ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཕུ་ཊིན་ལ་ཕྱི་ཟླ་བཞི་པའི་ནང་སྐྲན་ནད་ཀྱི་སྨན་བཅོས་བྱས་སྐད།


༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་བདེ་ཐང་ཡིན་མིན་ནི་འཛམ་གླིང་ཡོངས་ཀྱིས་ཚོད་དཔག་དང་དཔྱད་སྡུར་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར། ཕྱི་ཟླ་༦་པའི་ཚེས་༢་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཁག་གིས་ཕུ་ཊིན་བདེ་ཐང་ཡིན་མིན་ཐད་ཞིབ་འཇུག་ཐེངས་བཞི་བྱས་ནས་ཕྱི་ཟླ་༥་པའི་ཟླ་མཇུག་དེར་སྙན་ཐོ་ཞིག་བཏོན། སྙན་ཐོ་དེར་ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་ཕྱི་ཟླ་༤་པའི་ཟླ་མཇུག་དེར་ཕུ་ཊིན་ལ་སྐྲད་ནད་ཀྱི་སྨན་བཅོས་བྱས་ནས་བསྐྱར་དུ་མང་ཚོགས་ཀྱི་མིག་ལམ་དུ་མཐོང་ཐོས་ཡོད་པར་གྱུར་པ་རེད། ཕྱི་ཟླ་༣་པའི་ནང་དུ་ཕུ་ཊིན་ལྐོག་གསོད་བྱ་རྒྱུའི་ཇུས་གཤོམ་ཞིག་བྱས་འདུག་ཀྱང་ལག་ལེན་བསྟར་མ་ཐུབ་པ་འདྲ། ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་འཕངས་ནས་དམག་འཁྲུག་རྒྱག་རྒྱུའི་ཉེན་ཁ་ནི་ཆེན་པོ་ཞིག་མི་འདུག ད་དུང་ཡང་ཕུ་ཊིན་གྱིས་སྲིད་དབང་བཟུང་ཡོད་ཀྱང་ཁོ་པ་སྔར་བཞིན་བླ་ན་མེད་པའི་དབང་འཛིན་པ་དེ་མ་རེད། ཁེ་རིམ་ལིན་སྲིད་འཛིན་ལས་ཁུངས་ནང་ལོགས་སུ་ཕུ་ཊིན་ལ་འཕྱ་སྨོད་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་མི་ཚང་མར་ཕུ་ཊིན་གྱི་སྲིད་དབང་མཇུག་སྒྲིལ་གྲབས་ཡོད་པའི་ཚོར་སྣང་ཞིག་མྱོང་གི་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག་ཅེས་ཨ་རིའི་གསང་བའི་ལས་ཁུངས་གསུམ་གྱི་ངོ་ཚབ་མཚོན་པའི་མཐོ་རིམ་ལས་སྣེ་གསུམ་གྱིས་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པར་ནང་མོལ་བྱས་འདུག ཨ་རིའི་མཐོ་རིམ་ལས་སྣེ་དེ་དག་ནི་རྒྱལ་ཡོངས་གསང་བའི་ལས་ཁུངས་ཁག་གི་སྤྱི་ཁྱབ་འགན་འཛིན་ལས་ཁུངས་ཀྱི་མཐོ་རིམ་ལས་སྣེ་ཞིག་དང་ཨ་རིའི་གནམ་དམག་གི་མཐོ་རིམ་ལས་སྣེ་ཟུར་པ་ཞིག ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་གསང་བའི་ལས་ཁུངས་ཀྱི་མཐོ་རིམ་ལས་སྣེ་ཞིག་བཅས་ཡིན་ཞིང་། ཁོ་ཚོས་ཕུ་ཊིན་གྱིས་རང་གི་བདེ་འཇགས་ལ་དོགས་ནས་མི་ལ་ཐུག་འཕྲད་གཏན་ནས་བྱེད་ཀྱི་མེད་པས་ཁོ་པ་བདེ་ཐང་ཡིན་མིན་ཏག་ཏག་ཅིག་ཁ་ཚོན་བཅད་ནས་བཤད་ཐུབ་རྒྱུ་ཁག་པོ་རེད་ཅེས་བཀྲལ།།

ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁུངས་ཁག་གི་སྤྱི་ཁྱབ་འགན་འཛིན་ལས་ཁུངས་ཀྱི་མཐོ་རིམ་ལས་སྣེ་དེས་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པར་ང་ཚོས་རྒྱ་མཚོའི་སྨུག་ལོང་ཁྲོད་དུ་འཁྱག་རི་ཞིག་ཡོད་པ་ཤེས་ཀྱི་འདུག ང་ཚོའི་གནས་ཚུལ་འབྱུང་ཁུངས་ཡག་ཤོས་ཤིག་ནི་ཕུ་ཊིན་གྱིས་ཕྱི་ལ་འབྲེལ་བ་བྱེད་ཀྱི་ཡོད་པ་དེ་བརྒྱུད་ནས་ཤེས་རྟོགས་ཐུབ་ཀྱི་ཡོད། འོན་ཀྱང་ཡུཀ་རེན་གྱི་དམག་འཁྲུག་རྗེས་སུ་ཕུ་ཊིན་གྱིས་ཕྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཉུང་ཤས་ཤིག་ལ་མ་གཏོགས་ཐུག་འཕྲད་བྱེད་ཀྱི་མེད་པས་གསང་བའི་གནས་ཚུལ་གྱི་འབྱུང་ཁུངས་དེ་འགགས་པ་རེད། ད་ལྟ་ཕུ་ཊིན་ཁེར་ལོགས་སུ་བསྡད་ནས་ཕྱིའི་མི་ལ་གདོང་བསྟན་ནས་ཐུག་གི་མེད་པར་ཚང་མས་ཚོད་དཔག་བྱ་དགོས་པ་ཞིག་ཏུ་གྱུར་འདུག ང་ཚོས་སྤྲད་པའི་གནས་ཚུལ་འདིར་གཟབ་ནན་བྱ་དགོས་ཞེས་གློག་འཕྲིན་བཏང་ནས་ནན་གྱིས་བསྐུལ། ཨ་རིའི་གནམ་དམག་གི་མཐོ་རིམ་ལས་སྣེ་ཟུར་པ་དེས་ཀྱང་ང་ཚོ་སྟོང་བསམ་གྱི་དབང་དུ་འགྲོ་མི་ཉན། ང་ཚོ་ཨོ་ས་མ་བྷིན་ལ་ཌན་དང་ས་ཏམ་ཧུ་སེན་གྱི་གནད་དོན་ཐོག་ཏུ་ནོར་འཁྲུལ་བྱུང་ནས་ཉམས་མྱོང་ཆེན་པོ་ཞིག་བསགས་པ་རེད་ཅེས་བསྟན། མི་ཚོར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ཞེས་གླེང་ཚེ། ཁོ་པ་སྟོད་ཧྲང་ལ་རྟར་བཞོན་ཡོད་པ་དང་འཁྱག་གྲུག་རྩེད་བཞིན་པ། ཤ་རྒོད་བསྟན་ནས་ཆུ་རྐྱལ་རྒྱག་གི་ཡོད་པའི་ཕོ་རྒོད་བདེ་ཐང་ཅན་ཞིག་གི་དོན་སྤྱི་མིག་ལམ་དུ་འཆར་བར་འགྱུར། འོན་ཀྱང་ད་ལོ་ཕུ་ཊིན་གྱིས་ཕྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཁག་ཅིག་ལ་ཐུག་འཕྲད་བྱས་པའི་སྐབས་སུ་ཅོག་ཙེ་དཀར་པོ་རིང་པོ་ཞིག་གིས་བར་མཚམས་བཅད་ནས་མི་ལ་ཐུག་རྒྱུར་འཛེམས། ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁུངས་ཁག་གི་སྤྱི་ཁྱབ་འགན་འཛིན་ལས་ཁུངས་ཀྱི་མཐོ་རིམ་ལས་སྣེ་དེས་ཕུ་ཊིན་གྱིས་ཧྥ་རན་སིའི་སྲིད་འཛིན་སོགས་ལ་ལག་པ་བཏང་བ་དང་འཐམས་ནས་འཚམས་འདྲི་ཞུས་མེད་པ་རེད། སྐབས་དེར་ཧྥ་རན་སིའི་གསང་བའི་ལས་ཁུངས་ཀྱིས་བརྟག་དཔྱད་གཟབ་ནན་བྱས་ནས་གནས་ཚུལ་ཁག་ཅིག་ཤེས་རྟོགས་ཐུབ་ཀྱང་ཨ་མི་རི་ཀར་གསང་བའི་གནས་ཚུལ་དེ་བཤད་མ་བྱུང་ཞེས་བཤད།།

ཕྱི་ཟླ་༤་པའི་ཚེས་༢༡་ཉིན་ཕུ་ཊིན་གྱིས་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་ཤོ་གུ་ལ་ཐུག་འཕྲད་བྱས་པའི་སྐབས་དེའི་བརྙན་འཕྲིན་ལ་ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་བརྟག་དཔྱད་ཞིབ་ཚགས་བྱས་ནས་ཕོ་བྲང་དཀར་པོར་སྙན་ཐོ་ཕྱོགས་བསྒྲིགས་བྱས་ཤིང་། ཨ་རིའི་གསང་བའི་ལས་ཁུངས་ཁག་གི་ཉམས་ཞིབ་པ་ཚང་མར་ཕུ་ཊིན་བདེ་ཐང་མེད་པ་དང་ཧ་ལམ་འཆི་གྲབས་མེད་དམ་སྙམ་པའི་དོགས་པ་ཞིག་བྱུང་། ཕྱི་ཟླ་༥་པའི་ཚེས་༩་ཉིན་ཨུ་རུ་སུའི་རྒྱལ་ཁའི་ཉིན་མོར་ཕུ་ཊིན་རྐུབ་བཀྱག་ནང་དུ་ཐིམ་ནས་བསྡད་པ་དང་པང་ཐོག་ཏུ་ཀམ་པ་ལི་མཐུག་པོ་ཞིག་བཀབ། ཕུ་ཊིན་ངལ་དུབ་ཀྱིས་མནར་ཡོད་པའི་རྣམ་པ་ཞིག་ཐོན་ཡོད་པས་ཕུ་ཊིན་ལ་ནད་གཞི་ལྕི་མོ་ཞིག་ཕོག་ཡོད་པ་དཔོག་ནུས། དེ་ནས་ཉི་མ་གསུམ་གྱི་རྗེས་སུ་ཡུཀ་རེན་གྱི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་དམག་སྤྱི་བྷུ་དྷ་ནོབ་ཀྱིས་དབྱིན་ཇིའི་གསར་འགྱུར་ལས་ཁང་ལ་ཕུ་ཊིན་གྱི་ལུས་ཁམས་དང་སེམས་ཁམས་གཉིས་ཀ་ཧ་ཅང་སྡུག་པོ་རེད། ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཚོའི་ནང་ཁུལ་དུ་ཕུ་ཊིན་མགོ་རྟིང་སློག་རྒྱུའི་གྲོས་སྡུར་བྱེད་ཀྱི་འདུག་ཅེས་བསྒྲགས། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་ནང་ཁུལ་ནས་ཕུ་ཊིན་ལྐོག་གསོད་བྱ་ཐབས་བྱས་པ་རེད་ཅེས་ཕྱི་ལ་སྦིར་གཏམ་ཞིག་ཁྱབ། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུའི་བདེ་འཇགས་སྲུང་སྐྱོབ་ལྷན་ཁང་ཁག་གི་མཐོ་རིམ་འགོ་ཁྲིད་ཚོ་ནང་ཁུལ་དུ་འགལ་ཟླ་ལངས་ཡོད་པའི་གནས་ཚུལ་མང་དག་ཅིག་གོ་ཐོས་བྱུང་། དེ་བཞིན་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་འགའ་ཞིག་གིས་ཕྱིའི་རྒྱལ་ཁབ་ཁག་ལ་མགོ་བཏགས་ཞུས་ནས་ཕུ་ཊིན་ལ་རྒྱབ་གཏོད་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ། ཨ་རིའི་གསང་བའི་ལས་ཁུངས་ཁག་གི་སྤྱི་ཁྱབ་འགན་འཛིན་ལས་ཁུངས་ཀྱི་མཐོ་རིམ་ལས་སྣེ་དེས་སྔོན་ཆད་ཕུ་ཊིན་སུ་གཅིག་གིས་གླགས་མི་ཁེལ་བའི་མི་ཞིག་རེད། ད་ལྟ་ཁོ་པས་རང་གི་སྲོག་མགོ་ཐོན་ཐབས་ལ་འབད་བརྩོན་བྱེད་དགོས་པ་ཞིག་ཏུ་གྱུར་འདུག་ཅེས་བཤད།།

གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཕུ་ཊིན་ལ་ན་ཚ་ཡོད་པ་ནི་རྩོད་མེད་ཅིག་ཡིན་མོད། འོན་ཀྱང་ཕུ་ཊིན་འཆི་གྲབས་ཡོད་པའི་མཐའ་སྡོམ་རྒྱག་དཀའ། ཕུ་ཊིན་གྱི་རྗེས་སུ་དབང་འཛིན་པ་བརྟན་པོ་ཞིག་མ་བྱུང་ན་འཛམ་གླིང་འདིར་ཉེན་ཁ་ཆེན་པོ་འབྱུང་ངེས་རེད་ཅེས་ཉེན་བརྡ་བཏང་འདུག ཨ་རིའི་གནམ་དམག་གི་མཐོ་རིམ་ལས་སྣེ་ཟུར་པ་དེས་སྔོན་ཆད་ཨ་རིའི་དབུས་གསང་བའི་ལས་ཁུངས་ལ་ཨི་ཇེབ་དང་སོ་ཌི་ཨ་རེ་བྷི་ཡ། འཇོར་ཌན་དང་ཁུ་ཝེ་ཐེའི་འགོ་ཁྲིད། ཕྱི་ལོགས་སུ་ཡོད་པའི་ཨི་རཀ་གི་བཙན་བྱོལ་བ་ཚོས་ས་ཏམ་ཧུན་སེན་ལ་གཏོར་ཚབས་ཆེ་བ་དང་རྫས་འགྱུར་མཚོན་ཆ་འདུག་ཅེས་གནས་ཚུལ་མཁོ་སྤྲོད་བྱས་པ་རྣམས་བདེན་པ་མིན་པ་ཕྱིས་སུ་ར་འཕྲོད་པ་རེད། ཨོ་ས་མ་བྷིན་ལ་ཌན་ལ་མཁལ་མའི་ན་ཚ་ཕོག་སྟེ་འཆི་གྲབས་འདུག་ཅེས་གནས་ཚུལ་ཐོན་པའང་རྫུན་དུ་ཟད། དེས་ན་ཕུ་ཊིན་འཆི་གྲབས་ཡོད་པའི་གནས་ཚུལ་ཐོན་པ་རྣམས་མཐའ་གཅིག་ཏུ་བདེན་པར་འཛིན་མི་ཉན། ཨི་ཇེབ་སོགས་ལ་གསང་བའི་གནས་ཚུལ་དེ་རྣམས་གང་ནས་རག་པ་རེད། ས་ཏམ་ཧུ་སེན་གྱིས་ཨ་རིའི་བཙན་འཛུལ་འགོག་ཐབས་སུ་བསམ་བཞིན་གནས་ཚུལ་ལོག་པ་བཀྲམ་པ་རེད་ཅེས་ཉེན་བརྡ་བཏང་འདུག ཕྱི་ཟླ་༥་པའི་ཚེས་༢༦་ཉིན་ཕུ་ཊིན་རྒྱལ་ས་མོ་སི་ཀོའི་སྨན་ཁང་ཞིག་ཏུ་དམག་མི་རྨས་མ་ཚོར་ཐུག་འཕྲད་དུ་བསྐྱོད། ཨི་ཊ་ལིའི་སྲིད་བློན་ལ་ཁ་པར་ནང་དུ་ཁ་བརྡ་བྱས་པར་མ་ཟད། ཕུ་ཊིན་གྱིས་དྲྭ་ལམ་དུ་ཨུ་རུ་སུའི་ཚོང་པའི་མཐུན་ཚོགས་ལ་གཏམ་བཤད་བྱས་ཤིང་། བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་ཕུ་ཊིན་གྱིས་ཏུར་ཀིའི་སྲིད་འཛིན་ཨེར་དྷོ་ཝན་ལ་ཁ་པར་ནང་དུ་ཁ་བརྡ་བྱས་འདུག ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཁག་གིས་སྐབས་སོ་སོའི་ཕུ་ཊིན་གྱི་བརྙན་འཕྲིན་ཁག་ལ་བརྟག་དཔྱད་ནན་ཏན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་སར་གྷེ་ལཱ་ཝ་རོབ་ཀྱིས་ཧྥ་རན་སིའི་བརྙན་འཕྲིན་ལས་ཁང་ཞིག་ལ་སྐྱེ་བོ་རྣམ་རིག་ཐང་པོ་ཞིག་ཡིན་ན་ཕུ་ཊིན་ལ་ནད་མནར་བྱུང་སྟེ་འཆི་གྲབས་འདུག་ཟེར་གྱི་མ་རེད། ཕུ་ཊིན་ནི་བདེ་ཐང་ཡིན་པ་དང་བརྙན་འཕྲིན་ནང་གི་འགུལ་སྐྱོད་དང་གཏམ་བཤད་བཅས་ལ་ལྟ་ཉན་བྱས་ན་ཤེས་རྟོགས་ཐུབ་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ཕྱི་ཟླ་༦་པའི་ཚེས་༢་ཉིན་ཨ་རིའི་ཧིལ་གསར་ཁང་གིས་ཕུ་ཊིན་བདེ་ཐང་ཡིན་མིན་དེ་ལོ་མང་གི་ཚོད་དཔག་དང་རྩོད་པ་ཞིག་རེད། བྱ་བ་གང་ཞིག་གཞུང་འབྲེལ་གྱིས་ངེས་གཏན་མ་བྱུང་བར་དུ་ཆབ་སྲིད་ཀྱི་གླེང་ཕྱོགས་ཁག་ལ་ཡིད་ཆེས་བྱེད་མི་ཉན། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་བདེ་ཐང་ཡིན་མིན་ཚོད་དཔག་བྱ་རྒྱུ་ནི་ཤིན་ཏུ་དཀའ། རྒྱལ་སྤྱིའི་ཐོག་ཏུ་ལོ་ན་༦༩་ལ་སོན་པའི་ཕུ་ཊིན་བདེ་ཐང་ཡིན་མིན་གླེང་སློང་བྱ་རྒྱུ་མང་དྲགས་ཏེ་ཕྱི་སྲིད་བློན་ཆེན་ལཱ་ཝ་རོབ་ཀྱིས་འགྲེལ་བཤད་རྒྱག་དགོས་ཐུག་པ་རེད་ཅེས་གནས་ཚུལ་སྤེལ། འཛམ་གླིང་གི་སྨན་པ་མཁས་པ་ཚོས་ཕུ་ཊིན་ལ་ན་ཚ་ཡོད་པའི་རྟགས་མཚན་གསལ་པོ་ཞིག་མི་འདུག ཁོ་པར་ན་ཚ་ཡོད་མེད་བརྟག་དཔྱད་མ་བྱས་པར་ཐག་གཅོད་བྱ་རྒྱུ་ཁག་པོ་རེད་ཅེས་སྡོམ་ཚིག་བརྒྱབ། ཡིན་ནའང་༢༠༢༠་ལོའི་ཕྱི་ཟླ་༡༡་པར་ཕུ་ཊིན་གྱིས་ཨུ་རུ་སུའི་ནོར་སྲིད་བློན་ཆེན་ལ་དྲྭ་ལམ་དུ་གླེང་མོལ་བྱས་པའི་སྐབས་སུ་གློ་བརྒྱབ་ནས་སྐད་ཆ་མཚམས་ཆད། ༢༠༢༡་ལོའི་ཕྱི་ཟླ་༩་པར་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་བཅུ་གྲངས་ཤིག་ལ་ཏོག་དབྱིབས་ནད་དུག་འགོས་པའི་རྗེས་སུ་ཕུ་ཊིན་བདུན་ཕྲག་གཉིས་ལ་ཟུར་འགོག་བྱས་པ་དང་ཕུ་ཊིན་ལ་ཐུག་འཕྲད་བྱེད་དགོས་པ་རྣམས་གཟའ་འཁོར་གཉིས་ལ་ཟུར་འགོག་བྱེད་དགོས་པའི་ཁྲིམས་ཤིག་གཏན་ལ་ཕབ། གང་ལྟར་ཉེ་དུས་ཤིག་ནས་ཕུ་ཊིན་ལ་ཕོ་སྐྲན་དང་ཁྲག་སྐྲན། སྐེ་རྨེན་འབྲས་ནད་དང་རྩ་འདར་བཅས་ཀྱི་ན་ཚ་ཚབས་ཆེན་འགའ་ཕོག་ཡོད་པ་རེད་ཅེས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG