུན་གཉིས་པ་རྫོགས་ཏེ་སྲིད་བློན་གྱི་ལས་གནས་རྒྱུན་འཛིན་བྱེད་མི་ཐུབ་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་གྲས་སུ་སླེབས་ཐབས་བྱེད་པའམ། ལི་ཁེ་ཆང་གི་དཔལ་འབྱོར་འགྱུར་བཅོས་ཀྱི་སྲིད་ཇུས་རྣམས་རྒྱུན་འཁྱོངས་བྱེད་མཁན་ཚོ་གནད་འགག་ཅན་གྱི་གོ་གནད་ཁག་ཏུ་བསྐོ་བཞག་བྱ་རྒྱུ། ལི་ཁེ་ཆང་ལ་ཧུ་ཁྲུན་ཧྭ་ལྟ་བུའི་མི་ཁག་ཅིག་གིས་རྒྱབ་སྐྱོར་བྱས་ནས་ཤོག་ཁག་གསར་པ་ཞིག་ཚུགས་ཏེ་ཞིས་ཅིན་ཕིང་གིས་དབང་ཚད་གཅོག་སྲིད། གལ་སྲིད་ལི་ཁེ་ཆང་དང་གུང་གཞོན་ཤོག་ཁག་གི་དམིགས་ཡུལ་རྣམས་མ་གྲུབ་ན་ཤོག་ཁག་དེའི་ཚོགས་མི་རྣམས་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མིའི་གྲས་སུ་མང་ཙམ་གཏོང་ཐབས་དང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོ་ཐུན་མོང་གི་ལས་དོན་མཉམ་སྒྲུབ་བྱེད་པའི་ལམ་སྲོལ་བསྐྱར་གསོ་འབྱུང་ཐབས་ཀྱི་འབད་བརྩོན་བྱེད་ངེས་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG