ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཟུར་པ་ཊམ་གྱི་ཁྲིམས་རྩོད་པའི་ལས་ཁུངས་ལ་སྔོག་བཤེར། 


༄༅།། ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་གཟའ་ལྷག་པའི་ཉིན་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་རུ་ཌི་ཇཱུ་ལི་ཡ་ཎིའི་ཁྱིམ་དང་ལས་ཁུངས་གཉིས་ཀར་སྔོག་བཤེར་བྱས་ཤིང་། སྲིད་འཛིན་ཟུར་པ་ཊམ་གྱི་ཁྲིམས་རྩོད་པས་ཁྲིམས་འགལ་སྣ་ཚོགས་ཤིག་བྱས་ཡོད་མེད་ལ་དབུས་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་དོགས་པ་ཡོད་ཀྱང་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རིང་དེར་རུ་ཌི་ཇཱུ་ལི་ཡ་ཎིར་དམིགས་བསལ་གྱི་འགེབས་སྐྱོབ་ཐོབ་ཐང་ཡོད་པ་དེའི་འོག་ཏུ་ནག་ཉེས་ཡོད་མེད་རྩད་གཅོད་ནན་པོ་ཞིག་བྱས་མ་ཐུབ། ཁོ་པར་ཞིབ་འཇུག་བྱེད་དགོས་དོན་གཙོ་བོ་ནི་༢༠༡༩་ལོར་ཡུཀ་རེན་གྱི་སྲིད་འཛིན་ལ་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་ཕ་བུ་གཉིས་ཀྱིས་ཁྲིམས་འགལ་ཚོང་ལས་གཉེར་ཡོད་པའི་དོགས་པ་ཡོད། ཡུཀ་རེན་གྱི་གཞུང་གིས་དེ་ལ་ཞིབ་འཇུག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱ་དགོས་པའི་གནོན་ཤུགས་སྤྲད་ནས་ཨ་རིའི་སྲིད་འཛིན་འོས་འདེམས་དུས་སུ་ཇཱོ་བྷ་ཌན་ལ་མིང་ཤས་བཟོ་རྒྱུ། ཁོ་པས་ཕྱིའི་རྒྱལ་ཁབ་ཅིག་ལ་ངན་འབྲེལ་བྱས་ནས་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་ལ་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཏུ་འཇུག་ཐབས་ཀྱི་ཁྲིམས་འགལ་བྱས་ཡོད་མེད་ཞིབ་འཇུག་བྱ་རྒྱུའི་ཆེད་དུ་ཡིན་འདུག གཟའ་ལྷག་པའི་ཕྱི་དྲོར་ཇཱུ་ལི་ཡ་ཎིའི་ཁྲིམས་རྩོད་པ་ཁ་སི་ཊེ་ལོས་གསར་འགོད་པ་ཚོར་སྔོག་བཤེར་གྱི་བཀའ་རྒྱ་དེར་རུ་ཌི་ཇཱུ་ལི་ཡ་ཎིས་ཁྲིམས་འགལ་ཐོག་ཏུ་ཕྱིའི་རྒྱལ་ཁབ་ཅིག་ལ་སྐུལ་ལྕག་བཏང་བ་དང་གསར་འགོད་པ་སོ་ལོ་མོན་ལ་ཁྲིམས་འགལ་ངན་སྐུལ་བྱས་ཡོད་མེད་བཅས་ལ་ཞིབ་འཇུག་བྱ་དགོས་ཀྱི་འདུག་ཅེས་འཁོད་འདུག རུ་ཌི་ཇཱུ་ལི་ཡ་ཎིའི་ལས་རོགས་ཀྱི་གློག་ཀླད་ཅིག་དང་དེ་མིན་གྱི་གློག་ཆས་ཁག་ཅིག་ཁྱེར་སོང་། ཟླ་བ་རྗེས་མར་ཇཱུ་ལི་ཡ་ཎིའི་ལས་རོགས་ཁྲིམས་ཁང་དུ་བཅར་དགོས་པའི་འབོད་འགུགས་བྱས་སོང་ཞེས་བསྒྲགས།།

སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་དང་ཁོང་གི་ཁྲིམས་རྩོད་པ་རུ་ཌི་ཇཱུ་ལི་ཡ་ཎི་རྣམ་གཉིས།
སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་དང་ཁོང་གི་ཁྲིམས་རྩོད་པ་རུ་ཌི་ཇཱུ་ལི་ཡ་ཎི་རྣམ་གཉིས།

ཨ་རིའི་དབུས་ཁྲིམས་འཛིན་ལྷན་ཁང་གི་ནེའུ་ཡོག་གྲོང་ཁྱེར་གྱི་ཡན་ལག་ལས་ཁུངས་ཀྱི་མགྲིན་ཚབ་པས་ནེའུ་ཡོག་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། སྔོག་བཤེར་བྱས་པའི་སྐབས་སུ་ཇཱུ་ལི་ཡ་ཎིའི་བུ་ཨན་ཌིའུ་ཇཱུ་ལི་ཡ་ཎི་ཁྱིམ་ནས་ཕྱི་ལ་ཐོན་ཏེ་ཁྱེད་ཚོའི་ལས་སྟངས་འདི་ཧ་ཅང་གི་ཁྱད་མཚར་རེད། ང་ཚོའི་ཁྲིམས་འཛིན་ལྷན་ཁང་རང་བཙན་ཡིན་དགོས་པ་དང་ཁྲིམས་འཛིན་ལྷན་ཁང་གིས་ཆབ་སྲིད་ཀྱི་དམིགས་ཡུལ་བསྒྲུབ་མི་ཆོག ང་ཚོས་འདི་ལ་མུ་མཐུད་དུ་བཟོད་སྒོམ་བྱེད་མི་ཐུབ་ཅེས་ཁ་རྡུང་བཏང་སོང་ཞེས་བཤད། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པའི་ལས་ཁུངས་ལ་སྔོག་བཤར་བྱ་འཆར་ཡོད་པའི་སྔོན་བརྡ་གང་ཡང་བཏང་མ་བྱུང་། ཁྲིམས་འཛིན་ལྷན་ཁང་གི་ཞིབ་འཇུག་ལས་དོན་ཁག་ལ་ཕོ་བྲང་དཀར་པོས་ཐེ་གཏོགས་གང་ཡང་བྱེད་ཀྱི་མེད་ཅེས་བཤད་ཡོད་པ་སྟེ། ཕོ་བྲང་དཀར་པོའི་མཐོ་རིམ་སློབ་སྟོན་པ་རི་ཆི་མོན་ཌིས་གཟའ་ལྷག་པའི་ཕྱི་དྲོར་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་ཁྲིམས་འཛིན་ལྷན་ཁང་ནི་མཐའ་གཅིག་ཏུ་རང་བཙན་ཡིན། སྲིད་འཛིན་བྷ་ཌན་གྱིས་སྔོན་ནས་ཁས་ལེན་བྱས་པ་ལྟར་ཁྲིམས་འཛིན་ལྷན་ཁང་གི་ལས་དོན་སྒྲུབ་ཕྱོགས་ལ་ཕོ་བྲང་དཀར་པོས་གཏན་ནས་ཐེ་གཏོགས་བྱེད་ཀྱི་མེད། ཨ་རིའི་མི་དམངས་རྣམས་ཁྲིམས་འཛིན་ལྷན་ཁང་ལ་ཡིད་ཆེས་བསླེབ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཡིན། ཁྲིམས་འཛིན་ལྷན་ཁང་གི་ལས་དོན་ཁག་ལ་སྲིད་འཛིན་བྷ་ཌན་གྱིས་ཐེ་གཏོགས་གང་ཡང་བྱ་འཆར་མེད་ཅེས་བཀྲལ།།

སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་རུ་ཌི་ཇཱུ་ལི་ཡ་ཎིའི་ལས་ཁུངས་དང་ཁྱིམ་ལ་སྔོག་བཤེར་བྱེད་དགོས་ན་དཔང་རྟགས་གང་འཚམ་ཞིག་ཡོད་དགོས་པར་མ་ཟད། སྔོག་བཤེར་བཀའ་རྒྱ་དེར་ཨ་རིའི་སྤྱི་ཁྱབ་ཁྲིམས་འཛིན་པ་གཞོན་པ་ལྟ་བུའི་མཐོ་རིམ་འགོ་ཁྲིད་ཅིག་གི་མཚན་རྟགས་འགོད་དགོས། ནེའུ་ཡོག་དུས་བབ་ཚགས་པར་གྱིས་སྔ་ལོ་ནས་དབུས་ཁྲིམས་འཛིན་ལྷན་ཁང་གི་ནེའུ་ཡོག་ལན་ལག་ལས་ཁུངས་ཀྱིས་རུ་ཌི་ཇཱུ་ལི་ཡ་ཎིར་ཞིབ་འཇུག་བྱ་ཐབས་བྱས་ཀྱང་ཝ་ཤིང་ཊོན་གྱིས་དབུས་ཁྲིམས་འཛིན་ལྷན་ཁང་གིས་བཀག་འགོག་བྱས་ནས་སྔོག་བཤེར་བྱེད་དུ་མ་བཅུག་པ་རེད། དེ་ནས་དབུས་ཁྲིམས་འཛིན་ལྷན་ཁང་གི་ནེའུ་ཡོག་ཡན་ལག་ལས་ཁུངས་ཀྱིས་ཇཱུ་ལི་ཡ་ཎིའི་ཁྱིམ་དང་ལས་ཁུངས་ལ་སྔོག་བཤེར་བྱ་རྒྱུ་ཕྱིར་འཐེན་བྱས་པ་རེད་ཅེས་གནས་ཚུལ་སྤེལ། ཉམས་ཞིབ་པ་ཁག་ཅིག་གིས་ཇཱུ་ལི་ཡ་ཎིའི་ཁྱིམ་དང་ལས་ཁུངས་ལ་སྔོག་བཤེར་བྱས་ནས་གློག་ཆས་ཁག་ཅིག་ཁྱེར་པ་དེ་དག་གི་ནང་དུ་༢༠༢༠་ལོའི་ཕྱི་ཟླ་༡༡་པ་དང་༡༢་པ། ༢༠༢༡་གི་ཕྱི་ཟླ་དང་པོ་བཅས་ལ་རུ་ཌི་ཇཱུ་ལི་ཡ་ཎིས་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་འཕྲུ་སློག་གཏོང་ཐབས། ཁོ་པས་ཨ་རིའི་མི་དམངས་ཀྱིས་དམངས་གཙོའི་ལམ་ནས་ཇཱོ་བྷ་ཌན་སྲིད་འཛིན་ལ་འདེམས་ཐོན་བྱུང་ཡང་གསར་འགོད་ལྷན་ཚོགས་བསྐོངས་ནས་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་གཡོ་ཁྲམ་བྱས་སོང་ཞེས་ལོག་འགྲེལ་བྱས་པ། སྐབས་དེར་ཇཱུ་ལི་ཡ་ཎིས་ཕར་ཚུར་གློག་འཕྲིན་བཏང་བ་རྣམས་སྔོག་མི་ཆོག་པའི་དམིགས་བསལ་འགེབས་སྐྱོབ་ཐོབ་ཐང་ཡོད་ཀྱང་ད་ལྟ་ཐོབ་ཐང་དེ་རྣམས་མེད་པར་གྱུར་པ་རེད། དེས་ན་རུ་ཌི་ཇཱུ་ལི་ཡ་ཎིས་སྲིད་འཛིན་གྱི་འོས་འདེམས་གྲུབ་འབྲས་ཁག་བརྩི་མེད་གཏོང་ཐབས་བྱས་པ་དང་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