ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ནང་པའི་དགེ་འདུན་པའི་དྲན་ཤེས་ལས་སླ་པོ་ཉམས་ཀྱི་མེད་པའི་རྒྱུ་རྐྱེན།


སྤྱི་ཚོགས་གཞན་ལ་མིའི་དྲན་ཤེས་ཉམས་པའི་རྐྱེན་གཙོ་བོ་ཁྲག་ཤེད་དང་། ཅི་ནིའི་ནད་ཀྱིས་ཡོང་གི་ཡོད་ཀྱང་། ནང་ཆོས་ཉམས་ལེན་གནང་མཁན་བོད་པའི་དགེ་འདུན་པའི་ནང་ཁྲག་ཤེད་དང་ཅི་ནིའི་ན་ཚ་ཡོད་མཁན་ལ་དྲན་པ་ཉམས་པའི་ནད་ཡོད་མེད་ཉམས་ཞིབ་ཆེད་ཨ་རིའི་མི་ནཱི་སུ་ཊའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་ནད་ཡམས་དཔྱད་རིག་སྡེ་ཚན་དང་། ཝ་ཤིན་ཊོན་གཙུག་ལག་སློབ་གཉེར་ཁང་། རྒྱ་གར་ལྷོ་ཕྱོགས་གདན་ས་དགའ་ལྡན་དང་། འབྲས་སྤུངས་བཅས་ཟུང་འབྲེལ་ཐོག་ལོ་གཅིག་ལྷག་གོང་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་ཀྱི་གདན་སའི་ནང་ཁྲག་ཤེས་དང་། ཅི་ནི་ནད་གཞི་ཤུགས་ཆེན་པོ་ཡོད་མཁན་ལོ་ན་ལྔ་བཅུ་ཡན་གྱི་དགེ་འདུན་པ་ ༢༠༦ ལ་དྲན་པ་ཉམས་པའི་ནད་ཡོད་མེད་ཉམས་ཞིབ་བྱས་ཡོད་པ་རེད་འདུག།

ད་ལན་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་ཉམས་ཞིབ་པ་ཁག་ཅིག་དང་། གདན་ས་དགའ་འབྲས་གྲྭ་ཚང་སོ་སོའི་མཁན་རིན་པོ་ཆེ་རྣམ་པ་དང་། དཔེ་ཁྲིད་དགེ་རྒན་གྲྭ་ཚང་བཞིའི་ཚན་རིག་སྡེ་ཚན་བྱང་རྩེ་གྲྭ་ཚང་གི་ཕྱི་ལུགས་སྨན་པ་དོན་གྲུབ་ལགས་བཅས་གདན་ས་འབྲས་སྤུངས་གི་སྒོམ་སྒྲུབ་དང་། ཚན་རིག་ཁང་དུ་འཛོམས་ནས་ད་བར་གྱི་ཉམས་ཞིབ་གནང་བའི་གྲུབ་འབྲས་སུ། སྤྱི་ཚོགས་གཞན་དང་མ་འདྲ་བར་ཅི་ནི་དང་ཁྲག་ཤེད་ནད་ཤུགས་ཆེན་པོ་ཡོད་པའི་གདན་ས་དགའ་འབྲས་ཀྱི་དགེ་འདུན་པ་༢༠༦ ལ་དྲན་པ་ཉམས་པའི་ནད་གཅིག་ཀྱང་ཐོན་མེད་པ་དང་། དེའི་རྒྱུ་རྐྱེན་གང་ཡིན་སོགས་ཉམས་ཞིབ་པས་དཔྱད་པ་བྱས་པའི་གྲུབ་འབྲས་ངོ་སྤྲོད་བྱས་པར་མ་ཟད། འདིའི་ཐོག་མཁན་རིན་པོ་ཆེ་རྣམ་པའི་དགོངས་ཚུལ་གསུངས་ཡོད་པ་རེད། དེ་ཡང་ཉམས་ཞིབ་སྡེ་ཚན་དེའི་ཁོངས་མི་དང་ཉམསས་ཞིབ་རུ་ཁག་གི་སྣེ་ཁྲིད་པ་བོད་ལུགས་སྨན་པ་དང་མི་ནཱི་སུ་ཊའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ནད་ཡམས་དཔྱད་རིག་སྡེ་ཚན་གྱི་ཉམས་ཞིབ་པ་འབུམ་རམས་པ་བསྟན་འཛིན་དོན་གྲུབ་ལགས་ནས་ངོ་སྤྲོད་གནང་གསལ་ལ།

ད་བར་ཁྲག་ཤེད་དང་ཅི་ནི་ནད་གཞི་ཚད་མཐོ་པོ་ཡོད་པའི་ལོ་ན་ལྔ་བཅུ་ཡན་གྱི་དགེ་འདུན་པ་༢༠༦ལ་དྲན་པ་ཉམས་པའི་ནད་གཏན་ནས་མེད་པ་དེའི་རྒྱུ་རྐྱེན་ལ་དཔྱད་པ་བྱས་འབྲས་སུ་དེ་ནི་དགེ་འདུན་པ་ཚོ་ཤེས་ཡོན་སློབ་སྦྱོང་གནང་རྒྱུ་བར་མཚམས་འཇོག་གི་མེད་པ་དང་གཅིག། རྒྱུན་དུ་དམིགས་པ་བརྩེ་གཅིག་གི་སྒོ་ནས་ཁ་བཏོན་དགེ་སྦྱོར་གྱི་ཉམས་བཞེས་དང་གཉིས། དཔེ་འཛིན་སྐྱོར་སྦྱངས་བཅས་གནད་དོན་གསུམ་གྱིས་ཀླད་པར་ཤུགས་རྐྱེན་སྤྲད་དེ་དྲན་པ་ཉམས་པའི་ནད་ཡོང་ཐུབ་ཀྱི་མེད་པའི་ར་སྤྲོད་བྱས་སོང་།

ད་དུང་དེའི་ཐོག་མཁན་རིན་པོ་ཆེ་རྣམ་པས་དགེ་འདུན་པ་ཚོས་སློབ་སྦྱོང་གནང་སྟངས་དང་ནང་ཆོས་ཀྱི་ཉམས་ལེན་ཐོག་ནས་སེམས་དང་ཀླད་པར་ཤུགས་རྐྱེན་ཐེབས་ཚུལ་སོགས་དགོངས་ཚུལ་གསུངས་གནང་སོང་།

རྗེས་སུ་སེ་ར་ཐེག་ཆེན་གླིང་གི་གྲྭ་ཚང་བྱེས་སྨད་གཉིས་དང་ཟུང་འབྲེལ་བྱས་ཏེ། གདན་ས་གསུམ་དང་མཉམ་ལས་ཐོག་ནས་ཉམས་ཞིབ་དེ་མུ་མཐུད་གཞི་རྒྱ་ཆེ་རུ་གཏང་རྒྱུ་ཡིན་པ་དང་། ལོ་ལྔ་ཚན་གྱི་འཆར་གཞིའི་ཐོག་ཉམས་ཞིབ་གནང་རྒྱུ་རེད་འདུག།

རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཀྱིས།

XS
SM
MD
LG