ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

ཨ་རིས་རྒྱ་ནག་གི་འཕྲུལ་རིག་ལ་མ་རྩ་འཛུགས་མི་ཆོག་པའི་བཀག་སྡོམ། 


༄༅།། སྲིད་འཛིན་བྷ་ཌན་ནས་ཨ་མི་རི་ཀའི་ཡར་ཐོན་འཕྲུལ་རིག་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ལ་མ་རྩ་འཛུགས་བཙུགས་ནས་ཚོང་ལས་གཉེར་མི་ཆོག་ཅེས་བཀའ་རྒྱ་བསྒྲགས། ཕྱི་ཟླ་༨་པའི་ཚེས་༡༠་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བྷ་ཌན་གྱི་བཀའ་རྒྱ་དེས་ཨ་མི་རི་ཀས་རྒྱ་ནག་གི་ཡར་ཐོན་འཕྲུལ་རིག་འཕེལ་རྒྱས་དམིགས་འབེན་དུ་བཟུང་ཡོད་པ་དང་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་འགྲན་སྡུར་དེ་རྣོ་ངར་ཆེ་རུ་བཏང་བ་ཞིག་མཚོན་ཐུབ། སྲིད་འཛིན་བྷ་ཌན་གྱི་བཀའ་རྒྱའི་ཁོངས་སུ་ཨ་མི་རི་ཀའི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ལ་ཡར་ཐོན་གྱི་གློག་ཀླད་ཆིབ་ལེབ་དང་ཕྲ་ཆུང་གློག་ཆས་(microelectronics) ཀཱོན་ཊམ་བརྡ་འཕྲིན་འཕྲུལ་རིག་(quantum information technologies)་དང་བཅོས་རིག་(Artificial intelligence)རྣམས་འདུས། ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་ལ་དེང་རབས་ཀྱི་འཕྲུལ་རིག་ལག་རྩལ་ཕྱིར་ཚོང་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་པ་ནི་ཚོང་ལས་ཀྱི་ཁེ་ཕན་ལ་ཐུག་པ་ཞིག་མིན་པར་ཨ་རིའི་བདེ་འཇགས་ལ་འབྲེལ་བ་ཡོད། ཨ་མི་རི་ཀས་རྒྱ་ནག་ལ་འཕྲུལ་རིག་ལག་རྩལ་འཚོང་གི་མེད་པ་དེ་ཉུང་ཤས་ཤིག་ཡིན། རྒྱ་ནག་གིས་ཨ་རིའི་འཕྲུལ་རིག་ལག་རྩལ་བཀོལ་སྤྱོད་བྱས་ནས་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་གི་འདུག་ཅེས་རྒྱུ་མཚན་བགྲངས།།

གཟའ་ཕུར་བུའི་སྔ་དྲོར་རྒྱ་ནག་གི་ཚོང་དོན་ལྷན་ཁང་ནས་བྷ་ཌན་གྱི་བཀའ་རྒྱ་དེར་བློ་འཚབ་ཆེན་པོ་ཡོད། རྒྱ་ནག་ལ་ཨ་མི་རི་ཀར་ལན་པ་སློག་ཆོག་པའི་ཐོབ་ཐང་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། དེང་སྐབས་ཨ་རི་དང་རྒྱ་ནག་གི་ས་ཁམས་ཆབ་སྲིད་དང་ལྟ་གྲུབ་ཀྱི་འཐབ་རྩོད། ཨ་རྒྱའི་འགྲན་རྩོད་ཕྱོགས་ཡོངས་ནས་ཇེ་ཆེར་སོང་། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སུ་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་བ་བྷ་ཌན་གྱི་གཞུང་གིས་རྒྱུན་འཛིན་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་ལ་ཚོང་འབྲེལ་གཅོད་འདོད་མེད་ཟེར། པེ་ཅིང་གི་དབང་འཛིན་པ་ཚོས་ཨ་མི་རི་ཀས་ཁ་ནས་རྒྱ་ནག་གཅིག་པུར་ཚོང་འབྲེལ་བཙུགས་ན་ཉེན་ཁ་ཆེ་བ་དེ་ཆུང་དུ་གཏོང་གི་ཡོད་ཟེར་ཡང་དོན་དམ་དུ་རྒྱ་ནག་ལ་ཚོང་འབྲེལ་གཅོད་ཐབས་ཤིག་རེད་ཅེས་དགག་པ་བརྒྱབ། རྒྱ་ནག་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་གསང་ཉུལ་གྱི་ནག་ཉེས་བཙུགས་ནས་སྔོག་བཤེར་བྱས་པ་དང་ལས་བྱེད་པ་བཀག་ཉར། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གི་གློག་ཀླད་རྣམས་འཕྲོག་གི་ཡོད་པས་རྒྱ་ནག་ཏུ་ཚོང་ལས་གཉེར་རྒྱུ་ཉེན་ཁ་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༨་པའི་ཚེས་༩་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་རྒྱ་ནག་གི་ཕྱིར་ཚོང་ཉམས་རྒུད་འགྲོ་བཞིན་པར་བལྟས་ཚེ། ཨ་མི་རི་ཀས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ནས་རྒྱ་ནག་འཛམ་གླིང་གི་དངོས་ཟོག་ཐོན་ཁུངས་ཤིག་ཡིན་པར་འགྱུར་བ་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པར་ནུས་པ་ཐོན་གྱི་ཡོད་པར་སྣང་། ད་ལོའི་ཕྱི་ཟླ་༥་པའི་ནང་རྒྱ་ནག་གིས་ཨ་རི་དང་ཡུ་རོབ་ལ་དངོས་ཟོག་ཕྱིར་ཚོང་བྱ་རྒྱུ་བརྒྱ་ཆ་༡༢.༩་ཉུང་དུ་ཕྱིན་པ་དང་ཕྱི་ཟླ་༦་ནང་བརྒྱ་ཆ་༡༨.༦་ཉམས་ཆག ཕྱི་ཟླ་༧་པའི་ནང་བརྒྱ་ཆ་༢༡.༩་ཉུང་དུ་ཕྱིན་འདུག ལོ་འདིའི་མགོ་སྟོད་ཟླ་བ་བཞིའི་རིང་རྒྱ་ནག་གིས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ལ་དངོས་ཟོག་ཕྱིར་ཚོང་བྱ་རྒྱུ་མང་དུ་ཕྱིན་མོད། འོན་ཀྱང་ཕྱི་ཟླ་༥་པ་ནས་རྒྱ་ནག་གིས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཡུལ་གྲུ་ཁག་ལ་དངོས་ཟོག་ཕྱིར་ཚོང་བྱ་རྒྱུ་བརྒྱ་ཆ་༡༥.༩་དང་བརྒྱ་ཆ་༡༦.༩། བརྒྱ་ཆ་༢༡.༤་བཅས་རིམ་བཞིན་མར་ཆག་འདུག་ཅེས་གསར་འགྱུར་སྤེལ།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་བྷ་ཌན་ནས་ཨ་མི་རི་ཀས་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཨོ་གླིང་དང་ཡུ་རོབ་མཉམ་འབྲེལ་བཅས་ལ་མཉམ་ལས་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་བཏང་སྟེ་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཀྱིས་འཛམ་གླིང་དབང་དུ་བསྡུ་རྒྱུའི་ཧམ་སེམས་འཆང་ཡོད་འགྲུབ་ཏུ་བཅུག་མེད། ཨ་རིའི་གཞུང་གིས་མཐུན་གྲོགས་རྒྱལ་ཁབ་ཁག་དང་བཟོ་ཚོང་ལས་ཁུངས་ཁག་ལ་སྔོན་ནས་གྲོས་སྡུར་བྱས་ནས་སྲིད་འཛིན་གྱི་བཀའ་རྒྱ་དེ་བསྒྲགས་པ་ཡིན་ཞེས་བཀྲལ། ཉེ་ཆར་ཕྱི་ཟླ་༦་པའི་ནང་སྲིད་འཛིན་བྷ་ཌན་ནས་འོས་བསྡུའི་དྲིལ་བསྒྲགས་འགྲོ་གྲོན་འདུ་འགོད་ཀྱི་ཚོགས་འདུ་ཞིག་གི་ཐོག་ཏུ་རྒྱ་ནག་གི་སྟོབས་ཤུགས་དང་སྲིད་ཇུས་སོགས་ལ་བློ་འཚབ་བྱ་དགོས་པ་ཞིག་རེད། ཡིན་ནའང་ང་ཚོ་རྦད་དེ་རྒྱ་ནག་ལ་སྐྲག་དགོས་པ་ཞིག་མ་རེད་ཅེས་གཏམ་བཤད་བྱས་འདུག ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་ལ་འཕྲུལ་རིག་ལག་རྩལ་བཀག་སྡོམ་བྱེད་ཀྱི་ཡོད་པ་ནི་ཨ་རིའི་འཕྲུལ་རིག་ལག་རྩལ་རྒྱ་ནག་གི་དམག་དོན་ལ་བཀོལ་སྤྱོད་བྱ་རྒྱུ་འགོག་ཐབས་ཤིག་ཡིན། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་བར་ཆད་གཏོང་མི་དགོས་པའི་བཀོད་སྒྲིག་བྱས་ཡོད་ཅེས་བསྟན།།

ཨ་རིའི་ནོར་སྲིད་ལྷན་ཁང་གི་ཁྲིམས་རྩོད་པ་ལུ་ཌི་ཝིག་སན་ནས་སྲིད་འཛིན་བྷ་ཌན་གྱི་བཀའ་རྒྱ་དེ་གཞི་རྩའི་སྒྲོན་གཞི་ལྟ་བུ་ཞིག་རེད། ཕྱིས་སུ་བཀའ་རྒྱའི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་སྟེ་ཨ་མི་རི་ཀས་རྒྱ་ནག་ལ་འཕྲུལ་རིག་ལག་རྩལ་ཕྱིར་ཚོང་བཀག་སྡོམ་མང་དུ་གཏོང་སྲིད། དེ་རིང་སྲིད་འཛིན་བྷ་ཌན་གྱིས་བསྒྲགས་པའི་བཀའ་རྒྱ་དེ་ཨ་རིའི་གཞུང་དང་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ལ་བཀག་སྡོམ་རྒྱ་ཆེ་ཆུང་ཅི་ཙམ་བྱ་མིན་དགོས་གྲོས་མོལ་འགོ་འཛུགས་ལྟ་བུ་ཞིག་མཚོན་ཐུབ། ད་སྔ་སྲིད་འཛིན་གྱི་བཀའ་བརྒྱའི་ཁོངས་སུ་ཡར་ཐོན་གློག་ཀླད་ཆིབ་ལེབ་དང་ཕྲ་ཆུང་གློག་ཆས། ཀཱོན་ཊམ་བརྡ་འཕྲིན་འཕྲུལ་རིགས་དང་བཅོས་རིག་ལས་འདུས་མི་འདུག མ་འོངས་པར་ཨ་རིའི་གཞུང་གིས་ཚན་རིག་དང་འཕྲུལ་རིག་གི་ཚན་ཁག་གཞན་ལ་རྒྱ་བསྐྱེད་ཐུབ་པ་ཞིག་རེད་ཅེས་བཤད། ཟླ་བ་སྔོན་མར་ཨ་རིའི་གྲོས་ཚོགས་གོང་མས་རྒྱལ་སྲུང་བཀའ་འཁྲོལ་ལ་ལེགས་བཅོས་བྱས་ནས་རྒྱ་ནག་ལ་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་ཕྱིར་ཚོང་བྱེད་ཀྱི་ཡོད་པར་ཞིབ་འཇུག་བྱ་དགོས་ཞེས་འཐུས་མི་༩༡་གིས་རྒྱབ་སྐྱོར་དང་འཐུས་མི་༦་གིས་མོས་མཐུན་མེད་པའི་འོས་ཤོག་འཕངས་ནས་གྲོས་ཆོད་བཞག

