ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཕུ་ཊིན་ལ་སྐྲན་ནད་ཕོག་སྟེ་གཤག་བཅོས་བྱ་དགོས་པའི་སྦིར་བསྒྲགས།


༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ལྟོ་བའི་སྐྲན་ནད་ཕོག་སྟེ་གཤག་བཅོས་བྱ་དགོས་པ་དང་ཉིན་ཤས་རིང་ཉེན་རྟོག་སྤྱི་ཁྱབ་འགན་འཛིན་ཎི་ཀོ་ལ་ཡེ་པ་ཊི་རུ་ཤེབ་ལ་སྲིད་དབང་རྩིས་སྤྲོད་བྱེད་ཀྱི་ཡོད་པ་རེད་ཅེས་གནས་ཚུལ་ཞིག་སྦིར་བསྒྲགས་བྱེད་ཀྱི་ཡོད་ཅིང་། ཉེ་ཆར་ཨུ་རུ་སུའི་ནང་ཁུལ་ནས་སྤྱི་ཁྱབ་ཨེ་སི་ཝི་ཨར་(General SVR)་ཞེས་པ་ཞིག་གིས་དར་འཕྲིན་བརྒྱུད་ལམ་དུ་ཕུ་ཊིན་ལ་ལྟོ་བོའི་སྐྲན་ནད་ཕོག་སྟེ་ལོ་གཅིག་ཡས་མས་ཤིག་འགྲོ་བཞིན་ཡོད་པ་རེད། ཉེ་ཆར་སྨན་པ་ཚོས་ཕུ་ཊིན་ལ་ངེས་པར་དུ་གཤག་བཅོས་བྱ་དགོས་ཀྱི་འདུག་ཅེས་ནན་སྐུལ་བྱས་པ་རེད། ཁོ་པར་གཤག་བཅོས་བྱས་ནས་སྲིད་གཞུང་སྐྱོང་མི་ཐུབ་པའི་དུས་ཡུན་དེར་ཕུ་ཊིན་བློ་ཁེལ་སའི་མི་གཅིག་ཡོད་པ་སྟེ། ཨུ་རུ་སུའི་ཉེན་རྟོག་སྤྱི་ཁྱབ་འགན་འཛིན་ཎི་ཀོ་ལ་ཡེ་པ་ཊི་རུ་ཤེབ་ལ་སྲིད་དབང་རྩིས་སྤྲོད་བྱ་འཆར་འདུག་ཟེར། དར་འཕྲིན་བརྒྱུད་ལམ་དུ་ཐོན་པའི་བརྙན་ཐུང་དེ་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱི་སྤྱི་ཁྱབ་ཟུར་པ་ཝིཀ་ཊོར་མི་ཧེལ་ལོ་ཝི་ཆིས་བཀྲམ་པ་རེད་ཅེས་བསྒྲགས། དེར་བརྟེན་ཕྱི་ཟླ་༥་པའི་ཚེས་༢་དང་ཚེས་༣་སོ་སོར་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་དང་ནེའུ་ཡོཀ་ཡིག་ཟམ་ཚགས་པར་སོགས་གསར་འགྱུར་ལས་ཁང་མང་དག་ཅིག་གིས་དར་འཕྲིན་བརྒྱུད་ལམ་དུ་ཐོན་པའི་གནས་ཚུལ་དེ་བརྒྱུད་སྤེལ་བྱས་ནས་འཛམ་གླིང་ཡོངས་སུ་ཕུ་ཊིན་ལ་སྐྲན་ནད་ཕོག་སྟེ་གཤག་བཅོས་བྱ་དགོས་ཀྱི་ཡོད་པ་རེད་ཅེས་སྦིར་བསྒྲགས་བྱུང་། བརྙན་ཐུང་དེའི་ནང་གི་འགྲེལ་བ་པོས་ཕུ་ཊིན་ལ་གཤག་བཅོས་བྱས་ནས་ཅང་མི་འགོར་པར་དྲག་སྐྱེད་འབྱུང་གི་རེད། ཁོ་པས་མི་གཞན་ལ་དུས་ཡུན་རིང་པོར་སྲིད་དབང་གཏན་ནས་རྩིས་སྤྲོད་བྱེད་མི་སྲིད། པ་ཊི་རུ་ཤེབ་ཀྱིས་ཉི་མ་གཉིས་གསུམ་ཞིག་ལ་མ་གཏོགས་སྲིད་གཞུང་སྐྱོང་དགོས་ཀྱི་མ་རེད། ངས་གདམ་ཀ་འདི་ཧ་ཅང་གི་ཐབས་རྡུགས་ཤིག་རེད་སེམས། དེའི་རྒྱུ་མཚན་ནི་པ་ཊི་རུ་ཤེབ་ཟེར་བའི་མི་དེ་ཕུ་ཊིན་ལས་ཀྱང་གཡོ་སྒྱུ་ཅན་དང་མི་ངན་ཞིག་རེད། གལ་སྲིད་ཁོ་པར་སྲིད་དབང་ཐོབ་ན་ཨུ་རུ་སུའི་དཀའ་ངལ་རྣམས་ལྡབ་འགྱུར་གྱིས་མང་དུ་འགྲོ་ངེས་རེད་ཅེས་བཀྲལ།།

ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱི་སྤྱི་ཁྱབ་ཟུར་པ་ཝིཀ་ཊོར་མི་ཧེལ་ལོ་ཝི་ཆི་རེད་ཟེར་བའི་འགྲེལ་བ་པོ་དེས་ང་དང་མཐུན་གྲོགས་ཚོས་གང་ཐུབ་ཀྱིས་པ་ཊི་རུ་ཤེབ་ལ་སྲིད་དབང་ཐོབ་ཏུ་མི་འཇུག་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། ང་ཚོའི་འབད་རྩོན་ལ་གྲུབ་འབྲས་ཐོན་ཐུབ་པའི་ཡོད་ཅེས་བཤད། གཟའ་ཟླ་བའི་ཉིན་གསར་འགོད་པ་ཚོས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཇཱོན་ཀིར་བྷི་ལ་དར་འཕྲིན་བརྒྱུད་ལམ་དུ་ཐོན་པའི་གནས་ཚུལ་དེ་བདེན་པ་རེད་དམ་ཞེས་དྲིས། ཇཱོན་ཀིར་བྷིས་ང་ཚོས་གནས་ཚུལ་དེ་བདེན་པ་རེད་ཅེས་ངེས་གཏན་བྱེད་ཐུབ་པའི་དཔང་རྟགས་གཞན་པ་གང་ཡང་མཐོང་ཐོས་བྱུང་མ་སོང་ཞེས་ལན་བཏབ། བརྙན་ཐུང་དེའི་ནང་གི་འགྲེལ་བ་པོས་ངས་ཉེ་བའི་ལོ་ངོ་རེ་ཟུང་ཞིག་གི་རིང་ཕུ་ཊིན་ལ་སྐྲད་ནད་སྨན་པས་བརྟག་དཔྱད་ཐེངས་༣༥་བྱས་པ་མཐོང་བྱུང་། ཕུ་ཊིན་གྱིས་རང་གི་བདེ་འཇགས་དོན་དུ་སྨན་བཅོས་ཀྱི་རིགས་མཐའ་དག་ལ་འཛེམ་ཟོན་བྱེད་ཀྱི་འདུག ཁོ་པས་ཤྭ་བའི་རྭ་ཁྲག་དྲོན་པོའི་ནང་དུ་གཟུགས་པོ་བཀྲུས་ནས་སྨན་བཅོས་བྱས་པ་རེད། ཤྭ་བོའི་རྭ་ཁྲག་དྲོན་མོའི་ནང་དུ་གཟུགས་པོ་བཀྲུ་ལུགས་དེ་ཨུ་རུ་སུའི་མཐའ་མཚམས་ཀྱི་སོག་ཡུལ་དང་ཁ་ཛཀ་སི་ཐན་ལ་དར་སྲོལ་ཆེ་བའི་བཅོས་ཐབས་ཤིག་ཡིན་ཞིང་། སྨན་བཅོས་དེར་ཡིད་ཆེས་བྱེད་མཁན་ཚོས་ཤྭ་བའི་རྭ་ཁྲག་དྲོན་མོའི་ནང་དུ་གཟུགས་པོ་བཀྲུས་ན་སྙིང་གི་མ་ལག་གསོ་ཐུབ་པ་དང་སྐྱི་ལྤགས་སོས་ཐུབ་ཀྱི་རེད་ཟེར་གྱི་འདུག་ཅེས་བཀྲལ། མི་ཁག་ཅིག་གིས་ཕུ་ཊིན་ལ་ལྟོ་བའི་སྐྲན་ནད་དང་ན་ཚ་གཞན་པ་འདུག་ཅེས་གླེང་། མི་ཁག་ཅིག་གིས་ཨེབ་གྷེ་ཎི་སེ་ལི་ཝ་ནོབ་ཟེར་བའི་སྐྲན་རྡོག་སྨན་པ་ཞིག་གིས་འདས་པའི་ལོ་བཞིའི་རིང་སོ་ཆི་ས་ཁུལ་དུ་ཕུ་ཊིན་ལ་ལྐོག་ཏུ་སྨན་བཅོས་བྱས་པ་རེད་ཟེར། ད་དུང་མི་ཁག་ཅིག་གིས་ཕུ་ཊིན་ལ་ན་ནིང་སྟོན་ཁར་གཤག་བཅོས་བྱས་པ་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

གསར་འགོད་པ་ཁག་ཅིག་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་སྐེ་རྨེན་འབྲས་ནད་ཐུ་མོ་ཞིག་བྱུང་སྟེ་སྨན་བཅོས་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱི་སྤྱི་ཁྱབ་ཟུར་པ་ཝིཀ་ཊོར་མི་ཧེལ་ལོ་ཝི་ཆིས་བཀྲམ་པ་རེད་ཟེར་བའི་བརྙན་ཐུང་དེར་མུ་མཐུད་དུ་བརྗོད་དོན་ལྟར་ན། ཕུ་ཊིན་གྱི་སྐྲན་ནད་ཇེ་སྡུག་ཏུ་འགྲོ་བཞིན་འདུག ཡིན་ནའང་ངས་ཕུ་ཊིན་ལྔ་ལམ་དུ་ཕྱོགས་རྒྱུ་རེད་ཅེས་བརྙན་ཐུང་ལྟ་མཁན་ཚོར་རེ་བ་སྟོང་པ་ཞིག་སྟེར་འདོད་མེད། ཕུ་ཊིན་དང་པ་ཊི་རུ་ཤེབ་གཉིས་ཀྱིས་དུས་ཡུན་ཆུ་ཚོད་གཉིས་ལ་སྙིང་གཏམ་དྲོན་མོ་བཤད་ནས་ཁ་བརྡ་བྱས་པ་རེད། ཕུ་ཊིན་གྱིས་རང་གི་གྲོགས་པོ་དང་སྲིད་གཞུང་གི་ལས་སྣེ་ཚོའི་གྲས་སུ་བློ་སེམས་ཁེལ་ས་མི་གཅིག་ལས་མེད་པ་ནི་པ་ཊི་རུ་ཤེབ་ཡིན། གལ་སྲིད་ངའི་ནད་གཞི་ཇེ་སྡུག་ཏུ་སོང་ནས་སྲིད་གཞུང་སྐྱོང་མི་ཐུབ་པ་ཞིག་ཏུ་གྱུར་ན་གནས་སྐབས་རིང་ཁྱོད་ཀྱིས་སྲིད་དབང་འཛིན་དགོས་ཞེས་པ་ཊི་རུ་ཤེབ་ལ་སེམས་གཏམ་བཤད་པ་རེད་ཅེས་འགྲེལ་བཤད་བརྒྱབ་པར་མ་ཟད། ༢༠༢༠་ལོའི་ཕྱི་ཟླ་༡༡་པ་ནས་ཕུ་ཊིན་ལ་ལྟོ་བའི་སྐྲན་ནད་ཀྱི་སྨན་བཅོས་བྱས་པ་རེད་ཅེས་བཟློས། ད་ལྟ་ལོ་ན་༧༠་ཐམ་པར་སོན་པའི་སྲིད་འཛིན་ཕུ་ཊིན་སྐབས་འགར་ངོ་གདོང་སྐྲང་བ་དང་མཚམས་རེར་རྐང་ལག་འདར་ནས་རང་ཚུགས་མི་ཟིན་པ། གདོང་དང་མཆུ་སྒྲོས་གཅུས། གཟུགས་པོས་དྲང་ཚུགས་མི་ཐུབ་པར་མ་མགལ་ལ་སོ་གདབ་པ་སོགས་བརྙན་འཕྲིན་ནང་དུ་ཡོངས་གྲགས་སུ་མཐོང་བའི་རྗེས་སུ་ཨ་རི་གཙོས་འཛམ་གླིང་རྒྱལ་ཁབ་ཁག་གིས་ཕུ་ཊིན་བདེ་ཐང་ཡིན་མིན། ཁོ་པར་ངོ་མར་སྐྲན་ནད་ཕོག་ཡོད་མེད་དང་ཕུན་ཊིན་གྱི་ནད་གཞི་ཚབས་ཆེ་ཆུང་ཅི་ཙམ་ཡིན་མིན་བཅས་ལ་བརྟག་དཔྱད་དང་ཞིབ་འཇུག་བྱེད་དགོས་པ་ཞིག་ཏུ་གྱུར། ཕུ་ཊིན་དངོས་འབྲེལ་བདེ་ཐང་མེད་པ་ཡིན་ན་ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་ཟླ་བ་གསུམ་འགྲོ་བཞིན་པ་དང་ཨུ་རུ་སུར་ཕམ་ཉེས་ཆེན་པོ་འབྱུང་གི་ཡོད་པའི་དཀའ་ངལ་ཆེ་རུ་འགྲོ་རྒྱུ་ཟློག་ཐབས་བྲལ།།

དར་འཕྲིན་དྲྭ་ལམ་དུ་བཀྲམ་པའི་བརྙན་ཐུང་དེར་ཕུ་ཊིན་གྱི་སྨན་པ་ཚོས་ཕྱི་ཟླ་༤་པའི་ཟླ་མཇུག་ཏུ་གཤག་བཅོས་བྱ་དགོས་པའི་སྐུལ་ལྕག་བཏང་རུང་མ་མཉན་པ་རེད་ཅེས་བཤད། ཟླ་བ་སྔོན་མར་ཕུ་ཊིན་དང་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་ཤོ་གུ་གཉིས་ཐུག་འཕྲད་བྱས་པའི་སྐབས་དེར་ཕུ་ཊིན་གྱི་གདོང་པ་སྐྲང་། ལག་པ་གཡས་པས་ཅོག་ཙེའི་ཟུར་ལ་འཇུས་པ་དང་རྐང་པ་གཡས་པས་རང་ཚུགས་མ་ཐུབ་པར་འགུལ། ཕུ་ཊིན་རྐུབ་བཀྱག་སྟེང་དུ་ལུས་སྟོད་གུག་ནས་བདེ་ཐང་མེད་པ་མངོན་གསལ་ཇེ་དོད་དུ་སོང་། ཡིན་ནའང་ཉམས་ཞིབ་པ་ཁག་ཅིག་གིས་ཕུ་ཊིན་གྱི་འཁྲབ་ཀྱི་ཡོད་པ་རེད་ཅེས་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པར་བཤད་པ་དང་། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་ལས་སྣེ་ཚོས་ཕུ་ཊིན་བདེ་ཐང་ཡིན་ཞེས་དོགས་པ་སེལ་ཐབས་སུ་འབད། ཡིན་ནའང་༢༠༡༧་ལོའི་ཕྱི་ཟླ་༨་པའི་ནང་དུ་ཕུ་ཊིན་ཉི་མ་༨་ལ་མཐོང་ཐོས་མེད་པར་གྱུར། མི་ཚོས་ཕུ་ཊིན་སོ་ཆི་ས་གནས་ཀྱི་སྤྲོ་ཁང་དུ་ཕྱིན་པའི་ཚོད་དཔག་བྱེད་ཀྱི་ཡོད་དང་སྐབས་དེར་སྨན་པ་སེ་ལི་ཝ་ནོབ་ཀྱང་སོ་ཆི་ས་གནས་སུ་ཡོད་པ་མཐོང་ཐོས་བྱུང་ཞིང་། ཡུ་རོབ་སྲིད་ཇུས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཨོལ་གྷ་ལོ་ཊི་མན་གྱིས་ཕུ་ཊིན་ལ་ནད་ཚ་ཡོད་རྒྱུ་མ་རེད། ཁོ་པས་འཁྲབ་ཀྱི་ཡོད་པ་དང་མགོ་སྐོར་གཏོང་གི་ཡོད་ཤས་ཆེ། གལ་སྲིད་ཕུ་ཊིན་ལ་ངོ་མར་ན་ཚད་ཐུ་མོ་ཞིག་བྱུང་ཡོད་ན་ཉེ་འཁྲིས་ཀྱི་མི་ཚོར་ཤེས་རྟོགས་ཐུབ་ཏུ་འཇུག་མི་སྲིད། གཅིག་བྱས་ནས་ཨུ་རུ་སུའི་མི་དམངས་ལ་ཕུ་ཊིན་བདེ་ཐང་མི་འདུག ཁོ་པ་རིམ་བཞིན་བགྲེས་ཡོལ་དུ་འགྲོ་ཆོག་པ་དང་ཨུ་རུ་སུའི་མི་དམངས་རྣམས་ཕུ་ཊིན་གྱི་དབང་སྒྱུར་ལ་སུན་མི་དགོས་ཟེར་བའམ། ཡང་ན་ཕུ་ཊིན་མགོ་རྟིང་སློག་མི་དགོས་པར་ཨུ་རུ་སུར་འགོ་ཁྲིད་གསར་པ་ཞིག་འདེམས་བསྐོ་བྱེད་ཆོག་པའི་བརྡ་ཞིག་གཏོང་གི་ཡོད་པ་ཡིན་སྲིད་ཅེས་ལྟ་ཚུལ་མ་འདྲ་བ་ཞིག་བསྟན།།

ཨུ་རུ་སུའི་རྩ་ཁྲིམས་སུ་སྲིད་འཛིན་གྱིས་ལས་དོན་སྒྲུབ་མི་ཐུབ་པའི་སྐབས་དེར་སྲིད་བློན་ལ་རྒྱལ་ཁབ་འཛིན་སྐྱོང་གི་སྲིད་དབང་རྩིས་སྤྲོད་བྱེད་དགོས་ཞེས་འཁོད། ཡིན་ནའང་ཕུ་ཊིན་གྱིས་སྲིད་བློན་ལ་བློ་མ་ཁེལ་བར་ཨུ་རུ་སུའི་ཉེན་རྟོག་པའི་སྤྱི་ཁྱབ་འགན་འཛིན་པ་ཊི་རུ་ཤེབ་ལ་སྲིད་དབང་རྩིས་སྤྲོད་བྱ་རྒྱུར་འཐད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཎི་ཀོ་ལ་ཡེ་པ་ཊི་རུ་ཤེབ་ནི་༡༩༥༡་ལོའི་ཕྱི་ཟླ་༦་པར་སྐྱེས། ཁོ་པ་ཕུ་ཊིན་དང་འདྲ་བར་ཨུ་རུ་སུ་དམར་ཤོག་གི་ཁེ་ཇཱི་བྷི་(KGB)གསང་བའི་ལས་ཁུངས་ཀྱི་གསང་ཉུལ་ཞིག་ཡིན་པ་དང་དམག་གི་ཉམས་མྱོང་གང་ལེགས་ཡོད་པ། པ་ཊི་རུ་ཤེབ་ནི་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་རྒྱག་དགོས་ཞེས་ཕུ་ཊིན་ལ་ངན་སྐུལ་བྱེད་མཁན་གཏེ་དཔོན་ཞིག་རེད་ཟེར། དབྱིན་ཇིའི་སེམས་སྨྱོན་ཞིབ་འཇུག་ཁང་གི་ཀླད་ཁམས་སྨན་པ་ཇཱོན་ཧར་ཌིས་འཇར་མན་གསར་འགྱུར་ལས་ཁང་ལ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ལྟོ་བོའི་སྐྲན་དང་སྐེ་རྨེན་འབྲས་ནད། རྩ་འདར་གྱི་ན་ཚ་འདུག་ཟེར་བ་རྣམས་ཕྱི་ལོགས་ཀྱི་སྨན་པ་ཚོས་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བ་ཞིག་མ་རེད། དེ་ནི་ཕུ་ཊིན་གྱིས་རྒྱལ་སྲུང་བློན་ཆེན་ཤོ་གུ་ལ་ཐུག་འཕྲད་བྱས་པའི་སྐབས་དང་དེའི་སྔོན་ལ་བྷེ་ལོ་རུ་སིའི་སྲིད་འཛིན་ལུ་ཁ་ཤན་ཁོར་ཐུག་འཕྲད་བྱས་པའི་སྐབས་ཀྱི་ངོ་མདོང་དང་ལུས་པོའི་འཁྱེར་སོ་བཅས་ལ་བལྟས་ནས་ཚོད་དཔག་བྱས་པའི་སྐད་ཆ་ཞིག་རེད། སྐབས་དེའི་མཐོང་ཐོས་རྣམས་ལྟེས་དབང་གིས་བྱུང་བ་ཞིག་ཡིན་སྲིད་པ་དང་ཀླད་ཁམས་སྨན་པ་ཚད་ལྡན་ཞིག་གིས་གནས་ཚུལ་དེའི་རིགས་ལ་དཔྱད་བརྗོད་བྱ་རྒྱུ་ཁག་པོ་རེད། ཅིའི་ཕྱིར་ཞེ་ན་ང་ཚོར་མི་དེ་སོ་སོའི་ནད་པ་མིན་ན་དཔྱད་བརྗོད་མ་བྱོས་ཞེས་སློབ་ཁྲིད་ཐོབ་ཡོད་པ་རེད། ངས་བལྟས་ན་ཕུ་ཊིན་ལ་རྩ་འདར་གྱི་ན་ཚ་ཡོད་པའི་རྟགས་མཚན་མི་འདུག ཁོ་པ་བདེ་ཐང་མེད་པ་འདྲ་པོ་ཞིག་འདུག་ཅེས་བཤད། དེ་བཞིན་ལོན་ཌོན་སློབ་གྲྭ་ཆེན་མོའི་ཀླད་ཁམས་སྨན་པ་རཱེ་ཅོ་དྷུ་རི་ཞེས་པ་ཞིག་གིས་ཀྱང་ཕུ་ཊིན་ལ་རྩ་འདར་གྱི་ན་ཚད་ཡོད་པའི་རྟགས་མཚན་མི་འདུག ཁོ་པའི་གདོང་པ་སྐྲང་ཡོད་པ་དེར་རྒྱུ་རྐྱེན་གཞན་པ་ཡོད་ངེས་རེད། ངས་ཕུ་ཊིན་གྱི་སྐྲན་རྡོག་མ་མཐོང་བར་དུ་སྐེ་རྨན་འབྲས་ནད་ཕོག་ཡོད་པའི་ཁ་ཚོན་གཅོད་ཐུབ་ས་མ་རེད་ཅེས་ཚིག་འགའ་བསྣན་འདུག

XS
SM
MD
LG