ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་གིས་འཐུས་ཤོར་སོང་བའི་སྐྱོན་བརྗོད། 


༄༅།། ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་ནི་འཛམ་གླིང་གི་གསང་བའི་ལས་ཁུངས་མཆོག་ཏུ་གྱུར་པ་དེ་དག་གི་གྲས་སུ་ཚུད། ཁ་སྔོན་གཟའ་སྤེན་པའི་ཉིན་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གིས་སྐམ་མཚོ་གནམ་གསུམ་ནས་ཨི་སི་རལ་ལ་གཏོར་རྒོལ་བྱས་ནས་བཟུང་། འཛམ་གླིང་ཡོངས་སུ་ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་གིས་ཅིའི་ཕྱིར་ཧ་མ་སི་ཤོག་ཁག་གིས་གཏོར་རྒོལ་བྱ་འཆར་ཡོད་པ་སྔོན་ནས་ཚོད་དཔག་མ་ཐུབ་པ་རེད་ཅེས་དོགས་སློང་བྱ་རྒྱུ་འགོ་ཚུགས། ཨི་སི་རལ་ལ་མོ་ས་ད་ཞེས་ཕྱི་སོ་ལས་ཁུངས་དང་ཤིན་བྷེ་ད་ཞེས་ནང་སོ་ལས་ཁུངས། ཨ་མན་ཞེས་དམག་དོན་གསང་བའི་ལས་ཁུངས་གསུམ་ཡོད་ཅིང་། ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་འཇོན་པོ་དང་འཛམ་གླིང་གི་མཐའ་གྲུ་ཀུན་ཏུ་སླེབས་ཐུབ་པའི་སྐད་གྲགས་ཆེ། ཨ་རིའི་དབུས་གསང་བའི་ལས་ཁུངས་དང་དབུས་ཞིབ་གཅོད་ལས་ཁུངས་། དབྱིན་ཇིའི་ཕྱི་སོ་དང་ནང་སོ། ཨུ་རུ་སུའི་ཕྱི་སོ་དང་ནང་སོ་སོགས་ཀྱི་གསང་བའི་ཁུངས་ཁག་གི་ཚད་དེར་ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་ངོས་འཛིན་ཐོབ། ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་གིས་སྒྲུབ་མི་ཐུབ་པ་དང་ཤེས་རྟོགས་མི་ཐུབ་པ་ཞིག་མེད་ཅེས་སྲོལ་ཞིག་ཀྱང་དར།།

