ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༧/༡༤

ཕུ་ཊིན་གྱིས་དམག་སྤྱི་༣་གནས་དབྱུང་དང་དམག་འཁྲུག་གི་དཀའ་ངལ།


Russia Ukraine
Russia Ukraine

༄༅།། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་རྒྱལ་ཁ་མ་ཐོབ། སྲིད་འཛིན་ཕུ་ཊིན་གྱིས་དམག་སྤྱི་གསུམ་གནས་དབྱུང་བཏང་སྟེ་ཡུཀ་རེན་གྱི་དམག་སའི་བཀོད་འདོམས་པ་ཁག་ཅིག་འཕོ་འགྱུར་བཏང་ཞིང་། ཕྱི་ཟླ་༨་པའི་ཚེས་༨་ཉིན་དེ་རིང་གི་ཨ་རི་ཞེས་པའི་གསར་ཁང་གིས་དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གི་གནས་ཚུལ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། ཨུ་རུ་སུའི་དམག་སྤྱི་ཌི་ཝོར་ཎི་ཀོབ་ཅེས་བྱ་བ་ནི་ཡུཀ་རེན་གྱི་དམག་འཁྲུག་གི་སྤྱི་ཁྱབ་བཀོད་འདོམས་པ་ཡིན་རུང་བདུན་ཕྲག་སྔོན་མར་གནས་དབྱུང་བཏང་འདུག དེ་བཞིན་དམག་སྤྱི་ཛུ་རབ་ལེབ་ཅེས་པ་ནི་༢༠༡༨་ནས་ཨུ་རུ་སུའི་ནུབ་ཕྱོགས་དཔུང་སྡེའི་བཀོད་འདོམས་པ་ཡིན་མོད། འོན་ཀྱང་བདུན་ཕྲག་སྔོན་མར་ཨུ་རུ་སུའི་རྒྱལ་ས་རྙིང་པ་སན་ཊི་ཕི་ཊིར་སི་བྷག་གྲོང་ཁྱེར་དུ་མཚོ་དམག་གི་དུས་དྲན་ཚོགས་པ་དེའི་མཛོད་སྒོའི་ཐོག་ཏུ་མཐོང་ཐོས་མེད་པས་གནས་དབྱུང་བཏང་བ་ཡིན་ཤས་ཆེ། ཨུ་རུ་སུའི་ལྷོ་ཕྱོགས་དཔུང་སྡེའི་དམག་སྤྱི་ཞིག་ཀྱང་གནས་དབྱུང་བཏང་འདུག ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་སྟེ་ཉུང་མཐར་ཡང་ཨུ་རུ་སུའི་དམག་སྤྱི་༡༠་ཐམ་པ་དམག་སར་བསད། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུན་བྱས་ནས་གྲུབ་འབྲས་ཡག་པོ་ཞིག་འཐོན་གྱི་མེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་གཏན་འཇགས་ཀྱི་དམག་དཔུང་བཀོད་འདོམས་པ་མེད་པར་ཐུག་འདུག ཐོག་མར་ཕུ་ཊིན་གྱིས་ཡུཀ་རེན་རྒྱལ་ཡོངས་བཙན་འཕྲོག་བྱ་རྒྱུའི་རྩིས་བརྒྱབ་ཀྱང་དམག་འཁྲུག་ལ་ཇུས་ཉེས་བྱུང་། ད་ལྟ་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་གནས་ཁག་ཅིག་མ་གཏོགས་ལེན་མ་ཐུབ། ཨུ་རུ་སུའི་དམག་དཔུང་བཀོད་འདོམས་པ་ཚོར་རྟག་ཏུ་འཕོ་འགྱུར་གཏོང་བ་དང་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་ལ་སྲོག་སྐྱོན་འཕོག་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཕུ་ཊིན་གྱིས་དམག་འཁྲུག་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཡིན་མིན་ཐོ་ཚོམ་རེད་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་དམག་མི་དང་མི་དམངས་དཀྱུས་མ་གཉིས་ལ་དབྱེ་བ་མེད་པར་གཏོར་རྒོལ་བྱས་ནས་དམར་གསོད་དང་ཁང་པ་རྣམས་ཐལ་བའི་རྡུལ་དུ་བརླག ཐ་ན་ཡུཀ་རེན་གྱི་ཞིང་པའི་སྟོན་ཐོག་རྣམས་ཀྱང་མེར་སྲེག་བཏང་ནས་བསྡུ་རྒྱུ་མེད་པར་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཡུཀ་རེན་གྱི་དམག་འཁྲུག་གིས་ཨུ་རུ་སུའི་སྐྱེས་པ་རྣམས་དམག་ས་ཁག་ཏུ་བསད་པ་དང་ཤུལ་ལུས་བཟའ་མི་རྣམས་སྡུག་ལ་སྦྱར། ཨ་རུ་སུའི་དམག་མིའི་ཕ་མ་དང་བཟའ་ཟླ། སྤུན་མཆེད་དང་དགའ་ཉེ་གྲོགས་པོ་རྣམས་ཁོང་ཁྲོས་བརྟས་ཀྱང་ཅི་བྱ་གཏོལ་མེད་དུ་གྱུར། ཕྱི་ཟླ་༨་པའི་ཚེས་༦་ཉིན་ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་ན་༢༤་ལ་སོན་པའི་ཕོ་གསར་ཡེབ་གྷེ་ཎི་ཆུ་བྷ་རཱིན་ཞེས་པའི་བརྩིགས་རྡོ་བཟོ་གྲྭ་ཞིག་གི་བཟོ་པས་དམག་ཁོངས་སུ་ཞུགས་ཀྱི་ཡོད་ཅེས་ཨ་མར་བཤད། ཁོ་པར་ཕྱི་ཟླ་༥་པའི་ཚེས་༡༥་ཉིན་ཨེ་ཁེ་༤༧་རྟགས་ཅན་གྱི་འཕྲུལ་མདའ་བཀྲམ་ནས་དམག་སར་བཏང་སྟེ་ཕྱི་ཉིན་དམག་སར་ཤི། ལོ་ན་༥༩་ལ་སོན་པའི་ཨུ་རུ་སུ་དམག་ཤོག་གི་དུས་སྐབས་ཀྱི་གནམ་དམག་གི་ཁ་ལོ་བ་ཟུར་པ་ཀུ་རོ་ཊི་ཞེས་པ་ཞིག་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་ཞུགས་འདོད་ཡོད་ཅེས་སྙན་ཞུ་ཐེངས་འགའ་ཞིག་ཕུལ། ཁོ་པ་ཕྱི་ཟླ་༦་པའི་ནང་དུ་ཨུ་རུ་སུའི་དམག་ཁོངས་སུ་བཅུག་སྟེ་ཉིན་ཤས་གཞུག་དེར་སུ་༢༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུའི་སྦྱོང་བརྡར་དུས་སུ་ཤི། ཀུ་རོ་ཊི་ལ་ཤུལ་དུ་ཆུང་མ་དང་ལོ་༨་ལ་སོན་པའི་བུ་མོ་ཞིག་ཡོད་ཅིང་། ལོ་འདིའི་ཕྱི་ཟླ་༤་པའི་ཚེས་༡༣་ཉིན་ཡུཀ་རེན་གྱིས་འཕུར་མདེལ་བརྒྱབ་ནས་ཨུ་རུ་སུའི་མཚོ་དམག་གི་གཙུག་རྒྱན་ལྟ་བུའི་དམག་གྲུ་མོ་སི་ཀ་བྷ་མཚོ་ནང་དུ་བསྣུབས། ཤེཀ་རེ་བྷེ་ཊི་སི་ཞེས་པའི་ཨ་ཕ་ཞིག་གིས་ངའི་བུ་ཡེ་གྷོར་དམག་ཁྲལ་བརྒྱུགས་ནས་གྲུ་གཟིངས་དེའི་ནང་དུ་ཡོད། ཁོ་པ་སྐབས་དེར་གར་སོང་ཆ་མེད་དུ་གྱུར་པའི་ཐོ་གཞུང་དུ་བཀོད་པ་དང་ཨུ་རུ་སུའི་གཞུང་གིས་ཉི་མ་༡༡༡་གི་རྗེས་སུ་ང་ལ་ཡེ་གྷོར་ཤི་བ་རེད་ཅེས་དཔང་ཡིག་སྤྲོད་བྱུང་། འདི་ནི་བཟོད་སླ་བ་ཞིག་མ་རེད། ང་ཚོར་བདེ་སྐྱིད་ངོ་མ་ཞིག་ཐོབ་ཐབས་བྲལ། གང་ཐད་དུ་སྔར་བཞིན་མིན་པ་དང་ང་ཚོ་མ་འདྲ་བ་ཞིག་ཏུ་གྱུར་སོང་། ང་ཚོའི་སྡུག་བསྔལ་ཆེ་རུ་ཕྱིན་ཀྱང་ཇེ་མཁྲེགས་དང་སྙིང་སྟོབས་ཆེ་རུ་ཕྱིན་ཡོད། ད་ནས་ང་ཚོ་སྐྲག་དགོས་ས་དེ་དག་ལའང་མི་སྐྲག་ཅེས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ།།

ཨུ་རུ་སུའི་གཞུང་གིས་མི་དམངས་སྒེར་གྱི་སྡུག་བསྔལ་དང་དམག་འཁྲུག་གི་དཀའ་ངལ་རྣམས་གླེང་སློང་བྱེད་དུ་འཇུག་གི་མེད་པར་མ་ཟད། ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་རྒྱག་གི་ཡོད་པར་དམིགས་བསལ་གྱི་དམག་དོན་ལས་འགུལ་ཞེས་མིང་བཏགས་ནས་དམག་འཁྲུག་མི་ཟེར། ཨུ་རུ་སུའི་དམག་གིས་རང་གི་བདེ་འཇགས་དོན་དུ་ན་ཛི་གསར་པ་དང་ནུབ་ཆིངས་ལ་འགོག་རྒོལ་བྱེད་ཀྱི་ཡོད་ཅེས་དམག་འཁྲུག་གི་ངོ་བོ་བསྒྱུར། ཨོ་གླིང་གི་ལོ་ཝི་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་བྷོབ་ལོ་ཡིས་ཕུ་ཊིན་གྱིས་ཨུ་རུ་སུའི་དམག་ལ་འཆི་རྨས་ཚབས་ཆེན་འབྱུང་གི་ཡོད་པ་གསང་རྒྱ་བྱེད་ཐུབ་ཀྱི་ཡོད་པ་འདྲ། ཨུ་རུ་སུའི་མི་དམངས་ཀྱིས་དམག་འཁྲུག་ལ་རྒྱབ་སྐྱོར་ཅི་ཙམ་བྱེད་ཀྱི་ཡོད་མེད་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་དཀའ། ཨུ་རུ་སུའི་གཞུང་གིས་མི་དམངས་བརྒྱ་ཆ་༧༢་ལྷག་གིས་དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྙན་ཐོ་བཏོན་འདུག་ཅེས་བཀྲལ། ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་དམག་སར་ཤི་བའི་མིའི་གྲངས་འབོར་ནི་རྒྱལ་ཁབ་ཀྱི་གསང་བར་བརྩིས་ནས་དེ་ལ་དོགས་གཅོད་བྱེད་པའམ། ཡང་ན་དམག་འཁྲུག་ལ་སྐྱོན་བརྗོད་བྱས་ན་ཁྲིམས་འགལ་དུ་བརྩིས། རང་བཙན་གྱི་གསར་འགོད་པ་ཚོས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་ལ་སྲོག་སྐྱོན་དང་རྨས་སྐྱོན་འཕོག་གི་ཡོད་པའི་གནས་ཚུལ་སྤེལ་ན་དཀྲོག་གཏམ་རེད། མི་མང་གིས་མྱ་ངན་བྱས་ནས་སྡུག་བསྔལ་མྱོང་གི་ཡོད་པ་རྣམས་ཁྱབ་བསྒྲགས་བྱུང་ན་སྤྱི་དམངས་གཉའ་ཆག་གི་རེད་ཅེས་དྲྭ་ཚིགས་ཁག་ཅིག་སྒོ་བརྒྱབ། ཕུ་ཊིན་གྱིས་དམག་འཁྲུག་ལ་ཁོང་ཁྲོ་ལངས་ཡོད་པའི་མི་མང་གི་ཁ་འགོག་རྒྱུ་དང་ལས་འགུལ་བ་ཚོའི་མགོ་བོ་གནོན་རྒྱུ་གཙིགས་སུ་བཟུང་འདུག་ཅེས་གནས་ཚུལ་ཐོན།།

ཨུ་རུ་སུའི་དམག་མི་འདས་པོ་རྣམས་ཀྱི་བཟའ་མི་ཚོས་མི་ལ་སྲོག་སྐྱོན་ཕོག་པའི་གྲངས་འབོར་ཁ་གསལ་ཞིག་ཕྱིར་བྱེད་མི་ཕོད། རང་བཙན་གྱི་གསར་འགྱུར་ལས་ཁང་ཁག་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རང་ཐད་དུ་གྲངས་འབོར་རགས་རིམ་ཞིག་བསྡུ་རུབ་བྱེད་ཀྱི་ཡོད་པ་སྟེ། ཨུ་རུ་སུའི་མཱི་ཌི་ཡ་ཛོ་ན་དང་བྷི་བྷི་སི་གསར་ཁང་གི་ཨུ་རུ་སུའི་སྐད་ཡིག་སྡེ་ཚན་གཉིས་ཀྱིས་དམག་མི་༥༡༨༥་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་འདུག་ཅེས་གནས་ཚུལ་སྤེལ། ཨ་རིའི་དབུས་གསང་བའི་ལས་ཁུངས་དང་དབྱིན་ཇིའི་ཕྱི་སོ་ལས་ཁུངས་གཉིས་ཀྱིས་ཨུ་རུ་སུའི་དམག་མི་༡༥༠༠༠་ཡས་མས་ཤིག་ལ་སྲོག་སྐྱོན་དང་དམག་མི་༤༥༠༠༠་ཙམ་ལ་རྨས་སྐྱོན་ཕོག་འདུག་ཅེས་གནས་ཚུལ་སྤེལ། ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཤི་བ་མང་ཆེ་བ་ནི་ཌ་གྷེ་སི་ཐན་གྱི་ཁ་ཆེ་དང་ཧོར་སོག་གི་རིགས་རྒྱུད་བྷུ་རི་ཡའི་ནང་པ་རྣམས་ཡིན་ཞིང་། ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་མི་འབོར་ས་ཡ་༡༢་དང་ཕྱེད་ཀ་ཡོད་ཀྱང་མི་དམག་༡༡་དང་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་གྱི་མི་༣༥་མ་གཏོགས་དམར་སར་མ་ཤི། ཨུ་རུ་སུའི་གཞུང་གིས་གྲངས་ཉུང་མི་རིགས་དང་མཐའ་ཁོབ་ས་གནས་ཁག་གི་སྐྱེས་པ་ཚོ་ཡུཀ་རེན་གྱི་དམག་སར་བཏང་སྟེ་བསད་རྨས་ཚབས་ཆེན་ཕོག ཨུ་རུ་སུའི་རྒྱ་ས་གཙོས་གྲོང་ཁྱེར་ཁག་གི་འབྱོར་ལྡན་པ་མི་རིགས་དཀར་པོ་དང་མིག་ལྗང་ཁུ། ཤ་མདོག་དཀར་པོ་དང་སྐྲ་ལོ་སེར་པོ་ཅན་རྣམས་དམག་སར་ཤི་བ་ཧ་ཅང་ཉུང་ཉུང་རེད་ཅེས་ཐེར་འདོན་བྱས་འདུག བྷུ་རི་ཡའི་རྒྱལ་ས་ཨུ་ལན་ཨུ་དྷེའི་རང་བཙན་གྱི་གསར་འགྱུར་དྲྭ་ཚིགས་ཤིག་ཏུ་བྷུ་རི་ཡའི་སྐྱེས་པ་༢༥༠་ལྷག་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་འདུག་ཅེས་བཀོད། དེར་བརྟེན་ཁ་སྔོན་ཕྱི་ཟླ་༦་པའི་ནང་བྷུ་རུ་ཡའི་ཆུང་མ་ཁག་ཅིག་གིས་རང་གི་ཁྱོ་ག་རྣམས་དམག་ས་ནས་རང་ཁྱིམ་ལ་ཡོང་དུ་འཇུག་དགོས་ཞེས་ས་གནས་གཞུང་ལ་ངོ་རྒོལ་བྱས་ནས་དགོས་འདུན་བཏོན། བྷུ་རི་ཡའི་སྐྱེས་པ་བརྒྱ་ཕྲག་མང་པོས་དམག་ཞབས་ཀྱི་གན་རྒྱ་རྣམས་ཇི་ལྟར་བརྩི་མེད་གཏོང་དགོས་མིན་ལམ་སྟོན་གནང་རོགས་ཞེས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེར་འབོད་སྐུལ་ཞུ་ཡི་ཡོད་པའི་གནས་ཚུལ་ཐོན་འདུག

བྷུ་རི་ཡའི་བུད་མེད་ར་ཡེ་ས་དྷུ་ག་རོ་ཝ་ཞེས་པ་ཞིག་གིས་ང་ཚོས་ཅིའི་ཕྱིར་ཉིན་ལྟར་རང་གི་བུ་རྣམས་ཀྱི་ཕུང་པོ་དུར་སྦས་བྱེད་དགོས་པ་རེད། ང་ཚོས་ཅིའི་ཕྱིར་འདི་སྒྲུབ་དགོས་ཀྱི་ཡོད་པ་རེད་ཅེས་དྲྭ་ལམ་དུ་མཆན་བྲིས། ཡ་ཀོབ་ལེ་ཝ་ཞེས་པ་ཞིག་གིས་ཀྱང་དཀོན་མཆོག་མཁྱེན། དམག་འཁྲུག་འདི་མྱུར་དུ་མཚམས་ཆད་དུ་ཆུགས། ང་ཚོའི་སྐྱེས་པ་ཅི་ཙམ་འཆི་དགོས་པ་རེད། ངའི་སེམས་པ་སྡུག་བསྔལ་གྱིས་དུམ་བུར་བཏང་སོང་། ངས་འདི་ལ་ངོས་ལེན་ཇི་ལྟར་བྱེད་དགོས་པ་དང་གསོན་གནས། སྡུག་བསྔལ་བརྗེད་དུ་བཅུག་སྟེ་ཇི་ལྟར་འཚོ་དགོས་པ་ཤེས་ཀྱི་མི་འདུག་ཅེས་མཆན་བྲིས། ཕྱི་ཉིན་དེར་དྲྭ་ཚིགས་དེའི་ནང་དུ་ཚ་ཀིར་གྲོང་ཚོའི་ལོ་ན་༣༠་ཡས་མས་སུ་སོན་པའི་ཛོལ་ཏོ་འཆི་མེད་ཏོབ་དམག་སར་ཤི་བ་རེད། འདས་པོ་དེའི་ཤུལ་དུ་ཆུང་མ་དང་ཕྲུ་གུ་༣་ལུས་འདུག་ཅེས་གནས་ཚུལ་གསར་དུ་བསྣན། ཎི་ན་ཆུ་རི་ན་ཞེས་པའི་ཨ་མ་ཞིག་གིས་ང་བུས་ཟླ་བ་གསུམ་ལ་དམག་ཁོངས་སུ་ཞུགས་རྒྱུའི་གན་རྒྱ་བཞག་པ་རེད། ཁོ་པས་རང་ཉིད་ཕོ་ཁྱོ་ག་ཞིག་ཡིན་པ་སྟོན་ཐབས་དང་ཆུང་མ་རྙིང་པ་སླར་ཡང་འགུགས་ཐབས་སུ་དམག་ལ་ཞུགས་པ་འདྲ། ངའི་བུས་དམག་སར་ཉེན་ཁ་ཡོད་པའང་ཤེས་ཀྱི་ཡོད་པ་དང་ཕྱི་ཟླ་༥་པའི་ཚེས་༡༡་ཉིན་ཨུ་རུ་སུའི་ལྷོ་ཕྱོགས་ཀྱི་བྷེལ་གྷོ་རོ་ཌི་ས་གནས་སུ་བཏང་སོང་། ཕྱི་ཟླ་༥་པའི་ཚེས་༡༦་ཉིན་ང་ལ་ཨུ་རུ་སུའི་དམག་དོན་ལྷན་ཁང་ནས་ཁྱོད་ཀྱི་བུ་དམག་སར་བསད་འདུག་ཅེས་བརྡ་ཐོ་འབྱོར་བྱུང་། ངའི་བུ་ལ་ཉི་མ་བཞིའི་དམག་སྦྱོང་ལས་སྤྲད་མེད་པ་དང་འཕྲུལ་མདའ་སྤྲད་ནས་དམག་ལ་བཏང་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་ཤིང་། བྷལ་ཊི་སག་ས་གནས་ཀྱི་སར་གྷེ་དྷུ་སི་ཊིན་ཞེས་པ་ཞིག་གི་བུ་མོ་ལོ་༡༩་ལ་སོན་པ་དེའི་ཁྱོ་ག་དམག་མི་དེ་ཡུཀ་རེན་གྱི་དམག་སར་བསད། བུ་མོ་དེ་ཁྱིམ་དུ་འཛུལ་ནས་ཕྱི་ལ་མི་ཐོན་པ་དང་སར་གྷེ་དྷུ་སི་ཊིན་གྱིས་རྒད་པོ་དེས་དམར་གསོད་འདི་མགོ་བརྩམས་པ་རེད། ཁོ་པ་འཐབ་ཇུས་མཁས་པ་དང་འཇོན་པོ། ས་ཁམས་ཆབ་སྲིད་པ་ཞིག་ཡིན་བསམ་གྱི་ཡོད་ཀྱང་དོན་དངོས་སུ་མི་གསོད་ཁྲག་སྦྱོར་དང་གཏོར་བཤིག་གི་སྣ་འདྲེན་ཞིག་རེད་ཅེས་ཕུ་ཊིན་ལ་ངོ་རྒོལ་གྱི་རྩོམ་ཡིག་བྲིས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG