ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༨

བྷ་ཌན་དང་ཞིའི་མཇལ་འཕྲད་གྲུབ་རྗེས་སྤྱི་མཐུན་ཚོཊ་པའི་མི་ཚོས་བྷ་ཌན་ལ་སྐྱོན་བརྗོད།


གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་དོ་སྣང་བྱ་ཡུལ་དུ་གྱུར་བའི་ཨ་རྒྱ་གཉིས་ཀྱི་དབུ་ཁྲིད་གདན་ཐོག་གཅིག་ཏུ་འཛོམས་ཏེ། མཇལ་འཕྲད་གྲོས་མོལ་གནང་ཐད་དགོངས་བཟང་མཐོ་སྒྲོན་གྱིས་དགེ་མཚན་ཡོད་པའི་རྣམ་འགྱུར་འཛིན་བཞིན་པ་དེ་ལྟར་ཡང་། རྒྱལ་ཁབ་ཕྱོགས་གཉིས་དབར་ལ་རྒྱུ་ཆུང་རྐྱེན་ཆེ་ཆགས་གཞིའི་རྙོག་ཟིང་ཇི་སྙེད་ཅིག་ཡོད་པའང་གསལ་སྟོན་གནང་ཡོད་པ་རེད།

སྤྱིར་ཝ་ཤིན་ཊོན་དང་པེ་ཅིང་གཉིས་དབར་ཐེ་ཝན་གྱི་གནད་དོན་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། རྒྱ་ནག་གིས་ལུགས་མཐུན་མ་ཡིན་པའམ་ཁྲིམས་འགལ་གྱི་སྒོ་ནས་བཀག་ཉར་བྱས་ཡོད་པའི་ཨ་མེ་རི་ཀའི་མི་སེར་གྱི་གནད་དོན་ཚུད་པའི་འཁྲུག་རྐྱེན་སློང་གཞིའི་གནད་དོན་རིམ་པ་བསྟར་ཆགས་སུ་གནས་ཡོད་ཀྱང་། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་བར་ཡོངས་གྲགས་ཀྱི་ཐོག་ནས་ལེགས་ལམ་གང་ཆགས་ཀྱི་འབྲེལ་འདྲིས་གྲོས་མོལ་གནང་རྒྱུ་དེ་བཞིན་གལ་འགངས་ཆེན་པོ་ཡིན་པ་རེད་ཅེས་གྲོས་ཚོགས་གོང་མའི་ཕྱི་སྲིད་ལྷན་ཚོགས་ཀྱི་དམངས་གཙོ་ཚོགས་པས་སྤེལ་བའི་གསལ་བསྒྲགས་ཤིག་ཏུ་དེ་ལྟར་འཁོད་ཡོད་ཅིང་། ཁུར་བསམ་རྣམ་དག་གི་སྒོ་ནས་ཨ་མེ་རི་ཀ་དང་རྒྱ་ནག་བར་གྱི་འབྲེལ་ལམ་ལ་དོ་ཁུར་གནང་བ་དེས་ཨ་མེ་རི་ཀ་དང་འཛམ་གླིང་གང་སར་གནས་འཁོད་ཨ་རིའི་མཐུན་གྲོགས་དང་མཉམ་ལས་ཀྱི་ཟླ་གྲོགས་ཀུན་ལ་གལ་འགངས་ཤིན་ཏུ་ཆེན་པོ་རེད་ཅེས་ཀྱང་བརྗོད་འདུག

དེ་ལྟར་དམངས་གཙོ་ཚོགས་པའི་མི་ཚོས་རྒྱབ་སྐྱོར་གྱི་སྐད་སྒྲ་ཨ་སྔོན་དགུང་དང་མཉམ་བཞིན་པའི་སྐབས་སུ། སྤྱི་མཐུན་སྲིད་དོན་ཚོགས་པའི་མི་མང་ཆེ་བས་བྷ་ཌན་དང་ཞི་ཅིན་ཕིང་གི་མཇལ་འཕྲད་དེར་བློ་ཕམ་དང་སྐྱོན་བརྗོད་ཀྱི་རྣམ་འགྱུར་ཤུགས་ཆེ་བསྟན་དང་སྟོན་མུས་ཡིན་པར་མ་ཟད། དེ་དང་དུས་མཚུངས་སུ་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་དབར་གྲོས་འཆམ་བྱུང་བའི་མཉམ་རུབ་ཀྱི་གཞི་མཐུན་དེ་ནི་དོན་གྱི་སྙིང་པོས་སྟོང་བ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཅིང་། ཨ་རིའི་མངའ་སྡེ་ཐེན་ནཱ་ཞི་ནས་ཡིན་པའི་གྲོས་ཚོགས་གོང་མའི་སྤྱི་མཐུན་སྲིད་དོན་ཚོགས་པའི་འཐུས་མི་ཧ་གྷར་ཐེ་ལགས་ཀྱིས་ཨ་རྒྱ་གཉིས་བར་གྱི་འབྲེལ་འདྲིས་ནི་འདྲ་མཉམ་མ་ཡིན་པར་ཞིག་ལ་ངོས་འཛིན་གནང་འདུག

དེ་བཞིན་གྲོས་ཚོགས་གོང་མའི་ཕྱི་སྲིད་ལྷན་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་འཐུས་མི་ཇིམ་རི་ཆི་ལགས་ཀྱིས་རེས་གཟའ་ཕུར་བུའི་ཉིན་ལ་ཡིག་ཐོག་ནས་སྤེལ་བའི་གསལ་བསྒྲགས་ཤིག་ལས། སྲིད་འཛིན་བྷ་ཌན་གྱིས་སླར་ཡང་ཨ་མེ་རི་ཀའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁེ་ཕན་ལ་གནོད་པ་བསྐྱལ་སོང་ཞེས་ཐད་ཀར་སྐྱོན་བརྗོད་གནང་བ་ཙམ་དུ་མ་ཟད། དེ་དང་ཆབས་ཅིག་སྲིད་དོན་ཚོགས་པ་གཉིས་དབར་རྒྱ་ནག་གི་གནད་དོན་ཐད་མཉམ་ལས་བྱ་སའི་སྟོང་ཆ་ཇེ་ཆུང་དུ་བཏང་སོང་ཞེས་བརྗོད་འདུག། ཨ་རིའི་ཨེ་ཌ་ཧོ་མངའ་སྡེའི་གྲོས་ཚོགས་གོང་མའི་སྤྱི་མཐུན་སྲིད་དོན་ཚོགས་པའི་འཐུས་མི་ཡིན་པའི་རི་ཆི་ལགས་ཁོང་གིས་རྒྱ་ནག་ནི་རྒྱུན་ལྡན་གྱི་རྒྱལ་ཁབ་ཅིག་མ་རེད། བཙན་འཛུལ་གྱི་རང་བཞིན་ལྡན་པའི་རྒྱལ་ཁབ་ཅིག་རེད་ཅེས་དང་། བྷ་ཌན་གྱིས་ཞི་ཅིན་ཕིང་མདུན་ནས་དཔའ་ཞུམ་འགྲོ་ཡི་འདུག། དེར་བརྟེན་ནས་དོན་མེད་ཀྱི་ལས་དོན་སྒྲིག་འཛུགས་དང་འབྲེལ་འདྲིས་སྒྲིག་གཞི་ལམ་ལྷོང་ཡོང་ཐབས་བྱེད་ཀྱི་འདུག། ཅེས་བརྗོད་འདུག

ཡང་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལྷན་ཚོགས་ཀྱི་འགན་འཛིན་མའེ་ཁེལ་མཱ་ཁུལ་ལགས་ཀྱིས་རེས་གཟའ་ཕུར་བུའི་ཉིན་ལ་གསལ་བསྒྲགས་སྤེལ་བ་ལས། བྷ་ཌན་འཛིན་སྐྱོང་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པ་དང་མཉམ་དུ་ངལ་བ་འབྲས་མེད་ཀྱི་ཚོགས་འདུ་བསྡུས་པར་བློ་ཕམ་ཡོད་ཅེས་གསུངས་ཡོད་ཅིང་། ཁོང་གིས་ད་ལན་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་མཇལ་མོལ་དེ་ནི་ཤ་ཁྱི་རྐང་པ་ཚ་རོགས་དང་ཇོ་ལགས་སྐུ་ཐང་མཉེལ་རོགས་ཙམ་ཞིག་ཏུ་ངོས་འཛིན་གནང་ཡོད་པ་དང་། ཁོང་གིས་ཆེས་མཐོའི་ཚོགས་འདུ་འདི་བཞིན་བསྐངས་ཀྱང་ལན་འདེབས་ཚུལ་བཞིན་མེད་པར་མ་ཟད། དོན་མཐུན་གྱི་འབྲས་བུ་འདོད་བློ་ཁེངས་པ་ཞིག་ཀྱང་བྱུང་མེད་གཤིས། དེ་ལས་ཀྱང་ཉེན་ཚབས་ཆེ་བ་ཞིག་ལ་ཆུ་ངན་ལམ་ཞུགས་ཀྱི་སྤྱན་ལྟོས་ངན་པའི་སྔར་མེད་སྲོལ་གསར་གཏོད་དེ། ཨ་མེ་རི་ཀའི་ངང་ཚུལ་དེ་བཞིན་གཉོད་ཆུང་ནུས་མེད་ཀྱི་རྣམ་པར་བསྒྱུར་སོང་། ཞེས་སྐྱོན་བརྗོད་གནང་འདུག།

XS
SM
MD
LG