ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཊམ་ལ་ཉེས་འཛུགས་ཐེངས་གཉིས་པ་བྱུང་བ།


༄༅།། ཕྱི་ཟླ་དང་པོའི་ཚེས་༡༣་ཉིན་གྱི་ཕྱི་དྲོར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་༢༣༢་ཀྱིས་སྲིད་འཛིན་ཊམ་གྱིས་སྲིད་གཞུང་ལ་གྱེན་ལོག་བྱ་དགོས་པའི་ངན་སྐུལ་བྱས་པ་དང་ངན་ཇུས་བཤམས་པའི་ནག་ཉེས་དོན་ཚན་གཉིས་ཀྱི་ཐོག་ཏུ་ཉེས་འཛུགས་བྱ་དགོས་ཞེས་འོས་ཤོག་འཕངས། གྲོས་ཚོགས་འོག་མའི་འཐུས་མི་༡༩༧་གྱིས་སྲིད་འཛིན་ཊམ་ལ་རང་གི་རྒྱབ་སྐྱོར་བ་ཚོར་ངན་སྐུལ་བྱས་ནས་དྲག་ཟིང་བསླངས་པའི་ལན་ཁག་འདུག་ཅེས་སྐྱོན་བརྗོད་བྱས་ཀྱང་སྲིད་འཛིན་ལ་ནག་ཉེས་འཛུགས་རྒྱུ་དེར་རྒྱབ་སྐྱོར་གྱི་འོས་ཤོག་མ་འཕངས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་༡༠་ཐམ་པས་སྲིད་འཛིན་ཊམ་ལ་ནག་ཉེས་འཛུགས་དགོས་ཀྱི་འདུག་ཅེས་དམངས་གཙོའི་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོའི་ཕྱོགས་སུ་འོས་ཤོག་འཕངས་འདུག འདི་ནི་ཌོ་ནལ་ཊམ་ཨ་མི་རི་ཀའི་ལོ་རྒྱུས་སུ་ལས་ཐོག་སྲིད་འཛིན་ཞིག་ལ་ཉེས་འཛུགས་ཐེངས་གཉིས་བྱུང་བའི་སྲིད་འཛིན་དང་པོ་དེར་གྱུར། ཁ་སང་གཟའ་མིག་དམར་ཉིན་གྲོས་ཚོགས་འོག་མའི་འཐུས་མི་ཚོས་སྲིད་འཛིན་ཊམ་གྱིས་རང་གི་རྒྱབ་སྐྱོར་བ་ཚོར་སྲིད་གཞུང་ལ་གྱེན་ལོག་བྱ་དགོས་པའི་ངན་སྐུལ་དང་ངན་ཇུས་བཤམས་ནས་ཁྲིམས་འགལ་བྱས་སོང་། སྲིད་འཛིན་གཞོན་པ་མེཀ་ཕེན་སི་ཡིས་རྩ་ཁྲིམས་བསྐྱར་བཅོས་དོན་ཚན་༢༥་པ་ལག་ལེན་བསྟར་ནས་སྲིད་འཛིན་ཊམ་གནས་དབྱུང་གཏོང་དགོས། སྲིད་འཛིན་ཊམ་གྱིས་ཨ་མི་རི་ཀའི་འོས་འདེམས་དྲང་སྙོམས་བྱུང་མ་སོང་། འོས་འདེམས་ལ་གཡོ་ཁྲམ་བྱས་སོང་ཞེས་མི་མང་ལ་རྫུན་སྒྲོགས་དབྱེན་སྦྱོར་བྱས་ནས་རང་གི་རྒྱབ་སྐྱོར་བ་ཚོར་ཨ་རིའི་གྲོས་ཚོགས་ཚོགས་ཁང་ལ་དཔུང་རྒོལ་བྱ་དགོས་པའི་ངན་སྐུལ་བྱས་པ་རེད། ཁོང་གི་རྒྱབ་སྐྱོར་བ་དཔུང་ཚོགས་ཤིག་གིས་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གཉིས་ཀར་གཏོར་རྒོལ་དང་མི་གསོད་ཁྲག་སྦྱོར་གྱི་ཁྲིམས་འགལ་ཚབས་ཆེན་བྱས་སོང་། གལ་སྲིད་སྲིད་འཛིན་གཞོན་པ་མེཀ་ཕེན་སི་ཡིས་རྩ་ཁྲིམས་བསྐྱར་བཅོས་དོན་ཚན་༢༥་པ་ལག་ལེན་བསྟར་ནས་སྲིད་འཛིན་ཊམ་གནས་དབྱུང་མ་བཏང་ན་གྲོས་ཚོགས་འོག་མས་སྲིད་འཛིན་ཊམ་ལ་ཉེས་འཛུགས་བྱས་ནས་ཁྲིམས་བཤེར་བྱ་དགོས་པའི་གྲོས་ཆོད་འཇོག་རྒྱུ་ཡིན་ཞེས་ཐག་བཅད། ཡིན་ནའང་སྲིད་འཛིན་གཞོན་པ་མེཀ་ཕེན་སི་ནི་རྩ་ཁྲིམས་བསྐྱར་བཅོས་དོན་ཚན་༢༥་པ་ལག་ལེན་བསྟར་ནས་སྲིད་འཛིན་གནས་དབྱུང་གཏོང་རྒྱུ་དེར་མ་འཐད། གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་འོག་མས་སྲིད་འཛིན་ཊམ་ལ་ཉེས་འཛུགས་བྱ་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད།།

སྲིད་འཛིན་ཊམ་ལ་ཉེས་འཛུགས་ཐེངས་གཉིས་པ་བྱས་པའི་སྐབས་འདིར་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཨང་གསུམ་པ་སྟེ། སྲིད་འཛིན་གཞོན་པ་ཟུར་པ་ཌིཀ་ཆེ་ཎིའི་བུ་མོ་སྟེ། ལི་ཛི་ཆེ་ཎི་དང་ནེའུ་ཡོཀ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཇཱོན་ཀ་ཏ་ཀོ ཨི་ལོ་ནོ་ཡེ་སི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཨེ་ཌམ་ཀིན་ཛིང་གྷར་སོགས་སྤྱི་མཐུན་ཚོགས་པའི་འཐུས་༡༠་ཐམ་པས་སྲིད་འཛིན་ཊམ་ལ་ཉེས་འཛུགས་ཀྱི་གྲོས་ཆོད་འཇོག་རྒྱུར་རྒྱབ་སྐྱོར་གྱི་འོས་ཤོག་འཕངས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་གྲངས་ཉུང་གི་འགོ་ཁྲིད་ཁེ་ཝྭིན་མ་ཁར་ཐེས་སྲིད་འཛིན་ཊམ་ལ་ཉེས་འཛུགས་བྱ་རྒྱུའི་གྲོས་ཆོད་བཞག་པར་ངོ་རྒོལ་བྱས་ཀྱང་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་ངོ་རྒོལ་གྱི་འོས་ཤོག་འཕེན་དགོས་ཞེས་སྐུལ་ལྕག་བཏང་མེད་ཅིང་། ཁོང་གིས་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོར་རང་གི་དཔྱོད་ཤེས་ལྟར་སྲིད་འཛིན་ལ་ནག་ཉེས་ཡོད་མེད་ཐག་བཅད་ནས་འོས་ཤོག་འཕེན་དགོས་ཞེས་བཤད། ལི་ཛི་ཆེ་ཎིས་ཨ་རིའི་སྲིད་འཛིན་གྱིས་དཔུང་ཚོགས་ཤིག་བསྐུལ་ནས་གཏོར་རྒོལ་གྱི་མེ་ལྕེ་སྦར་སོང་། དེའི་རྗེས་སུ་ཅི་ཞིག་བྱུང་བ་ནི་སྲིད་འཛིན་གྱི་བྱས་ཉེས་རེད། སྲིད་འཛིན་ཊམ་གྱིས་ངན་སྐུལ་བྱས་མེད་ན་གཏོར་བཅོམ་འདི་རྣམས་གཏན་ནས་བྱུང་མེད། སྲིད་འཛིན་ཊམ་གྱིས་འཕྲལ་དུ་དྲག་ཟིང་འགོག་ཐུབ་པ་ཞིག་ཡིན་རུང་བཀག་མ་སོང་། ཨ་རིའི་ལོ་རྒྱུས་སུ་སྲིད་འཛིན་གྱི་ལས་ཁུངས་དང་དམ་བཅའ་འཇོག་སའི་རྩ་ཁྲིམས་ལ་རྒྱབ་འགལ་བྱེད་མཁན་འདི་འདྲ་ཞིག་གཏན་ནས་བྱུང་མྱོང་མེད་ཅེས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་ཁ་རྡུང་དྲག་པོ་བཏང་འདུག ནེའུ་ཡོཀ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཇཱོན་ཀ་ཏ་ཀོས་ཨ་མི་རི་ཀའི་སྲིད་འཛིན་ལ་དྲག་ཟིང་སློང་དུ་བཅུག་པར་ཉེས་ཆད་མ་བཅད་ན་མིག་ལྟོས་ངན་པ་ཞིག་ཏུ་འགྱུར་ངེས་ཡིན། འདི་ནི་ཨ་མི་རི་ཀའི་དམངས་གཙོའི་མདུན་ལམ་ལ་ཉེན་ཁ་ཆེན་པོ་ཞིག་རེད། རྒྱུ་མཚན་དེའི་ཆ་ནས་ངས་རང་ཚོད་བཟུང་ནས་མི་འདུག་པར་སྲིད་འཛིན་ལ་ཉེས་འཛུགས་བྱ་དགོས་པའི་འོས་ཤོག་འཕེན་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཉེས་འཛུགས་ཀྱི་གྲོས་ཆོད་དེ་གྲོས་ཚོགས་གོང་མར་འབུལ་དགོས། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྲིད་འཛིན་ཊམ་ལ་ཁྲིམས་བཤེར་བྱས་ནས་འཐུས་མི་༦༧་གྱིས་ནག་ཉེས་ཡོད་པའི་འོས་ཤོག་འཕངས་ཚེ། ཕྱིས་སུ་སྲིད་འཛིན་ཊམ་གྱིས་ནམ་ཡང་སྲིད་གཞུང་གི་ལས་སྣེ་ཞིག་འཛིན་མི་ཆོག་པའི་ཉེས་ཆད་འཕོག་རྒྱུ་ཡིན་ཞིང་། ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་མང་གི་འགོ་ཁྲིད་མཱི་ཆི་མེ་ཁ་ནོས་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོར་སྲིད་འཛིན་ལ་ནག་ཉེས་ཡོད་མེད་རང་གི་དཔྱོད་ཤེས་ལྟར་ཐག་བཅད་ནས་འོས་ཤོག་འཕེན་དགོས་ཞེས་གདམས། འདས་པའི་ལོ་བཞིའི་རིང་ལ་མཱི་ཆི་མེ་ཁ་ནོ་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་གཙོ་བོ་ཞིག་ཡིན་རུང་བདུན་ཕྲག་སྔོན་མར་གྲོས་ཚོགས་ལ་དཔུང་རྒོལ་བྱས་པའི་རྗེས་སུ་ཌོ་ནལ་ཊམ་དང་མཱི་ཆི་མེ་ཁ་ནོའི་འགལ་ཟླ་ཆེ་རུ་སོང་། ཁོང་གིས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོར་སྲིད་འཛིན་ལ་ནག་ཉེས་ཡོད་པའི་འོས་ཤོག་མ་འཕེན་ཞེས་བཀག་འགོག་བྱ་རྒྱུ་མིན་པའི་བརྡ་བཏང་འདུག ད་ལྟ་ཕྱི་ཚེས་༡༩་བར་དུ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་ལས་མཚམས་བཞག་སྟེ་རང་ཁྱིམ་དུ་ལོག ཕྱི་ཚེས་༢༠་ཉིན་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོ་འཚོགས་རྒྱུ། དེའི་རྗེས་སུ་ཨ་རིའི་གྲོས་ཚོགས་གོང་མ་བསྐྱར་དུ་འཚོགས་རྒྱུ་དང་དམངས་གཙོ་ཚོགས་པར་གྲོས་ཚོགས་གོང་མའི་ནང་དུ་འཐུས་མི་༥༠་ཐམ་པ་ལོང་རྒྱུ། སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སིའི་འོས་ཤོག་བསྡོམས་པས་དམངས་གཙོ་ཚོགས་པར་གྲོས་ཚོགས་གོང་མའི་ནང་དུ་འོས་ཤོག་༥༡་ལ་འགྱུར་རྒྱུ། ད་ལྟ་ནས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་རེ་ཟུང་ཞིག་གིས་ཌོ་ནལ་ཊམ་ལ་ནག་ཉེས་ཡོད་པའི་འོས་ཤོག་འཕེན་རྒྱུའི་རྣམ་འགྱུར་བསྟན། དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྲིད་འཛིན་ཊམ་ལ་ཁྲིམས་བཤེར་བྱ་འཆར་ཡོད་པར་མཱི་ཆི་མེ་ཁ་ནོ་ཧ་ཅང་དགའ་མོས་བྱུང་ཡོད་པའི་གནས་ཚུལ་ཐོན། ན་ནིང་ཕྱི་ཟླ་༨་པར་སྲིད་འཛིན་ཊམ་གྱིས་རང་གི་ཆབ་སྲིད་ཀྱི་དགོས་མཁོ་བསྒྲུབ་པར་སྲིད་དབང་ལོག་སྤྱོད་བྱས་པའི་ནག་ཉེས་ཐོག་ཏུ་ཁྲིམས་བཤེར་ཐེངས་དང་པོ་བྱུང་ཞིང་། དེ་དུས་མཱི་ཆི་མེ་ཁ་ནོ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་ཌོ་ནལ་ཊམ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ནས་གནས་དབྱུང་གཏོང་ཐུབ་མེད་པ་རེད།།

ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་མངའ་སྡེ་ཁག་གིས་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་ཚོས་སྲིད་འཛིན་གཙོ་གཞོན་གཉིས་ལ་འཕངས་པའི་འོས་ཤོག་རྣམས་གྲངས་བཤེར། ཇཱོ་བྷ་ཌན་དང་ཀ་མ་ལ་ཧེ་རི་སི་གཉིས་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པའི་མཐའ་མའི་ངེས་གཏན་བྱེད་ཀྱི་ཡོད་མོད། འོན་ཀྱང་སྲིད་འཛིན་ཊམ་གྱིས་ཕོ་བྲང་དཀར་པོའི་ཉེ་འཁོར་དུ་རང་གི་རྒྱབ་སྐྱོར་བ་ཚོར་རང་སྲོག་འཛེམ་མེད་ཀྱིས་འཐབ་རྒོལ་བྱ་དགོས། དེ་ལྟར་འཐབ་རྒོལ་བྱ་མ་ཐུབ་ན་ང་ཚོའི་རྒྱལ་ཁབ་འདི་མེད་པར་འགྱུར་རྒྱུ་རེད་ཅེས་ངན་སྐུལ་བྱས་ནས་གྲོས་ཚོགས་ཀྱི་ལས་རིམ་ཁག་ལ་གཏོར་བརླག་ཕོག ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་རྣམས་ཨ་རིའི་གྲོས་ཚོགས་ཁང་ལ་དཔུང་འཛུལ་བྱས་ནས་ཟིང་འཁྲུག་ཆེན་པོ་བསླངས། སྲིད་འཛིན་ཊམ་གྱིས་རྒྱལ་ནང་གི་འཇིགས་སྐུལ་རིང་ལུགས་པ་དེ་ཚོར་ང་ནི་ཁྱོད་ཚོར་དགའ་མོས་ཡོད། ཁྱོད་ཚོ་ང་ལ་དམིགས་བསལ་བ་ཞིག་ཡིན་ཞེས་གྲོས་ཚོགས་ཁང་ལ་གཏོར་རྒོལ་བྱས་པར་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་དང་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ངོ་རྒོལ། ལྷག་པར་དུ་སྲིད་འཛིན་ཊམ་གྱིས་བསྐོ་བཞག་བྱས་པའི་བློན་ཆེན་ལྷན་ཁང་ཁག་གི་དྲུང་ཆེ་རེ་ཟུང་ཞིག་གིས་ལས་གནས་ནས་རྩ་དགོངས་ཞུས་ཏེ་ངོ་རྒོལ་བྱུང་། དེ་ནས་སྲིད་འཛིན་ཊམ་གྱིས་གྲོས་ཚོགས་ལ་གཏོར་རྒོལ་བྱེད་མཁན་ཚོར་སྐྱོན་བརྗོད་དང་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་ཞི་བའི་སྒོ་ནས་སྲིད་དབང་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་བརྙན་འཕྲིན་ནང་དུ་འོས་འདེམས་ཀྱི་ཕམ་ཉེས་བྱུང་བ་ཁས་བླངས། ཡིན་ནའང་ཨ་མི་རི་ཀའི་གསང་བའི་ལས་ཁང་གིས་ཕྱི་ཟླ་དང་པོའི་ཚེས་༡༦་ནས་ཚེས་༢༠་བར་དུ་རྒྱལ་ས་ཝ་ཤིང་ཊོན་དང་ཨ་རིའི་མངའ་སྡེ་ཁག་གི་རྒྱལ་ས་དེ་ཚོར་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་ཚོས་མཚོན་ཆ་བཟུང་ནས་ཇཱོ་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་ངོ་རྒོལ་བྱ་རྒྱུའི་འཆར་འགོད་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ། བདུན་ཕྲག་སྔོན་མ་ནས་ཨ་རིའི་གྲོས་ཚོགས་ཀྱི་མཐའ་འཁོར་དུ་ལྕགས་ར་འཐེན་ནས་འགྲོ་འོང་བཀག ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ལ་སྲུང་སྐྱོབ་པ་ཡུལ་སྲུང་དམག་དཔུང་འགྲེམ་འཇོག་བྱས་ནས་ཌོ་ནལ་ཊམ་གྱི་རྗེས་འཇུག་པ་ཚོས་སླང་ཡང་དྲག་ཟིང་སློང་སྲིད་པར་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG