ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧྥ་རན་སིའི་དགེ་རྒན་ཞིག་ཁ་ཆེའི་སློབ་ཕྲུག་ཅིག་གིས་བསད་པར་ངོ་རྒོལ། 


ཧྥ་རན་སིའི་གྲོང་ཁྱེར་ཁག་ཏུ་མི་མང་སྟོང་ཕྲག་མང་པོ་འདུས་ནས་ང་སཱེམ་མུལ་ཡིན།   ང་དགེ་རྒན་ཞིག་ཡིན་ཞེས་ཡིག་བྱང་བཟུང་ནས་ངོ་རྒོལ་བྱས།
ཧྥ་རན་སིའི་གྲོང་ཁྱེར་ཁག་ཏུ་མི་མང་སྟོང་ཕྲག་མང་པོ་འདུས་ནས་ང་སཱེམ་མུལ་ཡིན།   ང་དགེ་རྒན་ཞིག་ཡིན་ཞེས་ཡིག་བྱང་བཟུང་ནས་ངོ་རྒོལ་བྱས།

༄༅།། ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་ལོ་ན་༤༧་ལ་སོན་པའི་ལོ་རྒྱུས་དང་ས་རྒྱུས་དགེ་རྒན་ཞིག་ལོ་ན་༡༨་ལ་སོན་པའི་ཁ་ཆེའི་སློབ་ཕྲུག་ཅིག་གིས་སྐེ་བཅད་ནས་དམར་གསོད་བྱས་པར་རྒྱལ་ཡོངས་སུ་ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་ལ་ངོ་རྒོལ་དང་དགེ་རྒན་འདས་པོ་དེར་མྱ་ངན། ཧྥ་རན་སིའི་གྲོང་ཁྱེར་ཁག་ཏུ་མི་མང་སྟོང་ཕྲག་མང་པོ་འདུས་ནས་ང་སཱེམ་མུལ་ཡིན། ང་དགེ་རྒན་ཞིག་ཡིན་ཞེས་ཡིག་བྱང་བཟུང་ནས་ངོ་རྒོལ་བྱས་འདུག ཁ་སང་གཟའ་ཉི་མའི་ཉིན་ཧྥ་རན་སིའི་སྲིད་བློན་ཡང་ངོ་རྒོལ་ཁྲོམ་སྐོར་དེར་ཞུགས། ད་སྔ་ཧྥ་རན་སིའི་གཞུང་གིས་ལོ་རྒྱུས་དགེ་རྒན་ཞིག་དམར་གསོད་བྱུང་བ་དེར་འབྲེལ་བ་ཡོད་པའི་མི་༡༡་འཛིན་བཟུང་བྱས་པ་དང་ཁ་ཆེ་དྲག་ཐལ་པ་༢༣༡་ཧྥ་རན་སི་ནས་ཕྱིར་ཕུད་གཏོང་རྒྱུའི་ཐག་བཅད། ཧྥ་རན་སིའི་དགེ་རྒན་དེས་སློབ་ཁྲིད་དུས་སུ་ཁ་ཆེའི་སྟོན་པ་མྷོ་མེ་ཐེའི་འདྲ་པར་བྲིས་མ་ཞིག་བསྟན་ནས་སློབ་ཁྲིད་བྱས་པས་ཁ་ཆེའི་སློབ་ཕྲུག་ཚོར་ཕོག་ཐུག་བྱུང་ནས་དགེ་རྒན་དེའི་སྐེ་བཅད་ནས་དམར་གསོད་བྱས་ཤིང་། དེར་བརྟེན་ཧྥ་རན་སི་རྒྱལ་ཡོངས་སུ་མི་མང་གིས་གཏམ་བརྗོད་རང་དབང་དགོས་ཞེས་ངོ་རྒོལ་ཁྲོམ་སྐོར་བྱ་རྒྱུ་མགོ་བརྩམས། ཉེ་བའི་ལོ་ཤས་རིང་དུ་ཧྥ་རན་སིར་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པ་ཚོས་གཏོར་རྒོལ་ལན་མང་བྱས་པ་རྣམས་སླར་ཡང་དྲན་སྐུལ་ཐེབས་འདུག

ཧྥ་རན་སིའི་ནང་ཕྱི་ཚེས་༡༨་ཉིན་གྱི་མྱ་ངན་དང་སྨྲ་བརྗོད་རང་དབང་གི་རྔམ་སྟོན་ཁྲོམ་སྐོར།
ཧྥ་རན་སིའི་ནང་ཕྱི་ཚེས་༡༨་ཉིན་གྱི་མྱ་ངན་དང་སྨྲ་བརྗོད་རང་དབང་གི་རྔམ་སྟོན་ཁྲོམ་སྐོར།

ཁ་སྔོན་གཟའ་པ་སངས་ཀྱི་ཕྱི་དྲོར་ལོ་ན་༤༧་ལ་སོན་པའི་རྒྱལ་ས་ཧྥེ་རི་སིའི་གྲོང་འདབས་ས་ཁུལ་ཞིག་གི་ལོ་རྒྱུས་དང་ས་རྒྱུས་དགེ་རྒན་སཱེམ་མུལ་ཕེ་ཊི་ཞེས་པ་ཞིག་སློབ་གྲྭ་གྲོལ་ནས་རང་ཁྱིམ་དུ་ཕྱིར་ལོག་བྱེད་བཞིན་པའི་ལམ་དུ་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་སྐྱེས་པའི་ཆེ་ཆི་ཎི་ཡའི་སྐྱབས་བཅོལ་བ་ཨབ་དྷུ་ལཀ་ཨེ་ཞེས་པའི་སློབ་ཕྲུག་ཅིག་གིས་དགེ་རྒན་གྱི་སྐེ་བསད་ནས་བསད། ཟླ་བ་འདིའི་མགོ་སྟོད་དེར་དགེ་རྒན་དེས་འཛིན་གྲྭའི་ནང་དུ་སློབ་ཕྲུག་ཚོར་ཁ་ཆེའི་སྟོན་པ་མྷོ་མེ་ཐེའི་འདྲ་པར་བྲིས་མ་ཞིག་བསྟན་ནས་སློབ་ཚན་ཁྲིད། ཁ་ཆེ་ཚོས་རང་གི་ཆོས་ཁྲིམས་སུ་སྟོན་པ་མྷོ་མེ་ཐེའི་འདྲ་པར་རི་མོར་འབྲི་མི་ཆོག་ཅེས་བཀོད་ཡོད་པའི་ཁྲིམས་ལ་འགལ་སོང་ཞེས་སློབ་ཕྲུག་ཁག་ཅིག་གི་ཕ་མ་ཚོར་ཕོག་ཐུག་ཆེན་པོ་བྱུང་། སློབ་ཕྲུག་ཅིག་གི་ཨ་ཕས་དགེ་རྒན་དེས་སློབ་ཕྲུག་ཚོར་སྐྱེས་པ་གཅེར་བུ་ཞིག་གི་འདྲ་པར་བྲིས་མ་ཞིག་བསྟན་ནས་འདི་ནི་ཁ་ཆེའི་སྟོན་པ་མྷོ་མེ་ཐེ་རེད། གལ་སྲིད་ཁ་ཆེའི་སློབ་ཕྲུག་ཚོ་འདྲ་པར་བྲིས་མ་འདིར་ལྟ་འདོད་མེད་ན་འཛིན་གྲྭའི་ནང་ནས་ཕྱི་ལ་འགྲོ་ཆོག་ཅེས་སློབ་ཁྲིད་བྱས་པ་རེད་ཟེར་བའི་བརྙན་ཐུང་ཞིག་ཡུ་ཊུབ་དྲྭ་ལམ་དུ་བཀྲམ། དེ་ནས་བཟུང་སྟེ་ཧྥ་རན་སིའི་ཁ་ཆེ་དྲག་ཐལ་པ་ཚོས་དགེ་རྒན་དེ་གསོད་དགོས་ཀྱི་འདུག ཁོ་པ་གཏུབ་དགོས་ཀྱི་འདུག་ཅེས་དམིགས་འབེན་དུ་བཟུང་ནས་ངོ་དེབ་སོགས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ཏུ་ངན་སྐུལ་བྱ་རྒྱུ་འགོ་ཚུགས། གཟའ་པ་སངས་ཀྱི་ཕྱི་དྲོར་སློབ་ཕྲུག་དེས་དགེ་རྒན་གྱི་སྐེ་བཅད་ནས་བསད། ཁོ་པས་སྐར་མ་འགའ་ཞིག་གི་རྗེས་སུ་དགེ་རྒན་དེའི་མགོ་དང་ལུས་པོ་གཉིས་པར་བརྒྱབ་ནས་ཊོས་ཊར་དྲྭ་ལམ་དུ་བཀྲམ་ནས་ངས་དམྱལ་བའི་ནང་གི་ཁྱི་རྒན་ཞིག་ཁ་ཆེའི་སྟོན་པའི་དོན་དུ་བསད་པ་ཡིན་ཞེས་འཕྲིན་ཐུང་ཞིག་སྤེལ། ཧྥ་རན་སིའི་འཇིགས་སྐུལ་གཏོར་རྒོལ་ཉེན་རྟོག་པས་སློབ་ཕྲུག་དེར་དམེ་གྲི་སར་གཡུགས་ནས་མགོ་སྒུར་དགོས་ཞེས་བཀའ་བཏང་རུང་སློབ་ཕྲུག་དེས་མ་མཉན་པས་ཁོ་པར་མེ་མདའ་བརྒྱབ་ནས་བསད།།

ད་ལྟ་ཧྥ་རན་སིའི་གཞུང་གིས་སློབ་ཕྲུག་དེའི་ཁྱིམ་ཚང་གི་མི་བཞི་ཚུད་པའི་དམར་གསོད་དེར་འབྲེལ་བ་ཡོད་པའི་མི་༡༡་འཛིན་བཟུང་བྱས་ནས་འཇིགས་སྐུལ་རིང་ལུགས་ལ་འབྲེལ་བ་ཡོད་མེད་འདྲི་གཅོད་བྱེད་ཀྱི་ཡོད་པར་མ་ཟད། ལོ་འདིའི་ཕྱི་ཟླ་༣་པའི་ནང་དུ་ཧྥ་རན་སིའི་གཞུང་གིས་སློབ་ཕྲུག་དེའི་ཁྱིམ་ཚང་གི་བཟའ་མི་རྣམས་ཧྥ་རན་སིར་ལོ་༡༠་ལ་གནས་སྡོད་བྱེད་ཆོག་པའི་ཐོབ་ཐང་སྤྲད་འདུག ཧྥ་རན་སིའི་གཞུང་འབྲེལ་མི་སྣ་ཞིག་གིས་སློབ་ཕྲུག་དེའི་སྤུན་མཆེད་བུ་མོ་ཞིག་༢༠༡༤་ལོར་སི་རི་ཡར་སོང་སྟེ་སྐབས་དེའི་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པའི་ཚོགས་ཁོངས་སུ་ཞུགས་འདུག་ཅེས་བཀྲལ། འོན་ཀྱང་ཁོ་པས་དེང་སྐབས་སྤུན་མཆེད་བུ་མོ་དེ་ཧྥ་རན་སིར་འཚོ་གནས་བྱེད་བཞིན་ཡོད་མེད་གསལ་པོ་མ་བཤད། ཧྥ་རན་སིའི་གཞུང་གིས་མི་༢༣༡་ཕྱིར་ཕུད་གཏོང་འཆར་ཡོད་པ་དེ་དག་གི་གྲས་ཀྱི་མི་༡༨༠་ཐམ་པ་བཙོན་ཁང་དུ་བཅུག་ཡོད་པ་དང་མི་༥༡་འཕྲལ་དུ་འཛིན་བཟུང་། གཟའ་མཇུག་དེར་ཧྥ་རན་སིའི་མི་མང་གིས་ང་སཱེམ་མུལ་ཡིན་ཞེས་ཡིག་བྱང་ཞིག་ཁྱེར་ནས་ངོ་རྒོལ་བྱས་པའི་མཚོན་དོན་ནི་༢༠༡༥་ལོར་ཤཱག་ལི་ཧེབ་དྷོ་ཞེས་པའི་གཟའ་འཁོར་དུས་དེབ་ཅིག་ལ་ཁ་ཆེའི་སྟོན་པ་མྷོ་ཧ་མེ་ཐེའི་འདྲ་པར་བྲིས་མ་ཞིག་དཔར་འགྲེམ་བྱས་པར་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཚོས་དུས་དེབ་རྩོམ་སྒྲིག་ཁང་ལ་གཏོར་རྒོལ་བྱས་ནས་མི་གསོད་ཁྲོག་སྦྱོར་གྱི་ལས་འགུལ་སྤེལ། དེ་ནས་ཧྥ་རན་སིའི་མི་མང་གིས་ང་ཤཱག་ལི་ཡིན་ཞེས་ཡིག་བྱང་བཟུང་ནས་ངོ་རྒོལ་ཁྲོམ་སྐོར་བྱས་ཤིང་། ད་ལྟ་ཧྥ་རན་སིའི་མི་མང་གིས་༢༠༡༥་ལོའི་ངོ་རྒོལ་ཁྲོམ་སྐོར་ལྟར་ང་སཱེམ་མུལ་ཡིན་ཞེས་དགེ་རྒན་དེའི་མིང་ཡིག་བྲིས་ནས་ངོ་རྒོལ་ཁྲོམ་སྐོར་བྱེད་ཀྱི་ཡོད་པ་རེད།།

ཧྥ་རན་སིའི་སྲིད་འཛིན་མེཀ་ཧོང་དགེ་རྒན་དེ་དམར་གསོད་བྱ་ཡུལ་དུ་ཕེབས་ནས་གསར་འགོད་པ་ཚོར་གཏོར་རྒོལ་འདི་ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་ཞིག་རེད། འདི་ནི་ཧྥ་རན་སི་སྤྱི་མཐུན་རྒྱལ་ཁབ་དང་རྒྱལ་ཁབ་འདིའི་ལྟ་གྲུབ་ཀྱི་རིན་ཐང་ལ་གཏོར་རྒོལ་བྱས་པ་ཞིག་རེད། ང་ཚོའི་སྤྱི་དམངས་ཤིག་གིས་སློབ་ཕྲུག་ཚོར་གཏམ་བརྗོད་རང་དབང་གི་རྩ་དོན་སློབ་ཁྲིད་བྱས་ནས་ཚེ་སྲོག་ཤོར་པ་རེད། ང་ཚོས་འདི་ལ་འཐབ་རྩོད་བྱ་དགོས་པ་དང་འཐབ་རྩོད་འདི་སྔར་ནས་ཡོད་པ་ཞིག་རེད་ཅེས་བཤད། ཧྥ་རན་སིའི་དགེ་རྒན་དེས་ཁ་ཆེའི་སྟོན་པ་མྷོ་མེ་ཐེའི་འདྲ་པར་བྲིས་མ་ཞིག་བསྟན་ནས་སློབ་ཁྲིད་བྱེད་དགོས་དོན་ནི་༢༠༡༥་ལོར་ཤཱག་ལི་ཧེབ་དྷོ་དུས་དེབ་ལ་ཁ་ཆེའི་སྟོན་པ་མྷོ་མེ་ཐེའི་འདྲ་པར་ཞིག་བཀོད་པར་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཚོས་གཏོར་རྒོལ་བྱས་ནས་མི་༡༢་བསད་པར་འབྲེལ་བ་ཡོད་པའི་མི་ཚོར་ཁྲིམས་བཤེར་བྱེད་ཀྱི་ཡོད་པར་འབྲེལ་བ་ཡོད་པ་སྟེ། ཟླ་བ་སྔོན་མའི་ཟླ་མཇུག་ནས་ཧྥ་རན་སིའི་གཞུང་གིས་མི་༡༤་ལ་༢༠༡༥་ལོའི་གཏོར་རྒོལ་དེར་མཚོན་ཆ་དང་མྱུལ་ཞིབ་བཅས་ཀྱི་རྒྱབ་སྐྱོར་བྱས་པའི་ནག་ཉེས་འདུག་ཅེས་ཁ་མཆུ་བཙུགས་ཡོད་པར་ཁྲིམས་ཁང་གིས་ཁྲིམས་བཤེར་བྱེད་ཀྱི་ཡོད་ཅིང་། ཁྲིམས་བཤེར་དེ་འགོ་ཚུགས་མ་ཐག་ཏུ་ཤཱག་ལི་ཧེབ་དྷུ་དུས་དེབ་ཁང་གི་ཉེ་འགྲེམ་དུ་མི་གཉིས་ལ་གཏོར་རྒོལ་བྱུང་ནས་རྨས་སྐྱོན་ཕོག ཧྥ་རན་སིའི་གཞུང་འབྲེལ་མི་སྣ་ཚོས་གཏོར་རྒོལ་དེ་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་ཞིག་ཡིན་པའི་དོགས་པ་བྱས་ནས་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད།།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ངས་ཨ་མི་རི་ཀའི་ཚབ་ཞུས་ནས་ཧྥ་རན་སི་གཞུང་དམངས་གཉིས་ཀར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་ཞུ་རྒྱུ་ཡིན། ངས་རང་གི་གྲོགས་པོ་ཧྥ་རན་སིའི་སྲིད་འཛིན་མེཀ་ཧོང་ལ་བཅོས་མིན་གྱི་སེམས་གསོ་ཞུ་རྒྱུ་ཡིན། ད་ལྟ་ཧྥ་རན་སི་གཞུང་དམངས་གཉིས་ཀ་སེམས་སྡུག་གི་ནང་དུ་ལྷུང་ཡོད་པ་རེད། ཧྥ་རན་སིའི་ནག་ཉེས་མེད་པའི་དགེ་རྒན་ཞིག་ཁ་ཆེ་འཇིགས་སྐུལ་རིང་ལུགས་པས་སྐེ་བཅད་ནས་དམར་གསོད་བྱས་པ་རེད། ཧྥ་རན་སིར་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་ཀྱང་མེཀ་ཧོང་ནི་རླབས་ཆེན་གྱི་འགོ་ཁྲིད་ཅིག་རེད་ཅེས་ཧྥ་རན་སི་གཞུང་དམངས་གཉིས་ལ་སེམས་གསོ་དང་སྲིད་འཛིན་ལ་བསྔགས་བརྗོད་ཞུས་འདུག རྒྱལ་ཁབ་༥༧་ཀྱི་ཁ་ཆེའི་རྒྱལ་ཁབ་ཁག་གི་སྒྲིག་འཛུགས་དེས་ཀྱང་ཧྥ་རན་སིའི་དགེ་རྒན་ཞིག་སྐེ་བཅད་ནས་དམར་གསོད་བྱས་པར་ཁ་རྡུང་དྲག་པོ་བཏང་སྟེ་དམར་གསོད་དེ་ཁ་ཆེའི་ཆོས་ཁྲིམས་ལ་མཐུན་པ་ཞིག་མིན། འཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་ཁག་གི་མཐུན་ཚོགས་ཀྱིས་ནམ་ཡང་འཇིགས་སྐུལ་དང་མཐའ་ལྷུང་རིང་ལུགས་ལ་རྒྱབ་སྐྱོར་བྱ་རྒྱུ་མིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ཧྥ་རན་སིའི་ཁྲིམས་འཛིན་བློན་ཆེན་གྱིས་ཁ་ཆེ་དྲག་ཐལ་པ་ཁག་ཅིག་ཨལ་ཇཱི་རི་ཡ་དང་ཐུ་ཎི་ཤི་ཡ་སོགས་ལ་ཕྱིར་ཕུད་གཏོང་རྒྱུ་དེར་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་གྲོས་སྡུར་བྱ་རྒྱུ་ཡིན་ཞེས་བསྒྲགས། བདུན་ཕྲག་སྔོན་མར་ཧྥ་རན་སིའི་ཁྲིམས་འཛིན་བློན་ཆེན་མོ་རོ་ཀོ་ལ་བསྐྱོད་དེ་ཁ་ཆེ་དྲག་ཐལ་པ་ཁག་ཅིག་ཕྱིར་ཕུད་བྱ་རྒྱུའི་གྲོས་སྡུར་བྱས་འདུག ད་ཐེངས་ཀྱི་གཏོར་རྒོལ་རྗེས་སུ་ཧྥ་རན་སིའི་གཞུང་གིས་ཁྲིམས་འགལ་གྱི་སྐྱབས་བཅོལ་བ་༨༥༠་ཐོ་འགོད་བྱས་ཡོད་པ་ཚོར་ཞིབ་འཇུག་ནན་པོ་དགོས་ཀྱི་འདུག ཆེ་ཆི་ཎི་ཡའི་སློབ་ཕྲུག་དེ་ལྟ་བུར་སྐྱབས་བཅོལ་བའི་ཐོབ་ཐང་སྤྲོད་དགོས་མིན་བརྟག་དཔྱད་ནན་པོ་བྱ་དགོས་ཟེར། བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་ཧྥ་རན་སི་རྒྱལ་ཡོངས་སུ་ལོ་རྒྱུས་དང་ས་རྒྱུས་དགེ་རྒན་འདས་པོ་དེར་རྗེས་དྲན་འཚོགས་ཀྱི་ཡོད་པ་རེད།།

XS
SM
MD
LG