ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

ཧྥ་རན་སིའི་ཞིང་པའི་ཐོབ་ཐང་སྲུང་སྐྱོབ་ཆེད་དུ་ངོ་རྒོལ།


ཧྥ་རན་སིའི་ཞིང་པ་ལམ་ཆེན་དུ་ངོ་རྒོལ་བྱེད་ཀྱིན་པ།
ཧྥ་རན་སིའི་ཞིང་པ་ལམ་ཆེན་དུ་ངོ་རྒོལ་བྱེད་ཀྱིན་པ།

ཧྥ་རན་སིའི་ཞིང་པ་ཚོའི་ངོ་རྒོལ་ཞི་འཇམ་ཡོང་ཆེད་ཧྥ་རན་སིའི་གཞུང་གིས་སྲིད་ཇུས་གསར་པ་ཞིག་གསལ་བསྒྲགས་བྱས་ཀྱང་ད་དུང་ཞིང་པ་ཚོའི་འདོད་པ་མ་ཚིམས་པར་ངོ་རྒོལ་བྱས་ཏེ་རྒྱལ་ས་ཕཱ་རེ་སི་ཞིང་པ་ཚོས་མཐའ་བསྐོར་ཡོད་པ་ཧྥ་རན་སི་དང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ཟླ་དང་པོའི་ཚེས་ ༣༠ སྟེ། གཟའ་མིག་དམར་ཉིན་ AP མཉམ་འབྲེལ་གསར་འགྱུར་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། གསར་དུ་བསྐོ་བཞག་བྱས་པའི་ཧྥ་རན་སིའི་སྲིད་བློན་གསར་པས་ཕྱི་རྒྱལ་གྱི་ཟས་རིགས་ནང་འདྲེན་ལ་ཚོད་འཛིན་བྱས་ཏེ། “ཞིང་ལས་འགྲན་སྡུར་འདྲ་མཉམ་ལྡན་པ་” ཞིག་ཡོང་ཆེད་སྲིས་ཇུས་གསར་པ་ལག་བསྟར་བྱ་རྒྱུ་ཡིན། དེ་ནི་ཞིང་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་ཞེས་བཤད་འདུག

སྲིད་བློན་གསར་པ་གྷ་བྷ་རེལ་ཨ་ཊལ་(Gabriel Attal) གྱིས་རྒྱལ་ཡོངས་ཚང་འཛོམས་ལ་གཏམ་བཤད་བྱས་ཏེ། ཁོང་གིས་ “སྲིད་ཇུས་གསར་པ་འདིའི་དམིགས་ཡུལ་གསལ་པོར་ཡིན། འགྲན་རྩོད་དྲང་བདེན་ཅན་ཞིག་ཡོང་རྒྱུར་འགན་ལེན་བྱེད་ཆེད་ཡིན། དམིགས་བསལ་ཧྥ་རན་སིའི་ཞིང་ལས་པ་ཚོས་བརྩི་དགོས་པའི་སྒྲིག་ཁྲིམས་དེ་དག་ཕྱི་རྒྱལ་ཀྱི་ཞིང་པ་ཚོས་ཀྱང་བརྩི་སྲུང་བྱེད་ཆེད་ཡིན་”ཞེས་བཤད་འདུག

ཡང་ཁོང་གིས། “ཟས་ཚོང་རྒྱག་མཁན་སུ་ཡིན་རུང་ཁྲིམས་མི་བརྩི་མཁན་ལ་དེ་རིང་ནས་བཟུང་སྟེ་ཉེས་ཆད་གཅོད་རྒྱུར་མགོ་འཛུགས་རྒྱུ་ཡིན་” ཞེས་བཤད་པ་མ་ཟད། ཁོང་གིས་ “ང་ཚོས་ཞིང་ལས་བ་ལས་ཀ་བྱེད་མཁན་དང་། ཁོང་ཚོའི་མ་འོངས་པའི་འཚོ་བ་ལ་སེམས་ཁྲལ་བྱེད་མཁན་ཚོའི་སྐད་ཆ་ལ་ཉན་དགོས་ཀྱིན་འདུག་”ཅེས་བརྗོད་འདུག

ཧྥ་རན་སིའི་སྲིད་བློན་གྱིས་གྲོས་ཚོགས་སུ་གཏམ་བཤད་བྱེད་བཞིན་པ།
ཧྥ་རན་སིའི་སྲིད་བློན་གྱིས་གྲོས་ཚོགས་སུ་གཏམ་བཤད་བྱེད་བཞིན་པ།

ཧྥ་རན་སི་ལ་ཕྱི་རྒྱལ་ཀྱི་གོང་ཚད་དམའ་མོ་ཡིན་པའི་ཟས་རིགས་མང་པོ་ནང་འདྲེན་བྱས་པ་མ་དྲགས་པས་ཧྥ་རན་སིའི་ཞིང་པའི་ཐོན་སྐྱེད་བཙོང་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་པ་རེད།

ད་ལྟ་ཧྥ་རན་སིའི་ཞིང་པ་ཚོས་ཉི་མ་མང་པོར་ངོ་རྒོལ་བྱས་ནས་སྲིད་གཞུང་ལ་གནོན་ཤུགས་སྤྲད་དེ། ཕྱི་རྒྱལ་ཀྱི་ཟས་གོང་དམའ་མོ་ཅན་ལ་ངོ་རྒོལ་དང་། ས་གནས་ཀྱི་ཞིང་པ་ཚོ་ཁྲིམས་ཀྱི་ཐག་པས་བསྡམས་ནས་མ་བཞག་པར་སྲུང་སྐྱོབ་བྱེད་པའི་དགོས་འདུན་བཏོན་འདུག

ད་ལྟ་ཞིང་པ་ཚོས་ཞིང་ལས་འཕྲུལ་འཁོར་ཆེ་ཆུང་སྣ་ཚོགས་དང་། འབྲུ་རིགས་སྐྱེལ་འདྲེན་འཁོར་ལོ་སོགས་ཞིང་པའི་འཕྲུལ་འཁོར་མང་པོ་བསྐོར་ཡོང་སྟེ། རྒྱལ་ས་ཕ་རེ་སིའི་ལམ་མདོ་མང་པོ་བཀག གུར་ཕུག་སྟེ་སྒར་ཁ་བརྒྱབ་ནས་ངོ་རྒོལ་བྱེད་བཞིན་པ་རེད།

ཞིང་པ་ཆིག་སྟོང་བདུན་བརྒྱ་ལྷག་གིས་ཧྥ་རན་སིའི་རྒྱལ་ཡོངས་སུ་ས་གནས་༢༥ རུ་ལམ་ཆེན་དང་ལམ་མདོ་སོགས་བཀག་ཅིང་། རྒྱལ་ས་ཕ་རེ་སི་ལ་འགྲོ་ལམ་བཀག་སྟེ་ཟིང་སློང་ནས་དཀའ་ངལ་དྲིལ་བསྒྲགས་བྱེད་ཀྱིན་པ་རེད། ཡང་དྲག་ཟིང་མི་འབྱུང་བ་དང་བདེ་འཇགས་ཡོང་ཆེད་གཞུང་གིས་ཉེན་རྟོག་པ་ ༡༥༠༠༠ བཀྲམ།

གཟའ་ཟླ་བའི་ཉིན་སྲིད་བློན་གསར་པས་ཞིང་པ་ཚོའི་མགོ་ཁྲིད་ཚོ་ལ་ཐུག་འཕྲད་བྱས་ནས་དགོས་འདུན་ཅི་ཡོད་དྲིས།

ཡང་གཞུང་གི་མགྲིན་ཚབ་པས་ཧྥ་རན་སིའི་སྲིད་གཞུང་ཧྥ་རན་སིའི་ཞིང་པ་ཚོའི་ཕྱོགས་ན་ཡོད་པ་གསལ་བསྒྲགས་བྱས་པ་མ་ཟད། གཟའ་མིག་དམར་ཉིན་སྲིད་བློན་གྱིས་རྒྱལ་ཡོངས་ཚང་འཛོམས་ཐོག་ཏུ་ཁྲིམས་གཟོ་བ་འཐུས་མི་ཚོར་གཏན་བཤད་སྐབས་ཞིང་པའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་ཞུས་འདུག

ཞིང་པ་ཁག་ཅིག་གིས་དེང་སྐབས་ “ཞིང་ལས་དང་། ལོ་ཏོག་རྨོ་འདེབས་ཤིན་ཏུ་ཁག་པོ་ཆགས་འདུག་” ཟེར། རྒྱུ་མཚན་གང་ཡིན་ཟེར་ན། ད་ལྟའི་གནས་བབ་འདི་ཙམ་གྱིས་ཡོང་འབབ་ཆེན་པོ་མི་འདུག ཁོང་ཚོར་ལ་གླ་ཆ་ཡག་པོ་དགོས། སྒྲིག་ཁྲིམས་ཇེ་ཉུང་དུ་གཏོང་དགོས། ཟས་གོང་དམའ་རུ་གཏོང་དགོས་པའི་རེ་བ་བཏོན་འདུག རེ་བ་འདི་དག་ནི་སྲིད་བློན་གསར་པ་ལས་གནས་ལ་སླེབས་ནས་ཟླ་གཅིག་ལས་མ་ཟིན་པའི་སྐབས་འདིར་སྲིད་བློན་གསར་པའི་དཀའ་ལས་ཆེ་ཤོས་དེར་གྱུར་འདུག

བདུན་ཕྲག་སྔོན་མར་གཞུང་ཕྱོགས་ནས་ཞིང་པ་ཚོར་རྒྱབ་སྐྱོར་གྱི་གནད་དོན་ཁག་ཅིག་གསལ་བསྒྲགས་བྱས་ཡོད་ཀྱང་། གཟའ་ཟླ་བའི་ཉིན་ངོ་རྒོལ་བ་ཚོས་གཞུང་ཕྱོགས་ཀྱི་བྱེད་ཐབས་དེ་ཙམ་གྱིས་འདང་གིན་མེད་པར་བཤད་དེ་ངོས་ལེན་བྱས་མི་འདུག དེར་བརྟེན་གཟའ་མིག་དམར་ཉིན་སྲིད་བློན་གྱིས་ཁྲིམས་བཟོ་འཐུས་མི་ཚོར་རྒྱལ་ཡོངས་ཚང་འཛོམས་ཀྱི་གཏམ་བཤད་དེ་བྱས་ཡོད་པ་རེད།

ཧྥ་རན་སིའི་ཞིང་པ་ཚོས་ལན་ཆེན་བཀག་ནས་ངོ་རྒོལ་བྱེད་བཞིན་པ།
ཧྥ་རན་སིའི་ཞིང་པ་ཚོས་ལན་ཆེན་བཀག་ནས་ངོ་རྒོལ་བྱེད་བཞིན་པ།

ཞིང་པ་ཚོས་གུར་དང་ཆུ། ཟ་མ་སོགས་འཁྱེར་ཡོང་ནས་དཀའ་ངལ་མ་སེལ་བར་དུ་ངོ་རྒོལ་བྱ་འཆར་ཡོད་པ་རེད། ཡང་རྒྱལ་ས་ཕ་རི་སིའི་ནང་དུ་ཟླ་བ་དྲུག་གི་ནང་ལ་རྒྱལ་སྤྱིའི་ཨོ་ལེམ་ཕི་ཁི་རྩེད་འགྲན་འཚོགས་རྒྱུ་ཡིན་པས། མི་མང་པོས་ཞིང་པའི་དཀའ་ངལ་མགྱོགས་མྱུར་སེལ་ཐུབ་པའི་རེ་བ་རྒྱག་བཞིན་པ་རེད།

ད་ལྟ་ཞིང་པ་ཚོས་ལམ་ཆེན་དང་མགྱོགས་ལམ་བཀག་སྟེ། Disneyland གླིང་ཀའི་ཉེ་འགྲམ་སོགས་སུ་ཉལ་ས་བཟོས་ཏེ་ཤ་སྲེག་བརྒྱབ། བརྙན་འཕྲིན་བཙུགས་ནས་སྲིད་བློན་གྱི་གཏམ་བཤད་ལ་མཉན། ཡང་ཟམ་པ་ཞིག་གི་སྟེང་དུ་ཞིང་པ་ཞིག་གི་འདྲ་གཟུགས་མར་དཔྱང་སྟེ་ཞིང་པ་ཚོ་འཆི་ལམ་དུ་སྐྱེལ་བཞིན་པའི་རྣམ་འགྱུར་རྔམ་སྟོན་བྱས་ཏེ་ངོ་རྒོལ་བྱས་འདུག

ཡང་ཧྥ་རན་སིའི་ཁྱིམ་མཚེ་བྷེལ་ཇམ་རྒྱལ་ཁབ་ཏུ་ཡོད་པའི་བྷེལ་ཇམ་གཞོན་ནུ་ཞིང་པའི་མཐུན་ཚོགས་ཀྱི་སྐུ་ཚབ་ཀྱིས། ཕ་རེ་སི་དང་བྷ་ར་སཱེལ་(Brussels)གཉིས་བར་ཀྱི་ལམ་ཆེན་བཀག་ནས་ཉིན་བཞི་སོང་། ཧྥ་རན་སིའི་ཞིང་པ་གཅིག་པོ་མ་ཡིན་པར་ཡུ་རོབ་ཀྱི་ཞིང་པ་མང་པོས་ཞིང་པའི་ཐོབ་ཐང་བརྩད་ནས་ངོ་རྒོལ་བྱེད་བཞིན་པ་རེད།

ཞིང་པ་མང་ཆེ་བའི་ངོ་རྒོལ་བྱ་ཡུལ་གཙོ་བོ་ནི་གཞུང་གི་འགྲོ་ལུགས་མང་པོར་བརྒྱུད་དགོས་པར་དང་། སྒྲིག་ལམ་མང་དྲགས་པར་བརྟེན་སྐྱོན་བརྗོད་བྱེད་བཞིན་པ་རེད།

ཧྥ་རན་སིའི་ཞིང་ལས་ཁྲོམ་ར།
ཧྥ་རན་སིའི་ཞིང་ལས་ཁྲོམ་ར།

ཡུག་ཀེ་རེན་ནི་འཛམ་གླིང་གི་ཟ་འབྲུ་ཕྱིར་གཏོང་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་རུང་། ཨུ་རུ་སུ་དང་ཡུག་ཀེ་རེན་གྱི་དམག་འཁྲུག་གི་རྐྱེན་གྱིས་འཛམ་གླིང་ལ་ཟ་འབྲུ་མ་འདང་བའི་དཀའ་ངལ་འཕྲད་ཡོད་པ་རེད། དེར་བརྟེན་རྒྱལ་ཁབ་མང་པོའི་ཟས་གོང་འཕར་ཆག་བྱུང་སྟེ་ཧྥ་རན་སིའི་ཞིང་པ་ཚོའི་ངོ་རྒོལ་འདི་ཡང་དམག་འཁྲུག་དེའི་ཤུགས་རྐྱེན་ཞིག་ཆགས་འདུག

ཞིང་པ་ཚོས་དགོས་འདུན་གལ་ཆེན་གཞན་ཞིག་ནི་རྒྱལ་ཁབ་གཞན་ནས་ནང་འདྲེན་བྱས་པའི་རིན་གོང་དམའ་བའི་ཐོན་སྐྱེད་ཡིན་སྟབས། ཧྥ་རན་སིའི་སྲིད་འཛིན་ཨེ་མག་ནུལ་མེག་རོན་ (Emmanuel Macron) དེ་རིང་གཟའ་ཕུར་བུའི་ཉིན་ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ལ་ཞིང་པའི་དཀའ་ངལ་སྐོར་གྲོས་མོལ་བྱ་འཆར་ཡོད་པ་རེད། གཟའ་མིག་དམར་ཉིན་སྲིད་འཛིན་མེག་རོན། ཡུ་རོབ་ཀྱི་སུད་ཌེན་(Sweden)རྒྱལ་ཁབ་ཏུ་ཕྱོགས་སྐྱོད་སྐབས་སུ། ཡུ་རོབ་ལ་ཞིང་ལས་གཅིག་གྱུར་གྱི་སྲིད་ཇུས་ཤིག་དགོས་ཀྱིན་འདུག “ཡུ་རོབ་ཀྱི་ཞིང་ལས་ལ་གཅིག་གྱུར་གྱི་སྲིད་ཇུས་ཤིག་མེད་ན་ཞིང་པ་རྣམས་འཚོ་ཐུབ་རྒྱུ་མ་རེད་”ཅེས་བཤད་འདུག

གླེང་སྟེགས།

XS
SM
MD
LG