ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཕྱི་རྒྱལ་གྱི་ཚོང་པ་ཚོས་རྒྱ་ནག་ནང་གི་ཚོང་གི་ཁོར་ཡུག་ལ་བློ་འཚབ་ཇེ་ཆེར་འགྲོ་བཞིན་པ།


ཉེ་དུས་རྒྱ་ནག་དམར་ཤོག་གཞུང་གིས་ཕྱི་རྒྱལ་གྱི་ཁེ་ལས་ཚོར་རྒྱ་ནག་གི་དཔལ་འབྱོར་གྱི་མདུན་ལྗོངས་ཡངས་པོ་ཡིན་རབས་དང་སྲིད་ཇུས་གུ་ཡངས་འཛིན་རྒྱུའི་བརྡ་བསྟུད་མར་བཏང་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གྱི་ཁེ་ལས་ལ་རྡུང་རྡེག་དྲག་པོ་གཏོང་བཞིན་ཡོད་ཅིང་། ཉེ་ཆར་པེ་ཅིན་དུ་གནས་འཁོད་ཏེ་ལོས་ཊི་Deloitte བཟོ་ཚོང་ཁང་གི་ཡན་ལག་ལས་ཁུངས་ལ་ཟླ་བ་གསུམ་རིང་སྒོ་བརྒྱབ་བཅུག་སྟེ་ཆད་པ་ཡང་ལྗི་མོ་བཅད་ཡོད། གཞན་ཡང་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་ཁེ་ལས་ཤིག་གི་ལས་མི་ལྔ་དང་ཉི་ཧོང་གི་ཁེ་ལས་ཤིག་གི་ལས་མི་གཅིག་བཀག་ཉར་བྱས་ཡོད་པས། སྲིད་དོན་དབྱེ་ཞིབ་པ་ཚོས། འདས་པའི་ལོ་ངོ་གསུམ་རིང་ནད་ཡམས་དམ་དྲག་གི་སྲིད་ཇུས་ལག་ལེན་བསྟར་རྗེས་སུ། ཕྱི་རྒྱལ་ཁག་གི་ཁེ་ལས་ཚོས་རྒྱ་ནག་ནང་ཚོད་ཐིག་ཁག་པོ་ཡིན་པའི་ཚོང་གི་ཁོར་ཡུག་ལ་དོགས་ཟོན་སྐྱེ་བཞིན་ཡོད་པ་དང་། ལྷར་པར་དུ་དེང་སང་ས་ཁམས་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཛ་དྲག་ཆགས་བཞིན་ཡོད་པའི་རྒྱབ་ལྗོངས་འོག་ཏུ། རྒྱ་ནག་གི་ཁྲོམ་ར་ནང་ནས་ཕྱི་ནུར་རྒྱག་མཁན་གྱི་ཕྱི་རྒྱལ་གྱི་ཁེ་ལས་པ་ཇེ་མང་དུ་འགྲོ་བཞིན་པ་རེད་ཅེས་བརྗོད་འདུག

རྒྱ་ནག་གཞུང་གིས་ཚོང་གི་ཁོར་ཡུག་ལེགས་བཅོས་གཏང་རྒྱུ་ཡིན་ཞེས་ཁས་ལེན་བྱས།

སྤྱི་ཟླ་༣ པའི་ཚེས་༣༠ ཉིན་རྒྱ་ནག་གི་སྲིད་བློན་ལི་ཆང་གིས་ཧེ་ནན་དུ་སྐོང་འཚོགས་བྱས་པའི་པོའོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་འཁོར་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་དུས། འཛམ་གླིང་ལ་འགྱུར་ལྡོག་ག་འདྲ་ཞིག་ཕྱིན་རུང་། རྒྱ་ནག་གིས་སྔར་བཞིན་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པའི་ཐོག། གསར་གཏོད་ལ་སྐུལ་མ་གཏང་ནས་འཛམ་གླིང་སྤྱིའི་དཔལ་འབྱོར་ཡར་རྒྱས་ལ་གསོན་ཤུགས་དང་ནུས་པ་འདོན་རྒྱུ་དང་། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་གྲུབ་འབྲས་དེ་བཞིན་འཛམ་གླིང་རྒྱལ་ཁབ་ཚང་མར་མཉམ་སྤྱོད་བྱ་རྒྱུ་ཡིན་ཞེས་བསྐྱར་དུ་ནན་བརྗོད་བྱས་འདུག། དེ་ནི་རྒྱ་ནག་དམར་ཤོག་གི་མཐོ་རིམ་དཔོན་པོས་ཉིན་འགའ་ཤས་ནང་ཚུད་དུ་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་པ་ཐེངས་གསུམ་པ་དེ་ཆགས་ཡོད་ཅིང་། རྒྱ་ནག་ཚོང་དོན་ལས་ཁུངས་ཀྱི་འགན་འཛིན་ཝང་ཝེན་ཐའོ་ཡིས་སྤྱི་ཟླ་༣ པའི་ཚེས་༢༣ ནས་༢༧ ཉིན་གྱི་བར་ཉིན་ལྔའི་རིང་སྔ་རྗེས་སུ་ཀུ་ཤུ་བཟོ་ཚོང་ཁང་དང་། Nestle དང་BMW བཟོ་ཚོང་ཁང་སོགས་ཚུད་པའི་རྒྱལ་མཚམས་ལས་བརྒལ་བའི་བཟོ་ཚོང་ཁང་ཆེ་ཤོས་༡༡ གི་འགོ་ཁྲིད་ཚོ་ལ་ཐུག་འཕྲད་བྱས་འདུག།

ཝ་ཤིན་ཊོན་ལ་རྟེན་གཞི་བྱས་ཡོད་པའི་ཐབས་ཇུས་དང་རྒྱལ་སྤྱིའི་ཞིབ་འཇུག་ཁང་གི་དཔལ་འབྱོར་སྐོར་གྱི་ཉམས་ཞིབ་པ་གྷེ་རཱ་ཌི་དྷི་ཕི་ཕོ་Gerard DiPippo ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ། ལོ་གསུམ་ལྷག་གི་རིང་ལ་སྤེལ་བའི་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཀྱི་ཤུགས་རྐྱེན་འོག། རྒྱ་ནག་དེ་བཞིན་རྒྱལ་སྤྱིའི་ཐོག་གྲོགས་མེད་ཁེར་རྐྱང་གི་གནས་སྟངས་ཤིག་ཆགས་ཡོད་པ་དང། རྒྱལ་ནང་ལ་དཔལ་འབྱོར་ཉམ་ཆག་ཤུགས་ཆེ་ཕྱིན་ཡོད་པས། ཕྱི་འབྲེལ་དང་དཔལ་འབྱོར་གྱི་གནས་སྟངས་བསྐྱར་གསོ་ཡོང་ཐབས་སུ། རྒྱ་ནག་གཞུང་གིས་རྒྱལ་ཕྱི་ནང་གི་མ་རྩ་འཛུགས་འཇོག་བྱེད་མཁན་ཚོའི་བློ་འཚབ་དེ་ཞི་བར་བྱེད་དུ་འཇུག་གི་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག།

ནད་དུག་རྗེས་ཀྱི་རྒྱ་ནག་གི་ཁྲོམ་ར་ལ་གཞན་སེམས་འགུགས་པའི་ནུས་པ་ཆུང་དུ་ཕྱིན་པ།

རྒྱ་ནག་གཞུང་གིས་ཚོང་རའི་སྲིད་ཇུས་གུ་ཡངས་གཏང་རྒྱུ་ཡིན་ཞེས་བརྡ་ཐེངས་མང་བཏང་ཡོད་ཀྱང་། ད་ལྟ་ཕྱི་རྒྱལ་ཀྱི་ཁེ་ལས་ཚོས་རྒྱ་ནག་གཞུང་གི་བྱེད་སྟངས་ལ་དོགས་ཟོན་ཆེ་རུ་ཕྱིན་ཡོད། དེ་སྔར་རྒྱ་ནག་གི་ཁྲོམ་ར་ལ་ཡིད་སྨོན་བྱེད་མཁན་དང་བློ་ཁ་ཕྱོགས་མཁན་གྱི་ཕྱི་རྒྱལ་ཁེ་ལས་པ་མང་པོ་ཡོད་ཀྱང་། དེང་སང་གྲངས་འབོར་དེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་ཕྱི་རྒྱལ་གྱི་ཁེ་ལས་གསར་པ་དང་ཁེ་ལས་ཆུང་གྲས་ཚོས་རྒྱ་ནག་གི་ཚོང་རའི་ཁོར་ཡུག་ལ་དོགས་ཟོན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ཡུ་རོབ་མནའ་འབྲེལ་གྱི་ཁེ་ལས་ཆུང་འབྲིང་ལྟེ་གནས་ཁང་གིས་སྤེལ་བའི་གཞི་གྲངས་ལས། ན་ནིང་ལོར་རྒྱ་ནག་ནང་ཚོང་ལས་འཛུལ་བཞུགས་བྱ་རྒྱུའི་སྐོར་ལ་བློ་འདྲི་བྱེད་མཁན་གྱི་ཁེ་ལས་ཆུང་འབྲིང་གི་གྲངས་འབོར་ནི་ལོ་གཅིག་སྔོན་དང་བསྡུར་ན་བརྒྱ་ཆའི༡༨ ཙམ་མར་ཆག་ཡོད་པ་དང་། ཨ་རིའི་ཁེ་ལས་ཀྱི་གནས་སྟངས་དེ་ཡང་དེ་དང་གཅིག་མཚུངས་ཆགས་འདུག། དེ་བཞིན་རྒྱ་ནག་གི་ཨ་རིའི་ཚོང་དོན་ལྷན་ཚོགས་ཀྱིས་སྤྱི་ཟླ་༣ པའི་ཚེས་༡ ཉིན་སྤེལ་བའི་ལོ་འཁོར་སྙན་ཐོ་ལས། རྒྱ་ནག་དེ་བཞིན་མ་རྩ་འཛུགས་འཇོག་བྱ་ཡུལ་ཨང་དང་པོར་བརྩིས་མཁན་གྱི་ཨ་རིའི་ཁེ་ལས་བརྒྱ་ཆའི༤༥ ཙམ་ལས་མེད་ཅིང་། དེ་ནི་འདས་པའི་ལོ་༢༥ རིང་ཚད་དམའ་ཤོས་ཡིན་ཞིང་། དེང་སང་ཨ་མེ་རི་ཀའི་ཁེ་ལས་མང་པོ་ཞིག་གིས་རྒྱ་ནག་གི་ཁྲོམ་ར་ནས་ཡོངས་སུ་ཕྱིར་འཐེན་བྱེད་ཀྱི་མེད་ཀྱང་། ཁོ་ཚོས་རྒྱ་ནག་གི་དཔལ་འབྱོར་གྱི་གནས་སྟངས་དང་། མ་རྩ་འཛུགས་འཇོག་དང་ཚོང་རའི་ཁོར་ཡུག། དེ་བཞིན་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སོགས་ལ་བཟང་ཕྱོགས་ཀྱི་འགྱུར་ལྡོག་འགྲོ་རྒྱུའི་སྐོར་ལ་སེམས་ཤུགས་ཧ་ལམ་ཉམས་ཚར་ཡོད་ཅེས་བཀོད་འདུག།

རྒྱ་གཞུང་གིས་ཕྱི་རྒྱལ་ཁེ་ལས་ཀྱི་ལས་མི་བཀག་ཉར་བྱས་པ་དེས་ཤུགས་རྐྱེན་ངན་པ་ཐེབས་པ།

སྤྱི་ཟླ་༣ པའི་ཚེས་༢༤ ཉིན་ཏེ། རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་ཚོང་ལས་གཉེར་བའི་ཉེས་མིང་འོག་ཨ་རིའི་མིན་ཛི་ཚོགས་པ་Mintz Group ཞེས་འབོད་པའི་བཟོ་ཚོང་ཁང་གི་པེ་ཅིང་དུ་བཅའ་སྡོད་རྒྱ་ནག་གི་མི་སེར་ཡིན་པའི་ལས་མི་ལྔ་འཛིན་བཟུང་བྱས་ཡོད་པ་དང་། སྤྱི་ཟླ་༣ པའི་ཚེས་༢༧ ཉིན་གསང་མྱུལ་བྱས་ཡོད་པའི་ཉེས་མིང་འོག་ཉི་ཧོང་གི་ཨེ་སི་ཐེ་ལཱ་སི་Astellas ཞེས་པའི་སྨན་རྫས་བཟོ་ཚོང་ཁང་གི་ལས་མི་ཞིག་བཀག་ཉར་བྱས་འདུག། གཞན་ཡང་དེའི་སྔོན་ཙམ་ལ་རྒྱ་ནག་ནོར་སྲིད་ལས་ཁུངས་ཀྱིས་མ་རྩའི་གནས་སྟངས་བདེན་པ་ཡར་ཞུ་བྱས་མེད་པའི་ཉེས་མིང་འོག་ཏེ་ལོས་ཊི་Deloitte བཟོ་ཚོང་ཁང་གི་ཡན་ལག་ལས་ཁུངས་དེ་ཟླ་བ་གསུམ་རིང་སྒོ་བརྒྱབ་བཅུག་ཡོད་པ་དང་ཨ་སྒོར་ས་ཡ་༣༡ གི་ཆད་པ་བཅད་ཡོད་པ་རེད།

ཨ་རིའི་མིན་ཛི་ཚོགས་པ་Mintz Group ཞེས་འབོད་པའི་བཟོ་ཚོང་ཁང་གི་པེ་ཅིང་དུ་བཅའ་སྡོད་ལས་ཁུང་།
ཨ་རིའི་མིན་ཛི་ཚོགས་པ་Mintz Group ཞེས་འབོད་པའི་བཟོ་ཚོང་ཁང་གི་པེ་ཅིང་དུ་བཅའ་སྡོད་ལས་ཁུང་།

འཛམ་གླིང་གི་ཆབ་སྲིད་ཉེན་ཁ་སྐོར་ལ་སློབ་སྟོན་བྱེད་མཁན་གྱི་བཟོ་ཚོང་ཁང་ཡུ་རོབ་དང་ཨེ་ཤེ་ཡའི་ཚོགས་པ་ཞེས་པའི་རྒྱ་ནག་གི་ཁེ་ལས་སྐོར་གྱི་ལས་གཞིའི་འགན་འཛིན་ཨན་ནཱ་ཨ་ཤི་ཐོན་Anna Ashton ལགས་ཀྱིས་བརྗོད་དོན་ལ། རྒྱ་ནག་གཞུང་གི་བྱེད་སྟངས་དེ་ནི་ཅིག་བྱས་ན་སྟེས་དབང་གིས་བྱུང་བ་ཞིག་ཡིན་སྲིད་ཀྱང་གནས་ཚུལ་དེ་གོ་ཐོས་བྱུང་དུས་མི་མང་པོ་ཞིག་ལ་ཧ་ལས་ཧང་སངས་བཅུག་ཡོད་པ་རེད། ཉི་ཧོང་ནི་ཨ་རིའི་མཐུན་གྲོགས་ཡིན་ཞིང་། རྒྱ་ནག་དང་ཉི་ཧོང་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། ཨ་རི་དང་ཉི་ཧོང་གི་ཁེ་ལས་ཀྱི་ལས་མི་ཚོ་རྒྱ་ནག་གི་བཀག་ཉར་བྱས་པ་དེས་ལམ་སང་ས་ཁམས་ཆབ་སྲིད་ཀྱི་དཀའ་རྙོག་དང་འབྲེལ་བ་ཡོད་པའི་བློ་འཚབ་སྐྱེ་འཇུག་གི་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག། ད་ཕན་རྒྱ་ནག་གཞུང་གིས་གོང་ཞུས་ལས་མི་ཚོ་བཀག་ཉར་བྱས་དགོས་པའི་དམིགས་ཡུལ་དང་སྐུལ་སློང་ངོ་མ་ཅི་ཡིན་སྐོར་གསལ་པོ་ཤེས་རྟོགས་བྱུང་མེད་ཀྱང་། མ་གཞི་ནས་ཕྱི་གསལ་ནང་གསལ་མེད་པའི་རྒྱ་ནག་གི་ཁྲིམས་ཀྱི་འགྲོ་སྟངས་དེས་ད་ལྟའི་ཆར་ཕྱི་རྒྱལ་གྱི་ཚོང་པ་ཚོར་རྒྱ་ནག་ནང་ཚོང་གཉེར་བྱ་རྒྱུར་དོགས་ཟོན་ཇེ་ཆེར་འགྲོ་འཇུག་གི་ཡོད་པ་རེད།

ཞི་ཅིན་ཕིང་གི་བདེ་འཇགས་ཨང་དང་པོ་དང་དཔལ་འབྱོར་ཨང་གཉིས་པར་འཛིན་པའི་སྲིད་ཇུས།

རྒྱ་ནག་གཞུང་གིས་ཚོང་རའི་ཁོར་ཡུག་ལེགས་བཅོས་བྱ་རྒྱུའི་ཁས་ལེན་བྱས་ཡོད་མོད། སྲིད་དོན་དབྱེ་ཞིབ་པ་ཚོས་ས་ཁམས་ཆབ་སྲིད་ཀྱི་ཐོག་ནས་བལྟས་ན་འབྱུང་འགྱུར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཡོང་ཁག་པོ་ཡིན་སྟབས། ཕྱི་རྒྱལ་ཚོང་པ་ཚོས་རྒྱ་ནག་ནང་མ་རྩ་འཛུགས་འཇོག་དང་ཚོང་ལས་གཉེར་ཕྱོགས་ཐད་ལ་བརྟན་བརླིང་མིན་པའི་དཀའ་རྙོག་མང་དག་ཅིག་འབྱུང་སྲིད་པ་རེད་ཅེས་བརྗོད་འདུག། ད་ལོའི་སྤྱི་ཟླ་དང་པོར་རྒྱ་ནག་ནང་ཕྱི་རྒྱལ་ནས་མ་རྩ་འཛུགས་འཇོག་བྱེད་པའི་ཚད་དེ་ན་ནིང་ལོའི་སྤྱི་ཟླ་༦ ནས་ད་བར་ཚད་མཐོ་ཤོས་སུ་སླེབས་ཡོད་ཀྱང་། མ་རྩ་འཛུགས་འཇོག་བྱེད་མཁན་ཕལ་མོ་ཆེ་རྒྱལ་མཚམས་ལས་བརྒལ་བའི་ཁེ་ལས་ཆེ་གྲས་ཤ་སྟག་རེད་འདུག།

ཉམས་ཞིབ་པ་གྷེ་རཱ་ཌི་དྷི་ཕི་ཕོ་Gerard DiPippo ལགས་ཀྱིས་མུ་མཐུད་ནས་བརྗོད་དོན་དུ། ཕྱི་རྒྱལ་ཚོང་པ་ཚོས་རྒྱ་ནག་ནང་གི་ཚོང་རའི་ཁོར་ཡུག་ལ་བློ་འཚབ་སྐྱེ་བཞིན་པའི་རྒྱུ་རྐྱེན་གཞན་ཞིག་ནི་རྒྱ་ནག་གི་ཆབ་སྲིད་ཀྱི་ཁོར་ཡུག་ཆགས་འདུག་ཅེས་དང་། ཕྱི་རྒྱལ་གྱི་མ་རྩ་འཛུགས་འཇོག་བྱེད་མཁན་དང་ཁེ་ལས་པ་ཚོས་རྒྱ་གཞུང་གིས་གང་བྱུང་འཛིན་བཟུང་བྱེད་པའམ་ཁྲིམས་ཀྱི་འགྲོ་སྟངས་ཕྱི་གསལ་ནང་གསལ་མེད་པའི་སྐོར་ལ་དོགས་ཟོན་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་དམར་ཤོག་གི་གཙོ་འཛིན་ཞིས་ཅིན་ཕིང་ལ་མཚོན་ན་དཔལ་འབྱོར་ཡར་རྒྱས་གཏང་རྒྱུ་གལ་ཆེ་པོ་ཆགས་ཡོད་པ་བདེན་པ་ཡིན་ཡང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཐབས་ཇུས་ཀྱི་ཐོག་ནས་བཤད་ན་དཔལ་འབྱོར་དེ་བཞིན་དེ་ཙམ་གྱི་གལ་ཆེན་པོ་ཆགས་མེད། ད་ལྟ་ཞིས་ཅིན་ཕིང་གི་ལས་འགན་གཙོ་བོ་ནི་འཕྲུལ་རིག་ལག་རྩལ་སྐོར་ལ་རང་ཁ་རང་གསོ་ཡོང་ཐབས་བྱ་རྒྱུ་དང་། མ་དངུལ་ཁྱབ་ཁོངས་ཀྱི་ཉེན་ཁ་ཐག་གཅོད་བྱ་རྒྱུ་དེ་རེད། སྤྱི་ཟླ་༣ པའི་ཚེས་༡༣ ཉིན་ཞིས་ཅིན་ཕིང་གིས་ལས་ཡུན་གསུམ་པར་བསྡད་རྒྱུ་གཏན་ཁེལ་བྱུང་རྗེས་སྤེལ་བའི་གཏམ་བཤད་ཅིག་ལས། བདེ་འཇགས་ནི་ཡར་རྒྱས་ཀྱི་གཞི་རྩ་དང་སྤྱི་ཚོགས་བརྟན་བརླིང་ནི་སྟོབས་འབྱོར་གྱི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞེས་ནན་བརྗོད་བྱས་ཡོད་པས། རྒྱ་ནག་གཞུང་གིས་ལག་རྩལ་སྔོན་ཐོན་ཅན་དང་མ་རྩ་འབོར་ཆེན་པོ་མེད་པའི་ཕྱི་རྒྱལ་གྱི་ཚོང་པ་ཚོའི་རེ་འདུན་ལ་དེ་ཙམ་གྱི་གཙིགས་མཐོང་ཆེན་པོ་སྤྲོད་ཀྱི་མེད་པ་གསལ་པོར་མཚོན་ཡོད་ཅེས་འགྲེལ་བརྗོད་བྱས་འདུག།

XS
SM
MD
LG