ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༦/༡༧

ཆབ་སྲིད་བཙོན་པ་རྣམས་ལ་གདུང་སེམས་བསྐྱེད་ཀྱི་བཞུགས་མོལ།


བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་རྒྱལ་སྤྱིའི་ཉིན་མོ་དང་སྟབས་བསྟུན་ནས་རྒྱའི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་དང་། དེ་བཞིན་གར་སོང་ཆ་མེད་དུ་གྱུར་བའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཁག་ཅིག་གདན་ཞུས་ཀྱིས་ཕྱི་ཟླ་ ༨ ཚེས་ ༣༠ ཉིན་རྡ་ས་ནོར་བུ་གསོལ་མགྲོན་ཁང་དུ་རྒྱ་ནག་གཞུང་གི་བཙོན་འོག་ཏུ་ཚུད་པའི་བོད་མི་རྣམ་པས་སྡུག་སྦྱོང་མནར་གཅོད་ཇི་ལྟར་མྱངས་ཡོད་པ་དང་། དེ་བཞིན་རྒྱ་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་མི་ཉུང་བ་ཞིག་གར་སོང་ཆ་མེད་དུ་བཏང་བའི་བྱེད་བབ་སོགས་ཀྱི་སྐོར་ལ་དངོས་མྱོང་གཞི་གཞག་གི་བཞུགས་མོལ་ལས་རིམ་ཞིག་གོ་སྒྲིག་ཞུས་གནང་སོང་།


བཞུགས་མོལ་ནང་བཞུགས་སྒར་ཁུལ་དུ་ཡོད་པའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། མཐོ་སློབ་ཁག་ཅིག་གི་སློབ་མ་སོགས་མི་ཉུང་བ་ཞིག་མཉམ་བཞུགས་གནང་འདུག་ལ། སྐབས་དེའི་ཐོག་བཀའ་མོལ་གནང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་འདུན་རིན་ཆེན་ལགས་དང་། རྒན་ངག་དབང་འོད་འབར་ལགས། དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་བཅས་རྣམ་པ་གསུམ་གྱིས་རྒྱ་གཞུང་གི་བཙོན་ཁང་ནང་མྱངས་པའི་དཀའ་སྡུག་དང་མཐོང་ཐོས་བྱུང་རིགས། གར་སོང་ཆ་མེད་དུ་ཕྱིན་པའི་གནས་ཚུལ། དེ་བཞིན་གཞིས་ལུས་བོད་མི་རྣམ་པའི་འཐབ་རྩོད་སྤྱིའི་བྱུང་རིམ་དང་དཀའ་སྡུག་སོགས་ཀྱི་སྐོར་ལ་གླེང་མོལ་གནང་སོང་།

དེ་བཞིན་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་འགན་འཛིན་དབང་ལྡན་སྐྱབས་ལགས་ཀྱིས་རྒྱ་ནག་གཞུང་གི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱོང་མཁན་བོད་ཀྱི་ཆབ་སྲིད་བཙོན་པ་སྤྱིའི་གནས་སྟངས་གསལ་བཤད་དང་འབྲེལ་ཏེ། རྒྱ་ནག་གི་གསང་བའི་མི་སྣས་འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་པ་ཡིན་པ་ཕལ་ཆེ་བ་གར་སོང་ཆ་མེད་དུ་འགྲོ་གི་ཡོད་པ་མ་ཟད། རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ནང་སྤྱི་དམངས་ཀྱི་རང་དབང་དང་ཐོབ་ཐང་སོགས་ཁ་གསལ་བཀོད་ཡོད་ཀྱང་རྒྱ་གཞུང་གིས་དེ་དག་ལག་བསྟར་མི་བྱེད་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་རྒྱ་གཞུང་རང་གི་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས། རྒྱལ་སྤྱིའི་ཁྲིམས་སོགས་གང་རུང་བརྩི་མེད་རྡོག་རོལ་གཏོང་གི་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།


དེ་དང་ཕྱོགས་མཚུངས་ད་རེས་ཀྱི་བཞུགས་མོལ་ལས་རིམ་ཐོག་བསྟི་གནས་ཁང་གིས་དེ་རིང་གི་ཉིན་མོ་དང་བསྟུན་ནས་གསར་འགོད་བསྒྲགས་གཏམ་ཞིག་ཀྱང་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་མི་གང་བྱུང་འཛིན་བཟུང་བྱས་པ་རྣམས། མནར་གཅོད་མྱོང་མི་དགོས་པའི་ཐོབ་ཐང་དང་། ཚེ་སྲོག་གི་ཐོབ་ཐང་སོགས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གི་དོན་ཚན་གཙོ་བོ་ཁག་དང་ཡོངས་སུ་འགལ་ཏེ་གར་སོང་ཆ་མེད་དུ་བཏང་དང་གཏོང་བཞིན་པའི་བྱེད་བབ་དེ་དག་འཕྲལ་དུ་འཚམས་འཇོག་དགོས་པའི་དགོས་འདུན་དང་། མ་ཟད་རྒྱ་ནག་གཞུང་གིས་ངེས་པར་དུ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ལ་མཚན་འགོད་དང་ལག་བསྟར་ཁས་ལེན་བྱས་ཏེ་ད་བར་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་སོགས་ཀྱང་ཞུས་གནང་སོང་།


གཞན་ཡང་ཉིན་མོ་འདི་དང་བསྟུན་ནས་བསྟི་གནས་ཁང་གིས་ཉམས་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བའི་ད་ལྟའི་ཆར་རྒྱའི་བཙོན་འོག་ཏུ་གར་སོང་ཆ་མེད་དུ་སོང་བའི་བོད་ཀྱི་སྐད་ཡིག་ལས་འགུལ་བ་དང་། དགེ་རྒན། རྩོམ་པ་པོ། སྒྱུ་རྩལ་བ་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམ་པའི་གནས་བབ་གསལ་འདོན་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ། རྒྱ་ནག་གཞུང་ལ་གར་སོང་ཆ་མེད་དུ་སོང་བའི་བོད་ཀྱི་ཆབ་སྲིད་བཙོན་པ་དེ་རྣམས་ཀྱི་གནས་སྟངས་ཇི་ཡིན་གྱི་དྲི་བ་བཅས་འཁོད་ཕའི་བརྙན་ཐུང་ཞིག་ཀྱང་བསྟན་གནང་སོང་།


གཞི་རྩའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས་ཉམས་ཞིབ་བྱས་པ་བརྒྱུད། བསྟི་གནས་ཁང་རང་ནས་ད་བར་ཤེས་རྟོགས་བྱུང་བ་བོད་ཀྱི་ཆབ་སྲིད་བཙོན་པ་ ༥༦༠༠ ལྷག་བྱུང་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༨ ལོ་ནས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པའི་གྲངས་ ༡༠༠ ལྷག་ཤེས་རྟོགས་བྱུང་བའི་ནང་ནས་བོད་ཀྱི་ཆབ་སྲིད་བཙོན་པ་ ༦༠ ལྷག་ཙམ་ཞིག་ད་ལྟའི་ཆར་རྒྱའི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་སྟངས་ཆགས་ཡོད་པ་སོགས་ཀྱང་ཉི་མ་འོད་ཟེར་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་། །

XS
SM
MD
LG