ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཡུཀ་རེན་ལ་ནང་འཁྲུག་གི་ཉེན་ཀ


ཟླ་བ་སྔོན་མར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མི་ཡ་གླིང་ཟུར་བཙན་འཕྲོག་བྱས་ཏེ། ས་གནས་དེའི་མི་དམངས་ལ་གླིང་ཟུར་དེ་ཨུ་རུ་སུའི་མངའ་ཁོངས་སུ་ཟླ་བསྒྲིལ་བྱ་དགོས་མིན་མང་མོས་འོས་འདེམས་བྱེད་དུ་བཅུག་ནས་བཟུང་། ཡུཀ་རེན་གྱི་ཤར་ཕྱོགས་སུ་ཨུ་རུ་སུའི་མི་རིགས་གྲངས་མང་ཡོད་སའི་ས་གནས་ཁག་ལའང་ཁ་བྲལ་གྱི་ལས་འགུལ་སྤེལ་རྒྱུ་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད་ཅིང་། དཔེར་ན་ཡུཀ་རེན་གྱི་ཤར་ཕྱོགས་ཀྱི་གྲོང་ཁྱེར་བཅུ་ཐམ་པའི་ས་གནས་སྲིད་གཞུང་ཁག་གི་ལས་ཁུངས་ཐོག་ཏུ་ཨུ་རུ་སུའི་རྒྱལ་དར་བཙུགས་ཏེ། གྲོང་ཁྱེར་དེ་དག་ཨུ་རུ་སུའི་ཁོངས་སུ་ཟླ་བསྒྲིལ་བྱ་དགོས་ཞེས་སྐད་འབོད་བྱས་པ་དང་། བདུན་ཕྲག་སྔོན་མའི་གཟའ་སྤེན་པ་ནས་མཚོན་ཆ་ཐོགས་པའི་ཡུལ་དམག་གིས་ཡུཀ་རེན་གྱི་གྲོང་ཁྱེར་དེ་དག་གི་སྲིད་གཞུང་བཙན་བཟུང་བྱས་པས། ཡུཀ་རེན་གྱི་གཞུང་གིས་དམག་བཏང་ནས་ཁ་བྲལ་གྱི་ལས་འགུལ་དེ་ཚོར་གནོན་སྡོམ་བྱེད་ཀྱི་ཡོད་པ་དང་ ཁ་སང་གཟའ་མིག་དམར་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་འཇར་མན་ཎིའི་སྲིད་བློན་ཨན་གྷི་ལཱ་མར་ཁེལ་ལ་ཁ་པར་བཏང་སྟེ། ཡུཀ་རེན་ལ་ནང་འཁྲུག་ལང་རྒྱུའི་ཛ་དྲག་ཧ་ཅང་ཇེ་ཆེར་འགྲོ་བཞིན་འདུག་ཅེས་ཉེན་བརྡ་བཏང་བ་དང་། སྲིད་འཛིན་ཕུ་ཀྲིན་གྱིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཤར་ཕྱོགས་ས་གནས་ཁག་ལ་བཙན་འཛུལ་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་མེད་ཀྱང་། སྲིད་འཛིན་ཕུ་ཀྲིན་དང་སྲིད་བློན་མར་ཁེལ་གཉིས་ཡུཀ་རེན་གྱི་གནད་དོན་ལ་ཨུ་རུ་སུ་དང་ཡུ་རོབ་མཉམ་འབྲེལ། ཨ་མི་རི་ཀ་དང་ཡུཀ་རེན་བཅས་ཕྱོགས་བཞིའི་ཕྱི་འབྲེལ་མི་སྣ་ཚོས་འཕྲལ་དུ་ཛ་དྲག་གི་གྲོས་མོལ་བྱེད་དགོས་པའི་གྲོས་མཐུན་བྱུང་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG