ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཕུ་ཊིན་རྩིས་ལོག་ཐེབས་ནས་ཡུཀ་རེན་ལ་སྣང་ཆུང་བྱས་པའི་མཇུག་འབྲས།


༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་གཞུང་དམངས་གཉིས་ཀྱིས་བཙན་འཛུལ་ལ་དཔའ་ངར་ཆེན་པོས་འགོག་རྒོལ་བྱ་རྒྱུ་དང་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་མཐུན་སྒྲིག་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་གཅོད་རྒྱུ་ཚོད་དཔག་མ་ཐུབ་པར་རྩིས་ལོག་ཆེན་པོ་ཞིག་ཐེབས་ཡོད་པའི་གནས་ཚུལ་ཐོན་འདུག གཟའ་ལྷག་པའི་ཉིན་ཨ་རིའི་ཧྥོཀ་སི་གསར་འགྱུར་ལས་ཁང་གིས་ཆབ་སྲིད་དང་དམག་དོན་ཉམས་ཞིབ་པ་ཧོ་ཧྥོབ་མན་ལ་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་གྱིས་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་མཐོང་མ་ཐག་ཏུ་མཚོན་ཆ་ཐང་ལ་གཡུགས་ནས་མགོ་སྒུར་རྒྱུ་དང་ཡུཀ་རེན་མི་དམངས་ཀྱིས་ཨུ་རུ་སུའི་དམག་ལ་དགའ་བསུ་ཞུ་རྒྱུ། སྲིད་འཛིན་ཛེ་ལན་སི་ཀི་བྲོས་བྱོལ་དུ་ཕྱིན་ཏེ་ཡུཀ་རེན་གྱི་སྲིད་གཞུང་སྦོ་ལུག དེ་ནས་ཨུ་རུ་སུའི་བཀོད་ཇུས་འོག་ཏུ་ཤར་སྐྱོད་བྱེད་པའི་ཡུཀ་རེན་གྱི་སྲིད་གཞུང་གསར་པ་ཞིག་བདེ་བླག་ཏུ་འཛུགས་ཐུབ། ཡུཀ་རེན་གྱི་དོན་དུ་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་ནམ་ཡང་ལངས་ཕྱོགས་གཅིག་གྱུར་འབྱུང་སྲིད་པའི་རྩིས་བརྒྱབ་པ་རེད། ད་དུང་ཨུ་རུ་སུའི་མི་དམངས་ཀྱིས་དམག་འཁྲུག་ལ་ངོ་རྒོལ་ཁྲོམ་སྐོར་བྱ་རྒྱུ་ནི་ཕུ་ཊིན་གྱི་བློ་ཟུར་དུ་དྲན་མྱོང་མེད་པ་འདྲ་ཞེས་གནས་ཚུལ་སྤེལ། ཐོག་མར་ཕུ་ཊིན་གྱིས་ཆུ་ཚོད་༤༨་ཀྱི་ནང་ཚུད་དུ་ཡུཀ་རེན་རྒྱལ་ཡོངས་ལེན་ཐུབ་རྒྱུའི་རྩིས་བརྒྱབ། ད་ལྟ་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བདུན་ཕྲག་གཉིས་འགྲོ་བཞིན་ཡོད་ཀྱང་དམག་དཔུང་མདུན་སྐྱོད་བྱེད་མ་ཐུབ་པར་འགགས། གཟའ་ཟླ་བའི་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ང་ནི་བྷན་ཀོ་ཝ་སྲང་ལམ་གྱི་སྲིད་འཛིན་ལས་ཁུངས་སུ་ཡོད། ང་ཡིབ་ནས་བསྡད་མེད་པ་དང་སུ་གཅིག་ལའང་སྐྲག་གི་མེད་ཅེས་བརྙན་ཐུང་ཞིག་བཀྲམ། ལྷག་པར་དུ་མཚོན་ཆ་སོགས་གང་ཡང་མེད་པའི་ཡུཀ་རེན་གྱི་མི་མང་གིས་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོའི་མདུན་བཀག་པ་དང་དམག་དཔུང་གི་འཁྲིས་སུ་བཅར་ནས་ངོ་རྒོལ་བྱ་རྒྱུ་ཉིན་རེ་བཞིན་ཤུགས་ཆེ་རུ་སོང་།།

ཀོ་ལིམ་བྷི་ཡ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཧྥི་རི་ཡེ་ཞེས་པ་ཞིག་གིས་ཧྥོཀ་སི་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། འཛམ་གླིང་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ། མཁའ་ལམ་འགྲིམ་འགྲུལ་བཀག ཨུ་རུ་སུའི་དངུལ་ཁང་ཁག་ལ་འབྲེལ་བ་བཅད་ནས་དཀའ་ངལ་ནང་དུ་ཚུད། ཨུ་རུ་སུའི་ཕྱུག་བདག་ཚོའི་རྒྱུ་དངོས་རྣམས་ཨ་རི་སོགས་ཀྱིས་གཞུང་བཞེས་བཏང་སྟེ་ཨ་སྒོར་དུང་ཕྱུར་མང་པོའི་གྱོང་གུད་ཕོག ཨུ་རུ་སུའི་དངུལ་ལོར་གྱི་འཛའ་ཐང་ཆག་སྟེ་མང་ཚོགས་ཀྱི་གསོག་དངུལ་རྣམས་རིན་ཐང་ཉམས། ཨུ་རུ་སུའི་བཟོ་གྲྭ་ཁག་རིམ་བཞིན་སྒོ་རྒྱག་དགོས་ཐུག་རྒྱུ་དང་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་མང་ཆེ་བས་ཨུ་རུ་སུ་ལ་ཚོང་འབྲེལ་གཅོད་ཀྱི་འདུག དེས་ན་ཨུ་རུ་སུའི་བཟོ་ལས་དང་ཚོང་ལས། དཔལ་འབྱོར་སོགས་ལོ་མང་རིང་སླར་གསོ་བྱེད་མི་ཐུབ་པའི་གནོད་སྐྱོན་འཕོག་ཤས་ཆེ། ད་ནས་ཨུ་རུ་སུའི་ཕྱུག་བདག་ཚོ་དང་མི་མང་དཀྱུས་མ་ཚོས་ཕུ་ཊིན་ལ་ངོ་རྒོལ་བྱ་རྒྱུའི་རྟགས་མཚན་འདུག འོན་ཀྱང་དེ་འདྲ་ཞིག་འབྱུང་བར་དུས་ཡུན་གང་འཚམ་ཞིག་འགོར་སྲིད། ཨུ་རུ་སུའི་གཞུང་གིས་ཕྱི་རྒྱལ་གྱི་གསར་འགྱུར་བཀག་ནས་ངོ་དེབ་དང་ཊོས་ཊར། ཡུཀ་ཊུབ་སོགས་སྤྱི་ཚོགས་དྲྭ་ལམ་ཁག་སྒོ་བརྒྱབ་ཀྱང་འཕྲུལ་རིག་ལག་རྩལ་བརྒྱུད་ནས་ཨུ་རུ་སུའི་མི་དམངས་ཀྱིས་གནས་ཚུལ་ངོ་མ་ཤེས་རྟོགས་ཐུབ་རྒྱུ་རེད་ཅེས་བཤད། ད་སྔ་ཨུ་རུ་སུའི་ཉེན་རྟོག་པས་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་མི་གྲངས་ཁྲི་ཚོ་༡་ལྷག་འཛིན་བཟུང་བྱས་ཀྱང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་ཏུ་དམག་འཁྲུག་ལ་ངོ་རྒོལ་བྱ་རྒྱུ་མཚམས་མ་ཆད། ཕ་མ་ཚོས་ངའི་བུ་གང་དུ་ཡོད། ཆུང་མ་ཚོས་ངའི་ཁྱ་ག་གང་དུ་ཡོད། མིང་སྲིང་ཚོས་ངའི་གཅེན་པོ་དང་གཅུང་པོ་གང་དུ་ཡོད་ཅེས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་དང་དམག་སྒར་ཁག་ལ་འདྲི་རྩད་བྱ་རྒྱུ་ཇེ་མང་དུ་སོང་ཞིང་། ཉམས་ཞིབ་པ་ཚོས་ཕུ་ཊིན་གྱིས་དམག་འཁྲུག་འདི་སྦས་ཐབས་བྱེད་ཀྱི་ཡོད་ཀྱང་ཨུ་རུ་སུའི་མི་དམངས་དང་འཛམ་གླིང་མི་དམངས་ལ་དངོས་ཡོད་གནས་ཚུལ་འདི་གསང་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད་འདུག

ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ཟུར་པ་ཀོ་ཛི་རེ་ཡེབ་ཀྱིས་ཧྥོཀ་སི་གསར་འགྱུར་ལས་ཁང་ལ་ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུའི་སྡིགས་ར་སྐུལ་གྱི་ཡོད་པར་སྐྲག་དོན་མེད། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་གཏོང་དགོས། ཕུ་ཊིན་གྱིས་ཕ་རོལ་པོར་བཙན་དྲག་དང་སྡིགས་ར་བསྐུལ་ན་གུ་བཤངས་འཐོབ་རྒྱུ་ཡིན་པ་ཤེས་ཀྱི་ཡོད་པ་རེད། ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆ་གཏན་ནས་རྒྱག་མི་ཕོད། ཨུ་རུ་སུ་ལ་མཐར་ཐུག་རྡུལ་ཕྲན་མཚོན་ཆ་མ་གཏོགས་འཇིགས་སྐུལ་བྱེད་སྤྱད་ཅི་ཡང་མེད། ཁོ་པས་ངོ་མར་ཡུཀ་རེན་རང་བཙན་རྒྱལ་ཁབ་ཅིག་མིན་པར་གསར་བཟོ་བྱས་པ་ཞིག་རེད། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་ནི་རིག་འཚོ་མ་ཟིན་པ་དང་ཡུ་རོབ་ནི་མཆེ་སྡེར་མེད་པའི་གཅན་གཟན་ལྟ་བུ་ཞིག་རེད་བསམ་གྱི་ཡོད་པ་འདྲ། ཕུ་ཊིན་གྱིས་རྩིས་ལོག་དེ་རྣམས་བདེན་པར་མཐོང་ནས་ཨུ་རུ་སུའི་བཙན་རྒྱལ་སླར་གསོ་བྱ་རྒྱུའི་འཕྲུལ་སྣང་ཞིག་འཆར་གྱི་འདུག ཨ་མི་རི་ཀའི་དམག་དཔུང་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་གཙང་མ་དང་ཡག་པོ་ཞིག་བྱེད་མ་ཐུབ་པ་དེས་ཕུ་ཊིན་ལ་བློ་ཁོག་རྙེད་པ་རེད་ཅེས་བཤད། ཨིན་ས་ཡེ་ཌར་(ནང་ཚགས)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཁག་ཅིག་དང་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་པ་རྦད་དེ་འཕྱུགས་སོང་། ཨུ་རུ་སུའི་དཔལ་འབྱོར་ཉམས་ཉེས་དང་རྒྱལ་སྤྱིའི་ཐོག་ཏུ་ཚོང་ལས་བཀག་སྡོམ། ཐ་ན་ཨུ་རུ་སུ་གྲོགས་མེད་ཁེར་རྐྱང་དུ་ལུས་ནས་ཆག་སྒོ་ཆེན་པོ་ཞིག་འབྱུང་རྒྱུའི་བློ་འཚབ་བྱེད་ཀྱི་ཡོད་ཀྱང་ཕུ་ཊིན་ལ་བཙན་འཛུལ་གྱི་སྲིད་ཇུས་དེ་འགྲིག་མ་སོང་ཞེས་དངོས་སུ་བཤད་ཕོད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༣་པའི་ཚེས་༩་ཉིན་ཨ་རིའི་བདུན་རེའི་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མཱ་རི་ཡ་ཛ་ཁ་རོ་ཝས་ང་ཚོར་ཡུཀ་རེན་གྱི་སྲིད་དབང་མགོ་རྟིག་སློག་རྒྱུ་དང་རྒྱལ་ཁབ་དེ་དམག་གིས་བཙན་འཛིན་བྱེད་པའམ། ཡང་ན་སྲིད་འཛིན་ཛེ་ལན་སི་ཀིས་འགོ་ཁྲིད་པའི་སྲིད་གཞུང་འཕོ་འགྱུར་གཏོང་རྒྱུའི་ཀུན་སློང་མེད། ང་ཚོས་ཡུཀ་རེན་གྱི་ཞི་བའི་མི་མང་ལའང་གཏོར་རྒོལ་བྱེད་ཀྱི་མེད། ཨུ་རུ་སུའི་དམག་གིས་ཌོན་བྷ་སི་མངའ་ཁུལ་དུ་རང་ངོས་ནས་རང་བཙན་གསལ་བསྒྲགས་བྱས་པའི་ཌོ་ནེ་ཛིཀ་དང་ལུ་ཧན་ཛིཀ་སྤྱི་མཐུན་ས་གནས་ཟུང་གི་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་དམིགས་བསལ་དམག་གི་ལས་དོན་ཞིག་སྒྲུབ་ཀྱི་ཡོད་ཅེས་བཤད། ཨུ་རུ་སུའི་གཞུང་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པར་དམིགས་བསལ་དམག་གི་ལས་དོན་ཞེས་མིང་བཏགས། ༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མི་ཡ་གླིང་ཟུར་བཙན་འཕྲོག་བྱས་ནས་བཟུང་། ད་ལྟའི་བར་དུ་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་གྱེན་ལོག་ས་ཁུལ་གཉིས་ལ་རྒྱབ་སྐྱོར་བྱས་ནས་ཟིང་འཁྲུག་བསླངས། གཟའ་མིག་དམར་ཉིན་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་རྩ་ཁྲིམས་ལ་འགྱུར་བཅོས་ཐོངས། ཡུཀ་རེན་བཏང་སྙོམས་སུ་གནས་ཏེ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་མིན། ཁེ་རི་མི་ཡ་གླིང་ཟུར་གྱི་བདག་དབང་ཨུ་རུ་སུ་ལ་ཡོད་ཅེས་ཁས་ལེན་བྱ་དགོས། ཉེ་ཆར་སྲིད་འཛིན་ཕུ་ཊིན་གྱིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱས་པའི་ཡུཀ་རེན་གྱི་ཤར་ཕྱོགས་གྱེན་ལོག་ས་ཁུལ་གཉིས་ཀྱི་རང་བཙན་ལ་ཡུཀ་རེན་གྱིས་ཁས་ལེན་བྱ་དགོས། ཡུཀ་རེན་གྱི་སྲིད་བློན་ནི་ཨུ་རུ་སུ་མོས་མཐུན་ཡོད་པའི་མི་ཞིག་བསྐོ་བཞག་བྱ་དགོས། ཨུ་རུ་སུའི་ཆ་རྐྱེན་དེ་ཚོར་ཡུཀ་རེན་གྱིས་མོས་མཐུན་བྱེད་ན་འཕྲལ་དུ་དམག་འཁྲུག་མཚམས་འཇོག་བྱེད་ཆོག་ཅེས་གྲོས་མགོ་བཏོན།།
ཡུཀ་རེན་སྲིད་འཛིན་དང་མི་དམངས་སོགས་ཀྱིས་ཨུ་རུ་སུའི་ཆ་རྐྱེན་དེར་མོས་མཐུན་བྱ་རྒྱུ་ཡིན་མིན་གསལ་པོ་མེད་ཅིང་། ཕྱི་ཟླ་༣་པའི་ཚེས་༨་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་དྲྭ་ལམ་དུ་དབྱིན་ཇིའི་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གཉིས་ལ་གཏམ་བཤད་པ་ལྟར་ན། ཁོང་གིས་ཨུ་རུ་སུའི་དམག་ལ་མཁའ་དབྱིངས་དང་མཚོ་འགྲམ། ཐང་གཤོང་དང་ནགས་ཚལ། སྲང་ལམ་བཅས་སུ་འཐབ་རྒོལ་བྱ་རྒྱུ་ཡིན་ཞེས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་དབྱིན་ཇིའི་སྲིད་བློན་ཝིན་སི་ཊིན་ཆིར་ཆིལ་གྱིས་འཇར་མན་ན་ཛིའི་དམག་ལ་སྐམ་མཚོ་གནམ་གསུམ་ནས་འཐབ་རྒོལ་བྱ་རྒྱུ་ཡིན་ཞེས་གཏམ་བཤད་སྐད་གྲགས་ཅན་ཞིག་བྱས་པ་ལྟར་ཨུ་རུ་སུ་ལ་འཐབ་རྒོལ་བྱ་རྒྱུའི་གཏམ་བཤད་བྱས་འདུག ཡུཀ་རེན་གྱི་གྲོས་ཚོགས་འཐུས་མི་གྷུ་རིན་ཞེས་པ་ཞིག་གིས་བྷི་བྷི་སི་གསར་འགྱུར་ལས་ཁང་ལ་ཨུ་རུ་སུའི་དམག་གིས་མ་རི་ཨུ་པོལ་གྲོང་ཁྱེར་མཐའ་བསྐོར་ནས་མི་དམངས་ལ་ཉི་མ་གསུམ་གྱི་བཟའ་བཏུང་ལས་མི་འདུག ཨུ་རུ་སུའི་དམག་གིས་འཕུར་མདེལ་དང་མེ་སྒྱོགས་བརྒྱབ་ནས་མི་མང་དཀྱུས་མ་ཚོར་སྲོག་སྐྱོན་ཕོག་པ་རྣམས་རེ་རེ་བཞིན་དུར་འཇུག་བྱེད་མ་ཐུབ་པར་སྡེབ་ཏུ་དུར་འཇུག་བྱེད་ཀྱི་ཡོད་ཅེས་བཤད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཨུ་རུ་སུའི་དམག་གིས་མི་ལ་དབྱེ་བ་མེད་པར་རྒོལ་རྡུང་བྱས་ནས་བྱིས་པ་དང་རྒན་རྒོན་བཅས་ལ་གཏོར་རྒོལ་ཕོག་སྟེ་མི་གསོད་ཁྲག་སྦྱོར་ཚབས་ཆེན་ཞིག་འབྱུང་གི་འདུག་ཅེས་གནས་ཚུལ་སྤེལ། དེ་རིང་གཟའ་ཕུར་བུའི་ཉིན་ཨུ་རུ་སུ་དང་ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་གཉིས་ཏུར་ཀིའི་ས་ཐོག་ཏུ་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་གྲོས་མཐུན་བྱུང་། ཧྥ་རན་སིའི་སྲིད་འཛིན་དང་ཨི་སི་རལ་གྱི་སྲིད་བློན། ཏུར་ཀིའི་སྲིད་འཛིན་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་བཅས་ཀྱིས་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་འཁྲུག་ལ་བར་འདུམ་བྱེད་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG