ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བཞི་འབྲེལ་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཚོའི་གྲོས་མོལ།


༄༅།། ཉེ་དུས་ཤིག་ནས་ཨུ་རུ་སུའི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལང་སྲིད་པའི་ཉེན་ཁ་ཇེ་ཆེར་སོང་། འཛམ་གླིང་ཡོངས་ཀྱིས་ཡུཀ་རེན་ལ་དོ་སྣང་བྱེད་བཞིན་ཡོད་པའི་སྐབས་འདིར་བཞི་འབྲེལ་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་རྣམས་ཨོ་གླིང་གི་རྒྱལ་ས་ཁེན་བྷ་ར་གྲོང་ཁྱེར་དུ་ལྷན་འཛོམས་གྲོས་མོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༢་པའི་ཚེས་༡༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀ་དང་ཨོ་གླིང་། ཉི་ཧོང་དང་རྒྱ་གར་བཅས་བཞི་འབྲེལ་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་རྣམས་ཨོ་གླིང་གི་རྒྱལ་སར་ལྷན་འཛོམས་གནང་སྟེ་འབྲེལ་ཡོད་རྒྱལ་ཁབ་དེ་དག་གི་འབྲེལ་བ་དམ་ཟབ་གཏོང་རྒྱུ། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་བྱུང་སྟེ་ཆུ་ལོག་དང་ཐན་པ། སྲིད་པའི་འཁྱག་རོམ་རྣམས་ཞུ་བ་དང་ནགས་ཚལ་ལ་མེ་སྐྱོན་འབྱུང་གི་ཡོད་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་པར་གདོང་ལེན་དང་ཏོག་དབྱིབས་ནད་དུག་ཁྱབ་གདལ་བཀག་སྡོམ། དྲྭ་ཇག་གི་འཇབ་རྒོལ་བཀག་སྡོམ་དང་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ། འཛམ་གླིང་གི་མཚོ་ལམ་དང་དངོས་ཟོག་སྐྱེལ་འདྲེན་རང་དབང་སྲུང་སྐྱོབ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྤྲོད་ཕྱོགས་ཡར་རྒྱས་གཏོང་རྒྱུ་དང་རྒྱ་གར་རྒྱ་མཚོ་ནས་ཞི་བདེའི་རྒྱ་མཚོའི་བར་དུ་བཙན་དྲག་འབྱུང་གི་ཡོད་པར་འགོག་རྒོལ་བྱ་དགོས་ཞེས་རྒྱ་ནག་གི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཡར་རྒྱས་འགྲོ་བཞིན་པ་དངོས་སུ་མིང་འབོད་མ་བྱས་པར་ཁ་གཏད་གཅོག་རྒྱུའི་གྲོས་སྡུར་བྱས་འདུག

ད་ལོའི་བཞི་འབྲེལ་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཚོའི་གྲོས་གཞིའི་ཁོངས་སུ་ཡུཀ་རེན་གྱི་གནད་དོན་མེད་ཀྱང་རྒྱལ་ཁབ་དེའི་བདེ་འཇགས་སྲུང་སྐྱོབ་དང་ཨུ་རུ་སུའི་བཙན་འཛུལ་འགོག་ཐབས། ཡུཀ་རེན་བརྩད་ནས་ཨུ་རུ་སུ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པ་ཐེངས་འདིའི་གྲོས་གཞི་གཙོ་བོ་ཞིག་ཏུ་གྱུར། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་ཁེན་གྱིས་ཨུ་རུ་སུའི་དམག་དཔུང་རྣམས་ཡུཀ་རེན་གྱི་ས་མཚམས་ཁག་ཏུ་འགྲེམ་འཇོག་བྱེད་ཀྱི་ཡོད་པ་ནི་རྒྱལ་སྤྱིའི་ས་མཚམས་ཀྱི་སྒྲིག་གཞི་ལ་འགལ་འཛོལ་དང་གཏོར་བརླག་བྱེད་ཀྱི་ཡོད་པ་ཞིག་རེད། ང་ཚོས་རྒྱལ་སྤྱིའི་ས་མཚམས་ཀྱི་སྒྲིག་གཞི་ཁག་གཅེས་འཛིན་བྱ་དགོས་པ་དང་རྒྱལ་ཁབ་ཚང་མར་འཇིགས་སྐུལ་མེད་པར་རང་གི་མདུན་ལམ་རང་གིས་འཚོལ་ཆོག་པའི་ཐོབ་ཐང་ཡོད། རྒྱལ་ཁབ་དེར་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་ཆོག་པའི་ཐོབ་ཐང་ཡོད་པར་བརྩི་འཇོག་བྱ་དགོས། འདི་ནི་རྒྱ་གར་ནས་ཞི་བདེའི་རྒྱ་མཚོའི་བར་དུ་ཡིན་ནའང་འདྲ། ཡུ་རོབ་ཡིན་ནའང་འདྲ། གང་ལྟར་འཛམ་གླིང་གི་ས་ཕྱོགས་གང་དུ་ཡིན་རུང་གཅིག་མཚུངས་ཡིན་ཞེས་བཞི་འབྲེལ་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་རིམ་པའི་གྲོས་མོལ་འགོ་ཚུགས་ཀྱི་གཏམ་བཤད་སྐབས་སུ་ནན་བརྗོད་བྱས་འདུག གཟའ་འཁོར་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་ཁེན་ཨོ་གླིང་རྒྱལ་ཁབ་ཏུ་ཕེབས་ནས་བཞི་འབྲེལ་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་རིམ་པའི་གྲོས་མོལ་ལ་ཞུགས་ཀྱང་ཨ་མི་རི་ཀའི་བློ་འཚབ་ཆེ་ཤོས་དེ་ཡུཀ་རེན་གྱི་བདེ་འཇགས་ཡིན་ཞིང་། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་དམག་དཔུང་འབུམ་༡་དང་ཕྱེད་ཀ་ཙམ་ཡུཀ་རེན་ཤར་ཕྱོགས་དང་ལྷ་ཕྱོགས། བྱང་ཕྱོགས་ཀྱི་བྷེ་ལོ་རུ་སིའི་ས་ཐོག་ཏུ་བཀྲམ་ནས་བཙན་འཛུལ་བྱ་རྒྱུའི་དམག་སྒྲ་བསྒྲིགས། འོན་ཀྱང་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཨ་མི་རི་ཀའི་ཕུགས་རྒྱང་རིང་པོའི་འཐབ་ཇུས་ཀྱི་དམིགས་པ་གཏོད་ཡུལ་ནི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཡིན། འཛམ་གླིང་གི་ས་ཕྱོགས་གཅིག་ལ་ཛ་དྲག་ཅིག་འབྱུང་གི་ཡོད་ཀྱང་ཨ་མི་རི་ཀའི་མཐར་ཐུག་གི་དམིགས་འབེན་ལ་བློ་རྩེ་བསྒྲིམ་རྒྱུར་འགྱུར་བ་མེད་ཅེས་རྣམ་འགྱུར་བསྟན།།

དེ་རིང་གཟའ་པ་སངས་ཉིན་གསར་འགོད་པ་ཚོས་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་ལ་རྒྱ་གར་རྒྱ་མཚོ་ནས་ཞི་བདེའི་རྒྱ་མཚོའི་བར་དུ་རྒྱ་ནག་ལ་གདོང་ཐུག་འབྱུང་རྒྱུ་ཟློག་ཐབས་མེད་པ་ཞིག་ཡིན་ནམ་ཞེས་དྲིས། ཁོང་གིས་ཅི་ཞིག་ཡིན་རུང་འབྱུང་སྲིད། ངས་དེ་ལྟར་བཤད་དོན་ནི་ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གིས་ཕྱི་ནང་གཉིས་སུ་བཙན་དྲག་བཀོལ་རྒྱུ་ཤུགས་ཇེ་ཆེ་དང་ཇེ་ཆེ་ཡིན་པ་ང་ཚོ་ཚང་མ་བློ་ཁ་གཅིག་མཐུན་ཡིན་ཞེས་ལན་བཏབ། ཨོ་གླིང་གི་ཕྱི་སྲིད་བློན་ཆེན་ཕེ་ནེས་བཞི་འབྲེལ་རྒྱལ་ཚོགས་ཀྱིས་རང་གི་མངའ་ཁུལ་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པར་སྔོན་འགོག་བྱ་རྒྱུ་གནད་འགག་ཆེན་པོ་ཡིན། དྲྭ་ཇག་གི་འཇབ་རྒོལ་བཀག་སྡོམ་དང་མཚོ་ལམ་གྱི་བདེ་འཇགས་སྲུང་སྐྱོབ། རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་དང་གནམ་གཤིས་འགྱུར་ལྡོག་འགོག་ཐབས། གོད་ཆག་གི་ངལ་སེལ་རོགས་སྐྱོབ། ལྷག་པར་དུ་ཞི་བདེའི་རྒྱ་མཚོའི་ནང་དུ་ཆགས་ཡོད་པའི་ཏུང་གྷ་རྒྱལ་ཁབ་ལ་མཚོ་མེ་འཕྱུར་ནས་དཀའ་ངལ་འཕྲད་ཡོད་པར་རོགས་སྐྱོབ་བྱ་རྒྱུ་གཙིགས་སུ་འཛིན་དགོས། ཡུཀ་རེན་གྱི་ཛ་དྲག་དང་བྱང་ཀོ་རི་ཡས་འཕུར་མདེལ་ཚོད་ལྟ། རྒྱ་ནག་གི་རྒྱ་སྐྱེད་བཅས་ལ་གྲོས་སྡུར་བྱེད་དགོས། ཨ་མི་རི་ཀས་ལས་དོན་འདི་དག་ལ་འགོ་ཁྲིད་ནས་གདོང་ལེན་བྱེད་ཀྱི་ཡོད་པར་ང་ཚོས་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད། ཨུ་རུ་སུའི་མཚོ་དམག་གིས་མཚོ་ནག་མངའ་ཁུལ་དུ་དམག་སྦྱོང་བྱེད་ཀྱི་ཡོད་པ་དང་ཨུ་རུ་སུའི་གནམ་དམག་དང་སྐམ་དམག་གིས་བྷེ་ལ་རུ་སིའི་ས་ཐོག་ཏུ་དམག་སྦྱོང་བྱས་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཁ་གཏད་གཅོག་གི་ཡོད་པ་ནི་ཆེས་ཉེན་ཚབས་ཅན་ཞིག་རེད་ཅེས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ལྷན་དུ་གསར་འགོད་པ་ཚོར་གཏམ་བཤད་བྱས་འདུག

གཟའ་པ་སངས་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨོ་གླིང་གི་སྲིད་བློན་མོ་རི་སན་གྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཧ་ཡ་ཤི་བཅས་ལ་ཐུག་འཕྲད་བྱས་ནས་བཙན་དྲག་ལ་ང་ཚོ་ཐུན་མོང་གིས་འགོག་རྒོལ་བྱ་རྒྱུའི་ཆེད་སེམས་བརྟན་བཙུགས་ཡོད་པར་དགའ་ཚོར་བྱུང་ཞེས་བཤད། ད་ཐེངས་ཀྱི་ཚོགས་ཆེན་ཞོར་དུ་ཨ་རི་དང་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གཉིས་ལོགས་སུ་ཐུག་འཕྲད་བྱས་ནས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་ཡོད་པ་དང་བྱང་ཀོ་རི་ཡས་འཕུར་མདེལ་ཚོད་ལྟ་ཐེངས་འགའ་ཞིག་བྱས་པ་སོགས་གྲོས་སྡུར་བྱུང་ཞིང་། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཕྱི་ཟླ་༥་པའི་ནང་དུ་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཉི་ཧོང་གི་སྲིད་བློན། རྒྱ་གར་གྱི་སྲིད་བློན་དང་ཨོ་གླིང་གི་སྲིད་བློན་བཅས་བཞི་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་ཚོ་ཉི་ཧོང་ལ་ཚོགས་འདུ་འཚོགས་ནས་སྔ་ལོ་ཨ་རིའི་ཕོ་བྲང་དཀར་པོར་ལྷན་འཛོམས་གྲོས་མོལ་བྱུང་བའི་གྲོས་མོལ་ལ་བསྐྱར་ཞིབ། ད་ལོ་གྲོས་གཞི་གསར་པ་གང་ལ་གྲོས་སྡུར་བྱས་ནས་ཐག་གཅོད་བྱ་དགོས་མིན་སྐབས་དེར་གསལ་བསྒྲགས་བྱ་འཆར་འདུག ཐེངས་འདིའི་བཞི་འབྲེལ་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་རིམ་པའི་ཚོགས་འདུའི་ཐོག་ཏུ་གནད་དོན་གསར་པ་ཐག་གཅོད་བྱ་རྒྱུའི་རྟགས་མཚན་མེད་པའི་གནས་ཚུལ་སྤེལ། བཞི་འབྲེལ་རྒྱལ་ཁབ་ཀྱི་མཚོ་དམག་གིས་ལོ་ལྟར་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་དུ་དམག་སྦྱོང་བྱེད་ཀྱི་ཡོད་པར་མ་ཟད། ཨ་མི་རི་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་ལམ་གྱི་འགྲིམ་འགྲུལ་རང་དབང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཨ་རིའི་དམག་གྲུ་ཁག་གིས་སྐོར་གཡེང་བྱེད་ཀྱི་ཡོད་པ་ལུགས་མཐུན་ཡིན་པའི་སྒྲུབ་བྱེད་བཀོད། རྒྱ་ནག་གིས་བཞི་འབྲེལ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་གཞན་པ་དམིགས་འབེན་དུ་འཛིན་གྱི་འདུག འདི་ནི་གྲང་དམག་གི་དུས་སུ་ངན་པ་ལག་འབྲེལ་བྱས་ནས་དཔུང་བསྒྲིགས་པ་དང་གཅིག་མཚུངས་རེད་ཅེས་སྐྱོན་བཙུགས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ང་ཚོས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་གླིང་རྒྱལ་ཁབ་ཁག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཕྱི་གསལ་ནང་གསལ་ཡིན། ང་ཚོས་སྡེ་པ་གསུམ་པ་ཞིག་དམིགས་འབེན་དུ་འཛིན་པར་འབྲེལ་བ་འཛུགས་ཀྱི་མེད། རྒྱལ་ཁབ་ཚང་མས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་ནས་ལེགས་སྐྱེས་འབུལ་ཐུབ་པའི་རེ་བ་ཡོད་ཅེས་བསྒྲགས།།

བདུན་ཕྲག་སྔོན་མར་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་འཐབ་ཇུས་ཐོག་ཏུ་ཟླ་གྲོགས་བསྒྲིག་རྒྱུ་དེར་ཚད་འཛིན་མེད་ཅེས་ཁྱབ་བསྒྲགས་བྱས་པའི་རྗེས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨོ་གླིང་རྒྱལ་ཁབ་ཏུ་ཕེབས་ཡོད་ཅིང་། ཨ་མི་རི་ཀས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་དམངས་གཙོའི་ལམ་ལུགས་དར་ཡོད་པའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ནས་དཔུང་སྟོབས་བསྒྲིག་དགོས་རྒྱུའི་ཐབས་ཇུས་ཤིག་ལག་ལེན་བསྟར། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱ་རྒྱུའི་སྡིགས་ར་བསྐུལ་རྒྱུ་ཤུགས་ཆེ་རུ་ཕྱིན་པ་དང་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་ཕྱིར་བསྡུ། བོད་དང་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད་པ་བཅས་ཀྱིས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་སོང་། ན་ནིང་ཕྱི་ཟླ་༡༠་པའི་ནང་དུ་ཨ་མི་རི་ཀས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་ཡུལ་གྲུ་ཁག་ལ་དཔལ་འབྱོར་གྱི་འབྲེལ་བ་གསར་པ་ཞིག་འཛིན་རྒྱུའི་གྲོས་མོལ་བྱ་འཆར་ཡོད་ཅེས་བསྒྲགས། འོན་ཀྱང་ད་ལྟའི་བར་དུ་སྲིད་འཛིན་བྷ་ཌན་གྱི་གསལ་བསྒྲགས་དེའི་ཞིབ་ཆ་གང་ཡང་ཕྱིར་བསྒྲགས་མ་བྱུང་། ཨོ་གླིང་རྒྱལ་ཁབ་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧྥི་ཇཱི་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་རྒྱུ། དེ་ནས་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་ཞི་བདེའི་རྒྱ་མཚོའི་ནང་དུ་ཆགས་པའི་ཨ་རིའི་ཧ་ཝ་དབྱི་མངའ་སྡེར་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཉིས་ལ་བྱང་ཀོ་རི་ཡས་འཕུར་མདེལ་ཚོད་ལྟ་ལན་བྱས་པའི་གནད་དོན་ལ་གྲོས་མོལ་བྱ་རྒྱུ། ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་བ་ལྟར་ན། ཐོག་མར་༢༠༠༤་ལོར་ཨིན་རྡུ་ནེ་ཤི་ཡར་མཚོ་རླབས་འཕྱུར་ནས་མི་འབུམ་༡་ལྷག་ལ་འཆི་སྐྱོན་བྱུང་བའི་རྗེས་སུ་ངལ་སྐྱོབ་རོགས་རམ་ཆེད་དུ་བཞི་འབྲེལ་རྒྱལ་ཁབ་ཀྱི་མཐུན་ཚོགས་བཙུགས། ༢༠༢༠་ལོར་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་ནས་མི་གསོད་ཁྲག་སྦྱོར་གྱི་འཐབ་འཁྲུག་ལངས། ཨོ་གླིང་གི་སྲིད་བློན་མོ་རི་སན་གྱིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་ཞིབ་འཇུག་བྱ་དགོས་ཞེས་ནན་བརྗོད་བྱས་པའི་རྗེས་སུ་རྒྱ་ནག་གིས་ཨོ་གླིང་ལ་ཚོང་འབྲེལ་བཅད་ནས་བཟུང་། བཞི་འབྲེལ་རྒྱལ་ཁབ་ཀྱི་མཐུན་ཚོགས་འདི་ཚོང་ལས་དང་དཔལ་འབྱོར། ཚན་རིག་ལག་རྩལ་མཉམ་འབྲེལ། དམག་དོན་དང་བདེ་འཇགས་སྲུང་སྐྱོབ་ཀྱི་སྒྲིག་འཛུགས་ཞིག་ཏུ་གྱུར་འདུག

XS
SM
MD
LG