ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

པེ་ཅིང་དུ་ཞི་ཅིན་ཕིང་ལ་ཡོངས་བསྒྲགས་ངོ་རྒོལ་གྱི་གནས་ཚུལ་བྱུང་བ།


དེ་རིང་པེ་ཅིང་གྲོང་ཁྱེར་གྱི་གཞུང་ལམ་ཟམ་ཆེན་ཞིག་གི་ཐོག་མི་གཅིག་གིས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ཡིག་ཆེན་བཀོད་པའི་འཕྲེད་དར་ཆེན་པོ་གཉིས་བཤམས་ཡོད་པ་མ་ཟད་མི་དེས་རྒྱང་བསྒྲགས་ཐོག་འཕྲེད་དར་ཐོག་གི་འབོད་ཚིག་རྣམས་སྐད་ཤུགས་ཆེན་པོས་བསྒྲགས་འདུག

རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་འཕྲེད་དར་བཀལ་བར་མ་ཟད་རྒྱང་བསྒྲགས་ཐོག་སྐད་འབོད་ཀྱི་གནས་ཚུལ་ཞིག་བྱུང་འདུག

རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་ཐོན་པའི་བརྙན་པར་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཐོག་ཐོན་པའི་གནས་ཚུལ་ལ་གཞིགས་ན། དེ་རིང་པེ་ཅིང་གྲོང་ཁྱེར་གྱི་གཞུང་ལམ་ཟམ་ཆེན་ཞིག་གི་ཐོག་མི་གཅིག་གིས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ཡིག་ཆེན་བཀོད་པའི་འཕྲེད་དར་ཆེན་པོ་གཉིས་བཤམས་ཡོད་པ་མ་ཟད་མི་དེས་རྒྱང་བསྒྲགས་ཐོག་འཕྲེད་དར་ཐོག་གི་འབོད་ཚིག་རྣམས་སྐད་ཤུགས་ཆེན་པོས་བསྒྲགས་འདུག

འཕྲེད་དར་ཐོག་ང་ཚོར་ནད་དུག་བརྟག་དཔྱད་མི་དགོས་ཁ་ལག་དགོས། ང་ཚོར་སྒོ་རྒྱ་དམ་བསྒྲགས་མི་དགོས་རང་དབང་དགོས། ང་ཚོར་རིག་གནས་གསར་བརྗེ་མི་དགོས་བཅོས་སྒྱུར་དགོས། ང་ཚོར་རླབས་ཆེན་གཙོ་འཛིན་མི་དགོས་འོས་ཤོག་དགོས་སོགས་དང་། ཡང་འཕྲེད་དར་གཞན་ཞིག་གི་ཐོག་སློབ་མཚམས་འཇོག ལས་མཚམས་འཇོག སྲིད་དབང་སྒེར་གཅོད་པ་དང་རྒྱལ་འཚོང་པ་ཞི་ཅིན་ཕིང་མེད་པ་བཟོ་དགོས་ཞེས་བྲིས་ཡོད་འདུག

རྒྱ་ནག་སྤྱི་དང་ལྷག་པར་དུ་རྒྱལ་ས་པེ་ཅིང་དུ་ཡོངས་བསྒྲགས་སྒོས་ཞི་ཅིན་ཕིང་ལ་དེ་ལྟར་ངོ་རྒོལ་བྱས་པའི་གནས་ཚུལ་ཧ་ཅང་དཀོན་པོ་ཡིན་པ་མ་ཟད། དེང་སྐབས་རྒྱ་ནག་དམར་ཤོག་ཚོགས་ཆེན་འཚོགས་ཉེ་བའི་སྐབས་འདིར་པེ་ཅིང་ནང་དམ་དྲག་ཧ་ཅང་ཆེན་པོ་ཡོད་པས། དེ་རིང་པེ་ཅིང་གྲོང་ཁྱེར་གྱི་གཞུང་ལམ་གཙོ་བོ་ཞིག་གི་ཐོག་གནས་ཚུལ་དེ་འདྲ་ཞིག་བྱུང་ཡོད་པ་དེར་མི་མང་གིས་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་འདུག

གནས་ཚུལ་བྱུང་བའི་སྐབས་ཟམ་པའི་སྒང་ནས་དུ་ཞགས་ནག་པོ་ཞིག་ཀྱང་མཐོང་རྒྱུ་འདུག་ཀྱང་རྒྱུ་རྐྱེན་གང་ཡིན་པ་ད་ལྟའི་ཆར་གསལ་པོ་མེད་པ་དང་། ངོ་རྒོལ་བྱེད་མཁན་དེ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་མི་དེའི་མིང་དང་རྒྱབ་ལྗོངས་སོགས་ཤེས་རྟོགས་མེད་པ་རེད།།

XS
SM
MD
LG