ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་མཐུན་ཚོགས་པར་ཝིར་ཇཱི་ཎི་ཡའི་སྤྱི་ཁྱབ་འོས་བསྡུའི་རྒྱལ་ཁ་ཐོབ། 


༄༅།། ཕྱི་ཟླ་༡༡་པའི་ཚེས་༢་ཉིན་ཨ་མི་རི་ཀའི་མངའ་སྡེ་ཝིར་ཇཱི་ཎི་ཡ་དང་ནེའུ་འཇར་སི། ནེའུ་ཡོཀ་དང་བྷོ་སི་ཊོན་གྲོང་ཁྱེར་སོགས་ཀྱི་སྤྱི་ཁྱབ་རྣམས་འོས་འདེམས་བྱས་ཤིང་། ཨ་རིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཝྭིར་ཇཱི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་འོས་འདེམས་ཁྲོད་སྤྱི་མཐུན་ཚོགས་པའི་འོས་མི་གྷ་ལན་དབྱང་ཁིན་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ། ནེའུ་འཇར་སི་མངའ་སྡེའི་འོས་ཤོག་བརྒྱ་ཆ་༩༨་ལྷག་གྲངས་བཤེར་ཟིན་ཡང་དམངས་གཙོ་ཚོགས་པའི་སྤྱི་ཁྱབ་འོས་མི་བསྐྱར་དུ་འདེམས་ཐོན་ཐུབ་རྒྱུ་ཡིན་མིན་གྱི་རྟིང་ཐག་གསལ་པོ་ཞིག་མ་ཆོད། མཱི་ཎི་སོ་ཊ་མངའ་སྡེའི་མཱི་ཎི་ཨེ་པོ་ལི་སི་གྲོང་ཁྱེར་གྱི་ཉེན་རྟོག་སྒྲིག་འཛུགས་མེད་པར་བཏང་སྟེ་སྤྱི་དམངས་བདེ་འཇགས་སྲུང་སྐྱོབ་ལས་ཁུངས་ཞེས་པ་ཞིག་གསར་འཛུགས་བྱེད་དགོས་ཞེས་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་གྲོས་གཞི་བཏོན་པ་དེར་མང་མོས་ཀྱི་རྒྱབ་སྐྱོར་མ་ཐོབ། ཨ་རིའི་དམངས་གཙོ་ཚོགས་པར་ནེའུ་ཡོག་གྲོང་ཁྱེར་དང་བྷོ་སི་ཊོན་གྲོང་ཁྱེར་གཉིས་ཀྱི་སྤྱི་ཁྱབ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་འདུག དེར་བརྟེན་ཁ་སང་གི་འོས་འདེམས་བརྒྱུད་ནས་ལོ་རྗེས་མར་ཨ་མི་རི་ཀར་གྲོས་ཚོགས་འཐུས་མི་འོས་འདེམས་བྱེད་ཀྱི་ཡོད་པ་དེའི་སྐབས་སུ་དམངས་གཙོ་ཚོགས་པར་ཕམ་ཉེས་ཆེན་པོ་འབྱུང་རྒྱུ། ཐ་ན་༢༠༢༤་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་སྐབས་སུ་ཇཱོ་བྷ་ཌན་བསྐྱར་དུ་འདེམས་ཐོན་ཡོང་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་པར་གྱུར་པ་རེད་ཅེས་ཨ་རིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་འདུག

ཝིར་ཇཱི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་འོས་མི་གཉིས་ཀྱི་དྲིལ་སྒྲོག
ཝིར་ཇཱི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་འོས་མི་གཉིས་ཀྱི་དྲིལ་སྒྲོག

དེ་རིང་ཕྱི་ཟླ་༡༡་པའི་ཚེས་༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཝིར་ཇཱི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་འོས་འདེམས་སྐབས་སུ་སྤྱི་མཐུན་ཚོགས་པའི་འོས་མི་དབྱང་ཁིན་ལ་རྒྱལ་ཁ་ཐོབ་པ་དང་ནེའུ་འཇར་སིའི་མངའ་སྡེའི་སྤྱི་ཁྱབ་འོས་འདེམས་ཀྱི་གྲུབ་འབྲས་རྟིང་ཐག་ཡག་པོ་ཞིག་ཆོད་མེད་པ་ནི་སྲིད་འཛིན་ཇཱོ་བྷ་ཌན་དང་དམངས་གཙོ་ཚོགས་པར་ཡག་རྟགས་ཤིག་གཏན་ནས་མ་རེད། ལྷག་པར་དུ་ཨ་རིའི་མི་དམངས་རྣམས་སྲིད་འཛིན་ཇཱོ་བྷ་ཌན་གྱི་འཛིན་སྐྱོང་ལ་འདོད་པ་མ་ཚིམས་པ་དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོས་རྒྱལ་ཁབ་ཀྱི་ལས་དོན་འཐུས་ཤོར། ཁོ་ཚོས་ནང་ཁུལ་དུ་ལྟ་བ་དང་ལངས་ཕྱོགས་ཐོག་ཏུ་མཁྲེགས་འཛིན་བྱས་ནས་རྒྱལ་ཁབ་ཀྱི་ལས་དོན་སྒྲུབ་ཀྱི་མེད་པར་ཨ་རིའི་མི་དམངས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་པའི་རྟགས་མཚན་རེད་ཅེས་བཀོད། ཝིར་ཇཱི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་འོས་འདེམས་སྐབས་སུ་མི་རིགས་དབྱེ་འབྱེད་དང་ཏོག་དབྱིབས་ནད་དུག་སྔོན་འགོག སློབ་ཕྲུག་ཚོར་འགོག་ཁབ་རྒྱག་དགོས་མིན་དང་བུ་ཕྲུག་གི་ཤེས་ཡོན་སློབ་གསོའི་ཐོག་ཏུ་ཕ་མ་ཚོར་ཐེ་ཇུས་བྱེད་ཆོག་པའི་འགན་དབང་ཅི་ཙམ་ཡོད་མེད། ཨ་རིའི་རྒྱལ་ཡོངས་སུ་རླངས་འཁོར་གྱི་སྣུམ་རིན་དང་ཟས་སོང་གི་རིན་གོང་འཕར་གྱི་ཡོད་པ་བཅས་ལ་གཞིགས་ནས་ཨ་རིའི་མི་མང་གིས་འོས་ཤོག་འཕངས་ཡོད་པ་རེད།།

