ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༧/༡༦

ཕུ་ཊིན་དང་ཀིམ་གྱིས་འཁྲུག་རྩོད་བསླངས་ན་ཨ་རྒྱ་གཉིས་ཀྱིས་འགོག་ཐུབ་བམ།


ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་བྱང་ཀོ་རི་ཡའི་ཀིམ་ཇོང་ཨུན་
ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་བྱང་ཀོ་རི་ཡའི་ཀིམ་ཇོང་ཨུན་

༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་བྱང་ཀོ་རི་ཡར་འཚམས་འདྲར་བསླེབས་ཏེ་འཛམ་གླིང་ཡོངས་སུ་ཞི་བདེ་བརྟན་ལྷིང་མེད་པར་འཁྲུག་རྩོད་སློང་རྒྱུའི་རྣམ་པ་ཞིག་ཐོན། ཕྱི་ཟླ་༦་པའི་ཚེས་༢༤་ཨིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུ་དང་བྱང་ཀོ་རི་ཡའི་འབྲེལ་བར་རྒྱ་ནག་ཀྱང་རྒྱང་འགྱེད་དགོས་པ་ཞིག་ཏུ་འགྱུར་གྱི་ཡོད་ཅིང་། ༡༩༤༩་ལོར་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་པའི་རྗེས་སུ་མའོ་ཙེ་ཏུང་གིས་ཐེ་ཝན་ལ་དཔུང་འཇུག་བྱ་རྒྱུའི་འཆར་གཞི་བཀོད། མའོ་ཙེ་ཏུང་གིས་ལོ་མང་རིང་ཨ་མི་རི་ཀར་འབྲེལ་མོལ་བྱས་པར་སི་ཏ་ལིན་བློ་མ་བདེ། སི་ཏ་ལན་གྱིས་༡༩༥༠་ནས་༥༣་བར་དུ་ལངས་པའི་ཀོ་རི་ཡའི་དམག་འཁྲུག་ལ་རྒྱ་ནག་མཉམ་ཞུགས་བྱ་དགོས་ཞེས་བཀའ་ཕབ། རྒྱ་ནག་ཀོ་རི་ཡའི་དམག་འཁྲུག་ལ་ཞུགས་ནས་ཨ་མི་རི་ཀས་ཐེ་ཝན་མཚོ་འགག་ཏུ་དམག་བཀྲམ་སྟེ་ཐེ་ཝན་བཅིངས་འགྲོལ་གཏོང་རྒྱུའི་དམིགས་ཡུལ་མ་གྲུབ། དེ་ནས་བཟུང་སྟེ་ཐེ་ཝན་ནི་ཨ་རི་དང་རྒྱ་ནག་གི་ཕྱི་འབྲེལ་རྩ་དོན་གལ་ཆེན་ཞིག་ཏུ་གྱུར།།

འདས་པའི་ལོ་མང་རིང་ལོ་རྒྱུས་ཉམས་ཞིབ་པ་ཚོས་མའོ་ཙེ་ཏུང་གིས་ཀོ་རི་ཡར་དམག་བཏང་ནས་རྒྱ་ནག་ལ་ཁེ་གྱོང་ཅི་ཞིག་བྱུང་ཡོད་མེད་ཐད་རྩོད་པ་འཕངས། ཡིན་ནའང་ཨུ་རུ་སུ་དམར་ཤོག་གི་གནོན་ཤུགས་འོག་ཏུ་རྒྱ་ནག་ཀོ་རི་ཡའི་དམག་འཁྲུག་ལ་ཞུགས། སི་ཏ་ལིན་གྱིས་མའོ་ཙེ་ཏུང་ལ་ཡིད་ཆེས་བྱས་མེད་ཀྱང་དམག་དང་མཚོན་ཆ་རོགས་རམ་སྤྲད་ནས་གོ་མིན་ཏང་ལ་ཕམ་ཉེས་བྱུང་། སི་ཏ་ལིན་གྱིས་ཨ་རི་དང་མའོ་ཙེ་ཏུང་གི་བར་དུ་འགལ་ཟླ་སློང་བར་རྒྱ་ནག་ཀོ་རི་ཡའི་དམག་འཁྲུག་གི་ནང་དུ་ཁྲིད། སྟོང་ལོ་གསར་པའི་མགོ་སྟོད་དུ་ཨ་རི་དང་རྒྱ་ནག་གི་འབྲེལ་བ་བརྟན་པོ་དེ་ཙམ་མེད་ཀྱང་པེ་ཅིང་གི་དབང་འཛིན་པ་ཚོས་ཨ་རིར་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་གཙིགས་སུ་བཟུང་། རྒྱ་ནག་གིས་བྱང་ཀོ་རི་ཡར་གནོན་ཤུགས་སྤྲད་ནས་ལྷོ་ཀོ་རི་ཡར་འགྲིག་མཐུན་བྱེད་དུ་འཇུག་དགོས། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་འཕུར་མདེལ་གྱི་ལས་གཞི་ཁག་འགོག་དགོས་ཞེས་གླེང་སློང་བྱ་རྒྱུ་ཇེ་མང་དུ་སོང་།།

རྒྱ་ནག་གི་འཐབ་ཇུས་དང་འཛིན་སྐྱོང་དུས་དེབ་ནང་དུ་བྱང་ཀོ་རི་ཡར་དོན་དམ་གྱི་ཞི་བའི་གྲོས་མོལ་བྱེད་དུ་འཇུག་དགོས། ཐེ་ཝན་གྱི་རྩ་དོན་ཐོག་ཏུ་ཨ་མི་རི་ཀས་རྒྱ་ནག་ལ་གུ་བཤངས་བྱེད་དུ་འཇུག་དགོས་ཞེས་རྩོམ་ཡིག་བྲིས། བྱང་ཀོ་རི་ཡས་རྒྱ་ནག་གི་དུས་དེབ་དེར་ཐོན་པའི་རྩོམ་ཡིག་ལ་ངོ་རྒོལ་བྱས་ནས་དུས་དེབ་སྒོ་རྒྱག་དགོས་པའི་དགོས་འདུན་བཏོན། རྒྱ་ནག་གིས་བྱང་ཀོ་རི་ཡར་འབྲེལ་བ་སྡུག་ཏུ་མི་གཏོང་བའི་ཆེད་དུ་དུས་དེབ་དེ་བཀག ཉེ་དུས་ཤིག་ནས་ཕུ་ཊིན་གྱིས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་རྒྱང་ཐག་རིང་དུ་གཏོང་ཐབས་སུ་འབད། ད་ལྟ་ཨུ་རུ་སུ་སྟོབས་ཤུགས་ཉམས་པ་དང་རྒྱ་ནག་སྟོབས་ཤུགས་རྒྱས་ནས་སྟོབས་འབྱོར་ཆེ་ཆུང་གོ་ལྡོག འོན་ཀྱང་ཨུ་རུ་སུས་བྱང་ཀོ་རི་ཡ་བརྒྱུད་ནས་ཨ་རི་དང་རྒྱ་ནག་གཉིས་ལ་དབྱེན་སྦྱོར་བྱ་རྒྱུ་ནི་ལོ་༧༤་ཡི་སྔོན་དང་གཅིག་མཚུངས་ཡིན་པའི་གནས་ཚུལ་ཐོན་འདུག

༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ཕུ་ཊིན་གྱིས་རྒྱ་ནག་དམག་འཁྲུག་དེར་ཞོད་འདྲུད་བྱ་རྒྱུའི་ཐབས་ཇུས་ཤིག་ལག་ལེན་བསྟར། ཐོག་མར་རྒྱ་ནག་གིས་ཀྱང་ཨུ་རུ་སུར་རྒྱལ་ཁ་བདེ་བླག་ཏུ་ཐོབ་ངེས་རེད་བསམས་ཡོད་སྲིད། ཨུ་རུ་སུར་རྒྱལ་ཁ་མ་ཐོབ་པའི་རྗེས་སུ་རྒྱ་ནག་དམག་འཁྲུག་དེར་རྒྱང་བཀྱེད། ཡུཀ་རེན་གྱི་དམག་འཁྲུག་ལ་མཁོ་བའི་མཚོན་ཆ་སོགས་ཨུ་རུ་སུར་འཚོང་གི་མེད་པའི་རྣམ་འགྱུར་བསྟན། ཨ་མི་རི་ཀས་རྒྱ་ནག་གི་བཟོ་གྲྭ་ཁག་དང་དངུལ་ཁང་ཁག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས། ཕུ་ཊིན་དང་ཀིམ་ཇོང་ཨུན་གཉིས་ཀྱིས་དམག་དོན་མཉམ་འབྲེལ་གྱི་གྲོས་མཐུན་བཞག གལ་སྲིད་རྒྱ་ནག་གིས་ཨུ་རུ་སུ་དང་བྱང་ཀོ་རི་ཡའི་དམག་དོན་གྲོས་མཐུན་དེར་རྒྱབ་སྐྱོར་བྱས་པའམ། ཡང་ན་དམག་དོན་གྲོས་མཐུན་དེའི་ཁོངས་སུ་མཉམ་ཞུགས་བྱས་ཚེ། རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འབྲེལ་བ་རྦད་དེ་སྡུག་ཏུ་འགྲོ་ཤས་ཆེ། དེས་ན་ཨུ་རུ་སུ་དང་བྱང་ཀོ་རི་ཡའི་སྡོམ་ཐག་གི་གསེང་ནས་རྒྱ་ནག་ཐར་རྒྱུ་ཡིན་ནམ།།

ཀིམ་ཇོང་ཨུན་རང་གི་ཕ་མེས་ཀྱི་པུར་ཁང་དུ་གུས་མཆོད་བྱེད་དུ་བསྐྱོད་རྒྱུའི་མཛད་རིམ་བསྒྲིགས་ཀྱང་ཕུ་ཊིན་ལ་སྣེ་ལན་བྱས་ནས་ཕ་མེས་ཀྱི་པུར་ཁང་དུ་གུས་མཆོད་ལ་བསྐྱོད་རྒྱུ་ངང་འཐེན་བྱས་འདུག ད་དུང་ཀིམ་ཇོང་ཨུན་གྱིས་རང་གི་བུ་མོ་བྱང་ཀོ་རི་ཡའི་འགོ་ཁྲིད་ལ་བསྐོ་འཆར་ཡོད་ཅེས་ཕུ་ཊིན་ལ་ནང་མོལ་བྱས་པར་མ་ཟད། བྱང་ཀོ་རི་ཡ་ལམ་ཕྱོགས་གསར་པ་ཞིག་ཏུ་བསྐྱོད་རྒྱུའི་བརྡ་བཏང་བ་དང་ཀོ་རི་ཡའི་དམག་འཁྲུག་ངང་འཐེན་བྱས་ནས་ལོ་༧༡་ཕྱིན་ཡོད་པ་སོར་གནས་ཐུབ་མིན་ཐེ་ཚོམ་གྱི་གནས་སུ་ཟད། དེང་སྐབས་ལོ་རབས་༥༠་པའི་འཐབ་འཁྲུག་དེ་བསྐྱར་ལོག་བརྒྱབ་སྟེ་རྒྱ་ནག་ཨུ་རུ་སུའི་རྒྱ་རྙི་ལ་ཚུད། མའོ་ཙེ་ཏུང་ཨུ་རུ་སུའི་རྙི་ནས་ཐར་ཐུབ་མེད་ཀྱང་ཞིས་ཅིན་ཕིང་ཐར་རྒྱུ་ཡིན་ནམ། ལོ་ཤས་གོང་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་བཟང་པོ་མེད་པས་ཞིས་ཅིན་ཕིང་གིས་ཐར་ཐབས་བྱ་རྒྱུ་ཡིན་ནམ། རྒྱ་ནག་གིས་ཐར་ཐབས་ཤིག་རྙེད་དམ། རྒྱ་ནག་ཨུ་རུ་སུའི་རྒྱ་རྙི་ལས་ཐར་རྒྱུ་ལས་སླ་པོ་ཞིག་མ་རེད་ཅེས་དཔྱད་བརྗོད་སྤེལ་འདུག

ཕྱི་ཟླ་༦་པའི་ཚེས་༢༡་ཉིན་ཨ་རིའི་བྷུ་རུ་ཀིང་སི་ཞིབ་འཇུག་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་རྒྱལ་སྲུང་མཉམ་འབྲེལ་གྱི་གྲོས་མཐུན་བཞག་ནས་ཀོ་རི་ཡའི་གླིང་ཟུར་དང་ཡུཀ་རེན། འཛམ་གླིང་ཡོངས་ཀྱི་བདེ་འཇགས་ལ་ཉེན་ཁ་ཕྲད། དེ་ནི་ཨུ་རུ་སུ་དང་བྱང་ཀོ་རི་ཡ། རྒྱ་ནག་དང་ཨི་རན་རྣམས་ངན་པ་ཁ་མཐུན་བྱས་པ་ར་འཕྲོད། རྒྱ་ནག་སླར་ཡང་ཀོ་རི་ཡའི་འཁྲུག་རྩོད་ནང་དུ་ཞོར་འདྲུད་ཐེབས་རྒྱུའི་ཉེན་ཁ་ཆེན་པོ་འདུག རྒྱ་ནག་གིས་ཨུ་རུ་སུ་ཡུ་རོབ་ཀྱི་དམག་འཁྲུག་ལ་མགོ་འཁོར་ནས་ཀོ་རི་ཡའི་གླིང་ཟུར་དུ་འཁྲུག་རྩོད་དང་ཟིང་འཁྲུག་མ་བྱུང་ན་བསམས་ཡོད་པ་རེད། དེ་ནི་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ལངས་ཕྱོགས་དང་མཐུན། ཨུ་རུ་སུ་དང་བྱང་ཀོ་རི་ཡས་ཆག་སྒོ་ཆེན་པོ་ཞིག་མ་བསླངས་གོང་དེར་ཨ་རི་དང་རྒྱ་ནག ལྷོ་ཀོ་རི་ཡ་དང་མངའ་ཁུལ་དེའི་རྒྱལ་ཁབ་ཁག་མཉམ་འབྲེལ་གྱིས་ཕུ་ཊིན་དང་ཀིམ་ཇོང་ཨུན་གཉིས་མགོ་བོ་གནོན་དགོས་ཞེས་རྩོམ་ཡིག་སྤེལ།།

ཕུ་ཊིན་གྱིས་ཀིམ་ཇོང་ཨུན་ལ་ཀོ་རི་ཡའི་གླིང་ཟུར་དུ་འཁྲུག་རྩོད་སློང་དུ་བཅུག་སྟེ་ཨ་མི་རི་ཀ་ལྷོ་ཀོ་རི་ཡའི་རྒྱབ་རྩར་ལངས། ཡུཀ་རེན་དང་ཡུ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་མི་ཐུབ་པ་ཞིག་ཏུ་གཏོང་རྒྱུའི་དམིགས་ཡུལ་བཅངས། ཨུ་རུ་སུས་བྱང་ཀོ་རི་ཡར་ཤུགས་རྐྱེན་ཐེབས་རྒྱུ་མང་དུ་འགྲོ་བཞིན་པ་དང་རྒྱ་ནག་གི་ཤུགས་རྐྱེན་ཉམས་ཀྱི་ཡོད་པར་པེ་ཅིང་གི་དབང་འཛིན་པ་ཚོ་བློ་འཚབ་བྱུང་། རྒྱ་ནག་དང་ཨུ་རུ་སུ། བྱང་ཀོ་རི་ཡ་གསུམ་ཨ་མི་རི་ཀས་འཛམ་གླིང་ཡོངས་ལ་དབང་སྒྱུར་བྱེད་བཞིན་པའི་སྟོབས་ཤུགས་གཅོག་རྒྱུར་བློ་ཁ་མཐུན་ཡང་ཕྱོགས་གསུམ་གྱི་དོན་གཉེར་བྱེད་བཞིན་པའི་ཁེ་ཕན་རྣམས་མ་འདྲ་བ་ཡིན་པ་སྟེ། རྒྱ་ནག་གིས་རང་གི་ཁེ་ཕན་ལ་མ་གནོད་པ་དང་འཛམ་གླིང་ལ་དམག་འཁྲུག་མ་བསླངས་པར་ཨ་རིའི་སྟོབས་ཤུགས་གཅོག་རྒྱུའི་ཐབས་ཇུས་ཤིག་འཛིན་གྱི་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

རྒྱ་ནག་ལ་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཚོང་འབྲེལ་མི་ཆད་པ། འཕྲུལ་རིག་དང་གསར་གཏོད་ཀྱི་ནུས་པ་ཡར་རྒྱས། རྒྱ་ནག་གི་དམག་དཔུང་དེང་རབས་ཅན་དུ་བསྒྱུར་ཏེ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་འདོད་ཡོད་པ་རེད། ཨ་མི་རི་ཀས་ཡུ་རོབ་ལ་དོ་སྣང་བྱེད་ཀྱི་ཡོད་པ་མཚམས་བཞག་སྟེ་ཨེ་ཤི་ཡར་དམིགས་པ་གཏོད་དུ་འཇུག་འདོད་གཏན་ནས་མེད་པ་རེད། ཨ་རི་དང་ལྷོ་ཀོ་རི་ཡ། ཉི་ཧོང་གསུམ་གྱི་མཉམ་འབྲེལ་ཤུགས་ཆེ་རུ་ཕྱིན་པར་རྒྱ་ནག་བློ་འཚབ་བྱུང་། རྒྱ་ནག་གིས་ཨུ་རུ་སུ་དང་བྱང་ཀོ་རི་ཡ་གཉིས་ལ་རྒྱབ་སྐྱོར་བྱས་ན་དཔལ་འབྱོར་དང་ཚོང་ལས་སོགས་ཀྱི་ཁེ་ཕན་ཆུང་། ཕུ་ཊིན་གྱིས་ཀིམ་ཇོང་ཨུན་ལ་ངན་སྐུལ་བྱས་ནས་ལྷོ་ཀོ་རི་ཡ་དང་ཉི་ཧོང་གང་རུང་ལ་དམག་བརྒྱབ་སྟེ་རྒྱ་ནག་གི་སྒོ་འགྲམ་དུ་འཐབ་འཁྲུག་ལངས་ན་རྒྱ་ནག་ལ་དེ་བས་ཀྱང་ཁེ་ཕན་མེད། བྱང་ཀོ་རི་ཡ་དང་ཨུ་རུ་སུ་གཉིས་རྒྱ་ནག་གིས་གཡུག་སྟངས་མ་ཤེས་པའི་རྡོག་ཁྲེས་ལྟ་བུ་ཞིག་ཏུ་གྱུར་འདུག་ཅེས་ཉམས་ཞིབ་པ་ཚོས་དཔྱད་བརྗོད་སྤེལ་འདུག

གླེང་སྟེགས།

XS
SM
MD
LG