ཕྱི་ཟླ་༡༠་པའི་ཚེས་༡༠་ཉིན་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་སྤེན་པའི་ཞོགས་པར་ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་གིས་ལྐོག་ལྟ་བྱེད་བཞིན་པའི་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་འཐབ་མོ་བ་ཚོས་དྲྭ་ལམ་དུ་བརྡ་འཕྲིན་གཏོང་རྒྱུ་ཇེ་མང་དུ་སོང་། གསང་བའི་ལས་ཁུངས་ཁག་གིས་གྷ་ཟའི་ས་མཚམས་སུ་བཀྲམ་ཡོད་པའི་ཨི་སི་རལ་གྱི་དམག་ལ་ཉེན་བརྡ་བཏང་ཡང་མཐའ་སྲུང་དམག་ལ་ཉེན་བརྡ་དེ་མ་འཕྲོད་པའམ། ཡང་ན་ཉེན་བརྡའི་ཡིག་ཆུང་དེ་མ་བཀླགས་པ་འདྲ། གང་ལྟར་ཨི་སི་རལ་གྱི་གསང་བའི་ལས་ཁུངས་ནས་ཉེན་བརྡ་བཏང་བ་ལྟར་དམག་གིས་འགོག་རྒོལ་མ་ཐུབ་པ་རེད་ཅེས་བདེ་མི་སྣ་གཉིས་ཀྱིས་ནེའུ་ཡོག་དུས་བབ་ཚགས་པར་གྱི་གསར་འགོད་པར་ནང་མོལ་བྱས་འདུག ཧ་མ་སི་ཤོག་ཁག་གིས་ཁ་ལོ་བ་མེད་པའི་འཕུར་གྲུ་བཏང་སྟེ་ས་མཚམས་སུ་བཙུགས་ཡོད་པའི་ཨི་སི་རལ་གྱི་བརྡ་འཕྲིན་ལྕགས་སྡོང་དང་སོ་ཁང་གི་ལྕོག་མཁར་རྣམས་གཏོར། འགོག་གྱང་དང་ལྕགས་དྲྭ་ཁག་ཅིག་བཤིག བརྡ་འཕྲིན་མ་ལག་གཏོར་པ་དེ་གསང་བའི་གནས་ཚུལ་འཕྲོད་མ་ཐུབ་པའི་འགལ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༠་པའི་ཚེས་༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གྷ་ཟ་ཐང་གཤོང་ནས་ཧ་མ་སི་ཤོག་ཁག་གིས་གཏོར་རྒོལ་བྱས་པའི་ཉིན་དེར་ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་མིག་བཙུམས་ནས་བསྡད་ཡོད་པར་སྣང་། སྔོན་ཆད་ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་གིས་ནུབ་འགྲམ་དུ་གཏོར་རྒོལ་གྱི་ལྐོག་ཇུས་གཤོམ་གྱི་ཡོད་པ་རྣམས་སྔོན་འགོག་ཐུབ་ཡོད་པ་དང་ཧ་མ་སི་ཤོག་ཁག་གི་གསང་ཉུལ་ཞིག་དྷུ་བྷེ་རུ་བསད། ཨི་རན་གྱི་རྡུལ་ཕྲན་ལས་གྲྭའི་ཚན་རིག་པ་རྣམས་ལྐོག་གསོད་བྱས་པ་སོགས་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པ་སྟོན་རྒྱུ་ཡོད་ཀྱང་གཟའ་མཇུག་དེར་ཨི་སི་རལ་ལ་གཏོར་རྒོལ་བྱུང་བ་ནི་རྒྱལ་ཁབ་དེའི་གསང་བའི་ལས་ཁུངས་ཁག་གི་འཐུས་ཤོར་ཆེན་པོ་བྱུང་བ་རེད་ཅེས་གནས་ཚུལ་སྤེལ་འདུག ཨི་སི་རལ་གྱི་རྒྱལ་སྲུང་སློབ་སྟོན་པ་ཟུར་པ་ཡ་ཀོབ་ཨ་མཱི་དཱ་རོར་ནས་ང་ཚོའི་གསང་བའི་ལས་ཁུངས་ཁག་གིས་འཐུས་ཤོར་ཆེན་པོ་བཏང་སོང་། ད་ཐེངས་ཀྱི་གཏོར་རྒོལ་འདི་གྷ་ཟའི་ས་གནས་ཁག་ཏུ་ཨི་སི་རལ་གྱི་གསང་ཉུལ་ཡག་པོ་མེད་པའི་རྟགས་མཚན་རེད་ཅེས་སྐྱོན་བཙུགས། ཨི་སི་རལ་གྱི་དམག་གི་མགྲིན་ཚབ་པས་ང་ཚོས་མི་དམངས་ལ་འགྲེལ་བཤད་ཅིག་རྒྱག་དགོས་ཐུག་ངེས་རེད་ཅེས་ལས་འགན་འཐུས་ཤོར་ཕྱིན་པ་ཁས་བླངས།།

ཕྱི་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་འཇིགས་སྐུལ་འཐབ་རྒོལ་དང་རྒྱལ་ནང་སྲུང་སྐྱོབ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་བྷུ་རུ་སི་ཧོབ་མན་
ཕྱི་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་འཇིགས་སྐུལ་འཐབ་རྒོལ་དང་རྒྱལ་ནང་སྲུང་སྐྱོབ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་བྷུ་རུ་སི་ཧོབ་མན་

ཕྱི་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་འཇིགས་སྐུལ་འཐབ་རྒོལ་དང་རྒྱལ་ནང་སྲུང་སྐྱོབ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་བྷུ་རུ་སི་ཧོབ་མན་གྱིས་ཨི་སི་རལ་དང་པ་ལི་སི་ཐན་གྱི་འཐབ་འཁྲུག་ལ་ཞིབ་འཇུག་བྱས་ནས་ལོ་༤༠་འདས། ཁོང་གིས་ཕྱི་ཟླ་༡༠་པའི་ཚེས་༩་ཉིན་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་ལ་ཧ་མ་སི་ཤོག་ཁག་གིས་གཏོར་རྒོལ་བྱུང་བའི་དུས་སུ་ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་གིས་དམིགས་པ་གཏོད་ས་ནུབ་འགྲམ་རེད། ནུབ་འགྲམ་དུ་པ་ལི་སི་ཐན་གྱི་ན་གཞོན་དཔུང་སྡེ་ཁག་གིས་ཨི་སི་རལ་གྱི་དབང་བསྒྱུར་ལ་གྱེན་ལོག་བྱ་རྒྱུའི་གྲབས་བཤམས། ཨི་སི་རལ་གྱི་ཇིའུ་ལྟ་བ་མཁྲེགས་འཛིན་པ་ཚོས་ནུབ་འགྲམ་གྱི་པ་ལི་སི་ཐན་རང་སྐྱོང་ས་ཁུལ་དུ་གཞིས་ཆགས་རྒྱ་བསྐྱེད། ཨི་སི་རལ་གྱི་སྲིད་གཞུང་གིས་གཞིས་ཆགས་རྒྱ་སྐྱེད་ལ་རྒྱབ་སྐྱོར་བྱས་ནས་འགལ་ཟླ་བསླངས། ད་ལོའི་ཕྱི་ཟླ་༤་པའི་ནང་ཨི་སི་རལ་གྱི་དམག་གིས་ཨལ་ཨག་ས་ཁ་ཆེའི་ལྷ་ཁང་དུ་ཕྱག་མཆོད་བྱེད་མཁན་ཚོར་རྒོལ་རྡུང་བྱས་པའི་རྗེས་སུ་ཇཱེ་རུ་ས་ལམ་གྲོང་ཁྱེར་དུ་ཛ་དྲག་ལངས། ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་ཇཱེ་རུ་ས་ལམ་དང་ནུམ་འགྲམ་དུ་མགོ་འཁོར་ནས་བསྡད་འདུག་ཅེས་བཀྲལ།།

ཨི་སི་རལ་གྱི་གཞུང་འབྲེལ་མི་སྣ་བཞིས་ནེའུ་ཡོག་དུས་བབ་ཚགས་པར་གྱི་གསར་འགོད་པར་ཧ་མ་སི་ཤོག་ཁག་གི་འཐབ་མོ་བ་ཚོས་ཨི་སི་རལ་གྱི་མཐའ་མཚམས་སུ་ཆགས་པའི་གྲོང་རྡལ་༢༠་ལྷག་དང་ཨི་སི་རལ་གྱི་དམག་སྒར་འགའ་ཞིག་ལ་གཏོར་རྒོལ་བྱུང་ཞིང་། ཨི་སི་རལ་གྱི་དམག་མི་ཁག་ཅིག་ཉལ་སའི་ནང་ནས་བཙན་ཁྲིད་བྱས་འདུག འདི་ནི་དུས་རབས་ཕྱེད་ཀའི་རིང་ཨི་སི་རལ་གྱི་ལོ་རྒྱུས་སུ་བྱུང་མྱོང་མེད་པ་ཞིག་རེད། པ་ལི་སི་ཐན་གྱི་དྲག་སྤྱོད་པའི་བརྡ་འཕྲིན་ལ་ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་གིས་ལྐོག་ཉན་ཚུལ་བཞིན་བྱས་མེད་པ་དང་ས་མཚམས་ཀྱི་སྲུང་སྐྱོབ་འཕྲུལ་ཆས་ལ་བློ་འགེལ་རྒྱུ་ཐལ་དྲགས་པ། ང་ཚོས་ཨ་སྒོར་ཐེར་འབུམ་མང་པོ་འགྲོ་གྲོན་བཏང་ནས་ཧ་མ་སི་ཤོག་ཁག་གི་གསང་བའི་གནས་ཚུལ་བསྡུ་རུབ་བྱས་ཀྱང་ཁུངས་མ་འཁྱོལ་བ་རེད། ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་གི་འགོ་ཁྲིད་ཚོས་ཧ་མ་སི་ཤོག་ཁག་ལ་གཏོར་རྒོལ་གྱི་ནུས་པ་མེད་པ་དང་གྷ་ཟ་ནས་ཨི་སི་རལ་ལ་གཏོར་རྒོལ་འབྱུང་གི་མ་རེད་སྙམ་པའི་ཚོད་དཔག་ལོག་པ་ཞིག་བྱས་འདུག སྔ་ལོ་ཧ་མ་སི་ཤོག་ཁག་གིས་པ་ལི་སི་ཐན་གྱི་དྲག་སྤྱོད་ཤོག་ཁག་གཞན་ཚོར་འཐབ་རྒོལ་བྱེད་དུ་བཅུག་སྟེ་ཟིང་འཁྲུག་ལ་མ་ཞུགས་པ་རེད་ཅེས་བཤད་འདུག

ཕྱི་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་འཇིགས་སྐུལ་འཐབ་རྒོལ་དང་རྒྱལ་ནང་སྲུང་སྐྱོབ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་བྷུ་རུ་སི་ཧོབ་མན་གྱིས་མུ་མཐུད་དུ་བཤད་པ་ལྟར་ན། ཨི་སི་རལ་རྒྱལ་ནང་དུ་སྲིད་བློན་ནེ་ཐན་ཡ་ཧུས་གྲོས་ཚོགས་ལ་རྒྱལ་ཁབ་དེའི་ཆེས་མཐོའི་ཁྲིམས་ཁང་གི་དབང་ཚད་ཆུང་དུ་གཏོང་དགོས་པའི་གྲོས་ཆོད་འཇོག་ཏུ་བཅུག་སྟེ་མི་མང་གིས་ཟླ་བ་མང་པོར་ངོ་རྒོལ་བྱས་ནས་རྒྱལ་ཁབ་དེ་ཤོག་ཁག་གཉིས་སུ་ཆད། འདས་པའི་ལོ་༡༠་ལ་ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་ལ་གཏོར་རྒོལ་བྱས་ནས་སྟོབས་ཤུགས་ཉམས་ཡོད་པ་དང་ཐང་ཆད་ཡོད་པའི་རྣམ་འགྱུར་རྫུན་མ་ཞིག་བསྟན། ཁོ་ཚོས་དྲྭ་ལམ་དུ་འཐབ་འཁྲུག་རྒྱག་རྒྱུའི་གྲ་སྒྲིག་མེད་ཅེས་གཡོ་གཏམ་བསྒྲགས། ཨི་སི་རལ་རྒྱལ་ནང་དུ་མཐུན་སྒྲིལ་མེད་པ་དང་དམག་མི་ཁག་ཅིག་གིས་སྲི་ཞུ་བསྒྲུབ་རྒྱུ་མིན་ཟེར། གསང་བའི་ལས་ཁུངས་ཁག་གིས་དམིགས་པ་གཞན་ལ་གཏད་ཡོད་པའི་གོ་སྐབས་བཟུང་ནས་ཧ་མ་སི་ཤོག་ཁག་གིས་གཏོར་རྒོལ་བྱས་པ་རེད། ཁོ་ཚོའི་གྲ་སྒྲིག་དང་འཐབ་ཇུས། ཨི་སི་རལ་ལ་གཏོར་རྒོལ་བྱ་རྒྱུའི་གསང་བ་ཕྱི་ལ་མ་ཤོར་པ་སོགས་ནི་ཧང་སང་དགོས་པ་ཞིག་རེད་ཅེས་བཤད་འདུག

ཨི་སི་རལ་གྱི་མཚོ་དམག་གི་སྤྱི་ཁྱབ་བཀོད་འདོམས་པས་མི་འགའ་ཤས་ཀྱིས་གསང་བའི་ལས་ཁུངས་ཁག་གི་འཐུས་ཤོར་བྱུང་བ་རེད་ཅེས་ལན་ཁག་དཀྲི་རྒྱུ་སྔ་དྲགས་འདུག ནུབ་འགྲམ་དུ་དྲག་ཟིང་རིམ་པ་ཞིག་བྱུང་སྟེ་ཨི་སི་རལ་གྱི་དམག་དང་གསང་བའི་ལས་ཁུངས་ཁག་གི་སྟོབས་ཤུགས་ཡོད་ཚད་དེ་ལ་བཀོལ་དགོས་བྱུང་བ་རེད། སྲིད་བློན་ནེ་ཐན་ཡ་ཧུའི་གཡས་ཐལ་མཉམ་སྐྱོང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་ལམ་ལུགས་ལ་འགྱུར་བཅོས་བཏང་ནས་དམག་དཔུང་གི་སྟོབས་ཤུགས་གཅིག་སྒྲིལ་མ་བྱུང་བ་རེད་ཟེར་མོད། འོན་ཀྱང་ཧ་མ་སི་ཤོག་ཁག་གིས་གཏོར་རྒོལ་བྱ་རྒྱུ་ཡིན་པ་སྔོན་དཔག་མ་ཐུབ་པ་ནི་ཨི་སི་རལ་གྱི་དམག་དང་སྲིད་གཞུང་། གསང་བའི་ལས་ཁུངས་ཁག་གི་མཐོ་རིམ་འགོ་ཁྲིད་ཚོ་ནས་གཤམ་འོག་གི་ལས་བྱེད་པ་དཀྱུས་མའི་བར་དུ་འགན་འཁྲི་ཡོད་པར་མ་ཟད། མ་འོངས་པའི་ལོ་མང་རིང་ཨི་སི་རལ་གྱི་སྤྱི་ཚོགས་སུ་གླེང་སློང་འབྱུང་རྒྱུའི་གནད་དོན་ཞིག་ཏུ་འགྱུར་ངེས་རེད། ༢༠༠༥་དང་༢༠༠༧་ནས་ཨི་སི་རལ་གྱི་དམག་དཔུང་དང་གཞིས་ཆགས་པ་རྣམས་གྷ་ཟ་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་འཕྲུལ་ཆས་དང་གསང་ཉུལ་ཁོ་ནར་བརྟེན་ནས་གསང་བའི་གནས་ཚུལ་བསྡུ་རུབ་བྱས་པ་རེད་ཅེས་བཤད་འདུག

ཨི་སི་རལ་གྱི་རྒྱལ་སྲུང་སློབ་སྟོན་པ་ཟུར་པ་ཨེ་ཡལ་ཧུ་ལ་ཏས་
ཨི་སི་རལ་གྱི་རྒྱལ་སྲུང་སློབ་སྟོན་པ་ཟུར་པ་ཨེ་ཡལ་ཧུ་ལ་ཏས་

ཕྱི་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་འཇིགས་སྐུལ་འཐབ་རྒོལ་དང་རྒྱལ་ནང་སྲུང་སྐྱོབ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་བྷུ་རུ་སི་ཧོབ་མན་གྱིས་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་ལ་རྒྱལ་ཁབ་གང་འདྲ་ཞིག་གི་གསང་བའི་ལས་ཁུངས་ཡིན་རུང་དེ་ལ་སྐྱོན་མེད་པ་དང་ལས་དོན་འཐུས་ཤོར་མི་འགྲོ་བ་ཞིག་ཡོད་མི་སྲིད། ཡིན་ནའང་ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཀྱི་འཐུས་ཤོར་དེ་བློ་ཡུལ་དུ་ཤོང་དཀའ་ཞེས་བཤད། ཨི་སི་རལ་གྱི་རྒྱལ་སྲུང་དམག་གི་མགྲིན་ཚབ་པ་ལྡིང་དཔོན་རི་ཆར་ཌི་ཧེ་ཆིས་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་གཟའ་སྤེན་པའི་ཞོགས་པར་འཐུས་ཤོར་ཕྱིན་པ་དེར་ང་ཚོ་ཡང་ཧང་སང་ཡོད། ད་ལྟ་ང་ཚོས་དམག་འཁྲུག་རྒྱག་གི་ཡོད་པས་འཐུས་ཤོར་སུས་བྱུང་མིན་གྱི་སྐད་ཆ་བཤད་འདོད་མེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ཨི་སི་རལ་གྱི་རྒྱལ་སྲུང་སློབ་སྟོན་པ་ཟུར་པ་ཨེ་ཡལ་ཧུ་ལ་ཏས་ཕ་རོལ་པོས་སྔ་མོ་ནས་གྲ་སྒྲིག་བྱས་ཏེ་མཉམ་འབྲེལ་ཡག་པོ་བྱུང་འདུག ང་ཚོ་ངོ་གནོང་ནས་འདུག་དགོས་པ་ནི་ཐབས་རྡུགས་རེད་ཅེས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་གླེང་མོལ་བྱས་འདུག

འབྲེལ་ཡོད།

XS
SM
MD
LG