་ཚོས་གྲོས་ཚོགས་ལ་དཔུང་རྒོལ་བྱས་ནས་འོས་འདེམས་ཀྱི་གྲུབ་འབྲས་དེར་མཐའ་མའི་ངེས་གཏན་བྱ་རྒྱུ་འགོག་ཐབས་བྱས་པར་ངན་སྐུལ་བྱས་ཡོད་མེད། ཁོ་པས་སྐབས་དེར་སུ་སུ་ལ་འབྲེལ་བ་བྱས་ཡོད་མེད་དང་སུ་སུ་ལ་གློག་འཕྲིན་བཏང་ཡོད་མེད་རྣམས་ཤེས་རྟོགས་ཐུབ་སྲིད་ཅེས་བཤད།།

༢༠༡༩་ལོ་ནས་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་ནེའུ་ཡོག་ལན་ཡག་ལས་ཁུངས་ཀྱིས་རུ་ཌི་ཇཱུ་ལི་ཡ་ཎིས་དངོས་ཤུགས་བརྒྱུད་གསུམ་ནས་ཡུཀ་རེན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་གནས་དབུགས་གཏོང་ཐབས་བྱས་པ། ཁོ་པས་གསང་བའི་ཐོག་ཏུ་ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་བ་བྱས་ནས་ཇཱོ་བྷ་ཌན་ལ་ནག་ཉེས་འགེལ་ཐབས་བྱས་ཡོད་མེད། བྷ་ཌན་གྱི་བུ་ཧན་ཊར་བྷ་ཌན་གྱིས་ཡུཀ་རེན་གྱི་བཟོ་ཚོང་ལས་ཁང་ཞིག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཞིག་གི་གོ་གནས་བཟུང་བའི་སྐབས་སུ་བྷ་ཌན་ཕ་བུ་གཉིས་ཀྱིས་ཁྲིམས་འགལ་ཐོག་ཏུ་ཚོང་ལས་ཀྱི་ཁེ་སང་བླངས་ཡོད་པའི་ནག་ཉེས་རྫུན་མ་འཛུགས་ཐབས་བྱས་པ་སོགས་ཁྲིམས་འགལ་གྱི་ལས་འགུལ་ཅི་ཞིག་སྤེལ་ཡོད་མེད་བཅས་ལ་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས། ད་དུང་ཨ་རིའི་ཌོ་མཱི་ནིན་འོས་ཤོག་གྲངས་བཤེར་བཟོ་ཚོང་ཁང་གིས་ཀྱང་སྲིད་འཛིན་ཟུར་པ་ཊམ་གྱི་ཁྲིམས་རྩོད་པ་རུ་ཌི་ཇཱུ་ལི་ཡ་ཎི་དང་སིན་ཌི་ཕཱ་ཝོལ་སོགས་ཁྲིམས་ལ་གཏུགས། ཁོ་ཚོས་ཌོ་མཱི་ནིན་བཟོ་ཚོང་ཁང་གི་འོས་ཤོག་གྲངས་བཤེར་འཕྲུལ་ཆས་དེ་ཚོས་ཌོ་ནལ་ཊམ་ལ་འོས་ཤོག་འཕངས་པ་རྣམས་ཇཱོ་བྷ་ཌན་ལ་འཕངས་འདུག་ཅེས་བསྒྱུར་སོང་ཞེས་བསྒྲགས། ཇཱུ་ལི་ཡ་ཎིར་དཔང་རྟགས་སྟོན་རྒྱུ་མེད་པར་ཁུངས་མེད་རྫུན་སྒྲོགས་བྱས་ནས་ཌོ་མཱི་ནིན་བཟོ་ཚོང་ལས་ཁང་ལ་མིང་ཤས་ངན་པ་ཕོག་སྟེ་ཚོང་ལས་ལ་གྱོང་གུད་ཕོག་སོང་། རུ་ཌི་ཇཱུ་ལི་ཡ་ཎི་དང་སིང་ཌི་ཕཱོ་ཝལ་སོགས་ཀྱིས་ཌོ་མཱི་ནིན་བཟོ་ཚོང་ལས་ཁང་ལས་ཨ་སྒོར་དུང་ཕྱུར་༡༣་གྱོང་གསབ་སྤྲོད་དགོས་ཞེས་ཁ་མཆུ་བཙུགས་འདུག

སྔ་ལོ་སྲིད་འཛིན་ཌོ་ནལ་ཊམ་གྱིས་འཇོར་ཇཱི་ཡ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེར་ཁ་པར་བཏང་ནས་འཇོར་ཇཱི་ཡ་མངའ་སྡེར་ཇཱོ་བྷ་ཌན་ལ་འོས་ཤོག་༡༡༧༧༩་མང་བ་ཐོབ་འདུག ཁྱེད་ཚོས་འོས་ཤོག་དེ་རྣམས་བརྩི་མེད་ཐོངས། ང་ལ་འོས་ཤོག་༡༡༧༨༠་འཚོལ་སྒྲུབ་བྱོས། འཇོར་ཇཱི་ཡ་མངའ་སྡེར་ང་ལ་འོས་ཤོག་མང་བ་ཐོབ་ཡོད་ཅེས་ཁུངས་མེད་གནོན་ཤུགས་སྤྲད་པར་འཇོར་ཇཱི་ཡ་མངའ་སྡེའི་ཧྥོལ་ཊོན་རྫོང་གི་དབུས་ཁྲིམས་འཛིན་ལས་ཁུངས་ཀྱིས་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། དེར་བརྟེན་ཌོ་ནལ་ཊམ་གྱིས་འཇོར་ཇཱི་ཡ་མངའ་སྡེའི་འོས་འདེམས་ཀྱི་གྲུབ་འབྲས་འཕྲུ་སློག་གཏོང་ཐབས་བྱས་པར་རུ་ཌི་ཇཱུ་ལི་ཡ་ཎི་འབྲེལ་བ་ཡོད་མེད་ཞིབ་འཇུག་བྱས་ནས་ཁྲིམས་ལ་སྦྱོར་སྲིད་པའི་ཉེན་ཁ་ཆེ། ན་ནིང་ལོ་མཇུག་དེར་སྲིད་འཛིན་ཌོ་ནལ་ཊམ་དང་རུ་ཌི་ཇཱུ་ལི་ཡ་ཎི། སྲིད་འཛིན་ཊམ་གྱི་བདེ་སྲུང་སློབ་སྟོན་པ་ཟུར་པ་མཱེ་ཁལ་ཧྥི་ལིན་བཅས་ཀྱིས་ཕོ་བྲང་དཀར་པོར་ཨ་རིའི་འཇོར་ཇཱི་ཡ་དང་པེན་སིལ་ཝྭེ་ཎི་ཡ། མཱི་ཆི་གྷན་དང་ཝི་སི་ཀོན་སན་བཅས་མཐའ་མཇུག་ཇཱོ་བྷ་ཌན་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡུལ་མངའ་སྡེ་ཁག་ལ་དམག་ཁྲིམས་བསྡམས་ནས་འོས་འདེམས་ཀྱི་གྲུབ་འབྲས་རྣམས་བརྩི་མེད་གཏོང་དགོས། སྲིད་འཛིན་ཊམ་གྱིས་མངའ་སྡེ་དེ་ཚོར་ཨ་མི་རི་ཀའི་དམག་བཏང་ན་སྲིད་དབང་རྒྱུན་འཁྱོངས་བྱ་དགོས་ཞེས་གྲོས་སྡུར་བྱས་ཡོད་པའི་གནས་ཚུལ་ཐོན། རུ་ཌི་ཇཱུ་ལི་ཡ་ཎིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་ཆེད་དུ་ཡུཀ་རེན་གྱི་སྲིད་འཛིན་ལ་གནོན་ཤུགས་སྤྲད་པ་ཁོ་ན་མིན་པར་ཕྱོགས་མང་དག་ཅིག་ཏུ་ཁྲིམས་འགལ་བྱས་ཡོད་པའི་དོགས་གཞིའི་ཐོག་ཏུ་ཞིབ་འཇུག་བྱས་ནས་ནག་ཉེས་འཐོན་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་པ་རེད།།

XS
SM
MD
LG