༢༠༢༠་ལོའི་སྲིད་འཛིན་འོས་འདེམས་སྐབས་སུ་ཝིར་ཇཱི་ཎི་ཡ་དང་ནེའུ་འཇར་སི་མངའ་སྡེའི་འོས་ཤོག་རྣམས་ཀར་ཇཱོ་བྷ་ཌན་ལ་དཀའ་ངལ་མེད་པར་ཐོབ། ད་ལྟ་ལོ་གཅིག་གི་རྗེས་སུ་ཝིར་ཇཱི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་འོས་འདེམས་སྐབས་སུ་དམངས་གཙོ་ཚོགས་པར་ཕམ་ཉེས་བྱུང་། ཨ་རིའི་སྲིད་དོན་ཉམས་ཞིབ་པ་མང་ཆེ་བས་ལོ་རྗེས་མར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་དམངས་གཙོ་ཚོགས་པར་འཐུས་མི་གྲངས་མང་གི་གདན་གྲངས་བསྐྱར་དུ་འཐོབ་ཐུབ་རྒྱུ་ཁག་པོ་ཡིན་པའི་ཚོད་དཔག་བྱེད་དགོས་པ་ཞིག་ཏུ་གྱུར། ཁ་སང་གི་ཝིར་ཇཱི་ཎི་ཡའི་འོས་འདེམས་གྲུབ་འབྲས་ལ་གཞིགས་ན་༢༠༢༠་ལོར་ཌོ་ནལ་ཊམ་ལ་འོས་ཤོག་མ་འཕངས་པར་ཇཱོ་བྷ་ཌན་ལ་རྒྱབ་སྐྱོར་བྱེད་མཁན་མང་ཆེ་བས་སྤྱི་མཐུན་ཚོགས་པའི་འོས་མི་དབྱང་ཁིན་ལ་འོས་ཤོག་འཕངས་ཡོད་ཅིང་། རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འཁོར་དུ་ཆགས་པའི་ཧྥེར་ཧྥེཀ་སི་ས་གནས་ཀྱི་ཡུལ་མི་ཇཱེ་ཀོབ་མེཀ་མཱིན་ཞེས་པའི་འོས་ཤོག་འཕེན་མཁན་ཞིག་གིས་དམངས་གཙོ་ཚོགས་པའི་སྤྱི་ཁྱབ་འོས་མིས་སྤྱི་མཐུན་ཚོགས་པའི་འོས་མི་དབྱང་ཁིན་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་རྗེས་འབྲང་བ་རེད་ཅེས་སྐྱོན་འཛུགས་བྱས་པ་དེར་རྒྱུ་མཚན་མི་འདུག ངས་སྤྱི་མཐུན་ཚོགས་པའི་སྤྱི་ཁྱབ་འོས་མིར་འོས་ཤོག་འཕངས་པ་ཡིན་ཞེས་བཤད། ཁ་སང་གི་འོས་འདེམས་སྐབས་སུ་ཝིར་ཇཱི་ཎི་ཡ་མངའ་སྡེའི་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་བ་གྲངས་མང་ཡོད་སའི་ས་གནས་ཁག་ཏུ་དམངས་གཙོ་ཚོགས་པའི་མངའ་སྡེའི་སྤྱི་ཁྱབ་འོས་མིར་འོས་ཤོག་ཐོབ་མེད་པ་རེད།།

སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ངའི་རྒྱབ་སྐྱོར་བ་ཚོས་འོས་ཤོག་འཕངས་ནས་གྷ་ལན་དབྱང་ཁིན་ལ་ཝིར་ཇཱི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་རེད། ཁྱེད་ཚོས་འོས་ཤོག་འཕངས་ནས་རྒྱབ་སྐྱོར་བྱས་མེད་ན་དབྱང་ཁིན་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་རྒྱུ་ཁག་པོ་རེད། རྣམ་པ་ཚོས་འོས་ཤོག་འཕངས་པར་བཀའ་དྲིན་ཆེ་ཞེས་དབྱང་ཁིན་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པའི་བྱས་རྗེས་རྣམས་ཌོ་ནལ་ཊམ་གྱིས་བླངས་མོད། འོན་ཀྱང་གྷ་ལན་དབྱང་ཁིན་གྱིས་ང་ཚོ་ཚང་མས་དཀའ་ལས་བརྒྱབ་ནས་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་རེད། འདི་ནི་ཝིར་ཇཱི་ཎི་ཡ་མངའ་སྡེའི་ཁ་ཕྱོགས་སྒྱུར་བའི་དུས་སྐབས་ཤིག་ཡིན་པ་དང་ང་ཚོས་ཉིན་དང་པོ་ནས་རླབས་ཆེན་གྱི་མངའ་སྡེ་འདིར་འགྱུར་བ་གཏོང་རྒྱུ་ཡིན་ཞེས་རང་གི་རྒྱབ་སྐྱོར་བ་ཚོར་གཏམ་བཤད་བྱས་ནས་ཌོ་ནལ་ཊམ་དང་རྒྱང་ཐག་རིང་དུ་བཏང་འདུག ཝིར་ཇཱི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་གཞོན་པ་དང་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པའི་ས་མིག་ཁག་ལའང་སྤྱི་མཐུན་ཚོགས་པའི་འོས་མི་ཚོར་འོས་ཤོག་འཐོབ་ཀྱི་ཡོད་པར་མ་ཟད། མངའ་སྡེའི་གྲོས་ཚོགས་འོག་མར་དམངས་གཙོ་ཚོགས་པར་འཐུས་མི་གྲངས་མང་ཡོད་པ་རྒྱུན་སྐྱོང་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག མདོར་ན་༢༠༠༩་ནས་ཝིར་ཇཱི་ཎི་ཡ་མངའ་སྡེའི་འོས་འདེམས་ཁག་ཏུ་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་མྱོང་མེད་པ་ཞིག་མདང་དགོང་ཐོབ་འདུག

ཉེན་རྟོག་སྒྲིག་འཛུགས་མེད་པར་གཏོང་དགོས་པའི་ལས་འགུལ་བ།
ཉེན་རྟོག་སྒྲིག་འཛུགས་མེད་པར་གཏོང་དགོས་པའི་ལས་འགུལ་བ།

སྔ་ལོ་མཱི་ཎི་སོ་ཊ་མངའ་སྡེའི་མཱི་ཎི་ཨ་པོ་ལི་སི་གྲོང་ཁྱེར་གྱི་ཉེན་རྟོག་པ་ཚོས་འཇོར་ཇཱི་ཧྥུ་ལོ་དབྱི་ཌི་ཞེས་པའི་མི་རིགས་ནག་པོ་ཞིག་བསད་ནས་བཟུང་། ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་འཐུས་མི་ཨིལ་ཧན་ཨོ་མར་དང་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པ་ཁེ་ཐི་ཨེ་ལི་སན་སོགས་ཀྱིས་གྲོང་ཁྱེར་དེའི་ཉེན་རྟོག་སྒྲིག་འཛུགས་མེད་པར་བཏང་སྟེ་སྤྱི་དམངས་བདེ་འཇགས་ལས་ཁུངས་ཞེས་པ་ཞིག་གསར་འཛུགས་བྱེད་དགོས་པའི་གྲོས་གཞི་བཏོན། ཡིན་ནའང་མཱི་ཎི་སོ་ཊ་མངའ་སྡེའི་མི་དམངས་ཀྱིས་ཉེན་རྟོག་སྒྲིག་འཛུགས་བསྡུ་གསོག་རྒྱག་རྒྱུ་དེར་མོས་མཐུན་མེད་ཅེས་འོས་ཤོག་འཕངས། མཱི་ཎི་སོ་ཊ་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་དཔོན་བྷུ་ལུ་མན་ཐེལ་གྱིས་བག་ཡངས་རིང་ལུགས་པ་ཚོས་འགྱུར་བཅོས་ཀྱི་འབད་བརྩོན་བྱས་སོ་ཅོག་ལ་གྲུབ་འབྲས་ཐོན་མེད་པའི་ལོ་རྒྱུས་ཀྱི་ཉམས་མྱོང་རྣམས་ང་ཚོས་ངེས་པར་དུ་ཤེས་དགོས་ཞེས་བསྟན། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་དང་སྤྱི་མཐུན་ཚོགས་པས་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་ཨ་རིའི་ཉེན་རྟོག་པའི་སྒྲིག་འཛུགས་མེད་པར་གཏོང་རྒྱུ་དང་ཉེན་རྟོག་པའི་སྒྲིག་འཛུགས་ལ་འགྲོ་གྲོན་གཅོད་ཀྱི་ཡོད་པ་རེད་ཅེས་དྲིལ་བསྒྲགས་བྱས་ནས་བག་ཆགས་ངན་པ་ཞིག་བཞག དམངས་གཙོ་ཚོགས་པའི་ཡར་ཐོན་གྱི་ལྟ་བ་འཛིན་པའི་འཐུས་མི་ཚོའི་ལངས་ཕྱོགས་དེར་ཨ་རིའི་མི་དམངས་བྱིངས་ཀྱིས་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མེད་པ་རེད།།

XS
SM
MD
LG