ཨ་རིའི་ཨི་ལི་ནོ་ཡེ་སི་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མིའི་འཐུས་མི་ར་ཇ་ཀིར་ཤི་ན་མུར་ཐིས་
ཨ་རིའི་ཨི་ལི་ནོ་ཡེ་སི་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མིའི་འཐུས་མི་ར་ཇ་ཀིར་ཤི་ན་མུར་ཐིས་

ཨ་རིའི་ཨི་ལི་ནོ་ཡེ་སི་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མིའི་འཐུས་མི་ར་ཇ་ཀིར་ཤི་ན་མུར་ཐིས་སྲིད་འཛིན་གྱི་བཀའ་རྒྱ་དེ་མདུན་སྐྱོད་ཆེན་པོ་ཞིག་རེད། བཀའ་རྒྱ་དེ་མཐར་ཐུག་གི་གོམ་སྟབས་དེ་ཡིན་མི་ཉན་ཞེས་ནན་གྱིས་བསྐུལ། དེ་བཞིན་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨ་རིའི་སྐུ་ཚབ་ཟུར་པ་ཎི་ཀི་ཧེ་ལིས་སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུ་ཤུགས་ཆེ་རུ་གཏོང་དགོས། ང་ཚོས་རྒྱ་ནག་གི་དམག་དོན་བཟོ་ལས་དང་གནད་འགག་ཆེ་བའི་འཕྲུལ་རིག་ལ་མ་རྩ་འཛུགས་རྒྱུ་ཆ་ཚང་འགོག་དགོས། དེ་ལ་ཐེ་ཚོམ་འཛིན་དགོས་པ་ཅི་ཡང་མེད་ཅེས་ནན་བརྗོད་བྱས་ཤིང་། རྒྱ་ནག་གིས་ཨ་རིའི་མཁའ་དབྱིངས་སུ་གསང་ཉུལ་གྱི་ལྒང་ཕུག་བཏང་བ་དང་སྲིད་འཛིན་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་སྲིད་དབང་གཅིག་སྡུད་པ་ཞེས་སྐྱོན་བརྗོད། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱ་རྒྱུའི་སྡིགས་ར་སྐུལ་གྱི་ཡོད་པ་བཅས་ཀྱིས་ཨ་རྒྱའི་འབྲེལ་བ་ཇེ་སྡུག་འགྲོ་བཞིན་པའི་རྣམ་པ་ཞིག་མངོན།།

སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨ་རིའི་སྐུ་ཚབ་ཟུར་པ་ཎི་ཀི་ཧེ་ལིས་
སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨ་རིའི་སྐུ་ཚབ་ཟུར་པ་ཎི་ཀི་ཧེ་ལིས་

ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༧་པའི་ཚེས་༦་ནས་ཚེས་༩་བར་དུ་ཨ་རིའི་ནོར་སྲིད་དྲུང་ཆེ་ཇཱེ་ནེ་ཊི་ཡེ་ལཱེན་རྒྱ་ནག་ལ་འཚམས་འདྲིར་བསྐྱོད་དེ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐབས་སུ་འབད། ཕྱི་ཟླ་༧་པའི་ཚེས་༡༦་ཉིན་ནོར་སྲིད་དྲུང་ཆེ་ཡེ་ལཱེན་གྱིས་ང་ཚོར་ཨ་རྒྱའི་མི་མཐུན་པའི་འགལ་ཟླ་ཡོད་པའི་ཛ་དྲག་ཆུང་དུ་གཏོང་འདོད་ཡོད། ཨ་མི་རི་ཀས་རྒྱལ་ཁབ་གཞན་ལའང་མཛའ་འབྲེལ་ཡར་རྒྱས་བཏང་སྟེ་འཛམ་གླིང་གི་དངོས་ཟོག་གི་ཐོན་ཁུངས་ལ་འགྱུར་བ་གཏོང་རྒྱུའི་སྲིད་ཇུས་ཤིག་འཛིན་གྱི་ཡོད་ཅེས་བཤད། ཨ་མི་རི་ཀས་རྒྱ་གར་དང་ཝི་ཏེ་ནམ། མེག་སི་ཀོ་རྣམས་གཙིགས་སུ་བཟུང་སྟེ་ཕྱི་ཟླ་༧་པའི་ཚེས་༡༣་ནས་༢༡་བར་ནོར་སྲིད་དྲུང་ཆེ་ཡེ་ལཱེན་རྒྱ་གར་དང་ཝི་ཏེ་ནམ་ལ་འཚམས་འདྲིར་བསྐྱོད། འཛམ་གླིང་གི་དངོས་ཡོག་ཐམས་ཅད་རྒྱ་ནག་གི་བཟོ་གྲྭ་ཁག་ཏུ་བཟོ་བཞིན་པ་མཚམས་འཇོག་དགོས་པར་མ་ཟད། ཨ་མི་རི་ཀས་རྒྱ་གར་དང་ཝི་ཏེ་ནམ། མེག་སི་ཀོ་སོགས་འཛམ་གླིང་གི་དངོས་ཟོག་བཟོ་སྐྲུན་བྱ་ཡུལ་དུ་སྒྱུར་ཐབས་བྱེད་ཀྱི་ཡོད་པ་ཤུགས་ཆེ་རུ་གཏོང་གི་འདུག་ཅེས་གནས་ཚུལ་སྤེལ།།

ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཅི་ཙམ་སྡུག་ཏུ་ཕྱིན་ན་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས། རྒྱལ་ནང་དུ་ན་གཞོན་ཚོར་ལས་ཀའི་གོ་སྐབས་མེད་པར་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ཕྱི་ཟླ་༨་པའི་ཚེས་༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ན་གཞོན་ལས་མེད་པའི་གྲངས་འབོར་བརྒྱ་ཆ་༢༡.༣་ལ་བསླེབས་འདུག་ཅེས་གཞུང་གིས་གསལ་བསྒྲགས་སྤེལ། ཉམས་ཞིབ་པ་ཚོས་རྒྱ་ནག་གི་ན་གཞོན་ལས་མེད་པའི་གྲོངས་འབོར་བརྒྱ་ཆ་༤༦.༥་ཟིན་གྱི་འདུག རྒྱ་ནག་གི་ན་གཞོན་ས་ཡ་མང་པོ་སློབ་ཆེན་ཐོན་པའི་རྗེས་སུ་གྲོང་ཁྱེར་ཁག་ཏུ་ལས་ཀ་མ་རག ཁོ་ཚོ་སླར་ཡང་ཕ་མའི་དྲུང་དུ་ལོག་ནས་འཚོ་བར་རོལ་དགོས་ཞིག་ཏུ་གྱུར། རྒྱ་ནག་ཤར་ཕྱོགས་ཀྱི་སློབ་ཆེན་ཐོན་པའི་ན་གཞོན་བརྒྱ་ཆ་༥༩་དང་རྒྱ་ནག་ནུབ་ཕྱོགས་ཀྱི་སློབ་ཆེན་ཐོན་པའི་ན་གཞོན་༤༤་ལྷག རྒྱ་ནག་གི་བྱང་ཤར་ཁུལ་གྱི་སློབ་ཆེན་ཐོན་པའི་ན་གཞོན་བརྒྱ་ཆ་༢༤་ལྷག་རང་ཁྱིམ་དུ་ཕྱིར་ལོག་བྱས་ཡོད་པས་ན་ནིང་ཕྱི་ཟླ་༡༢་པ་ནས་ལོ་འདིའི་ཕྱི་ཟླ་༦་པའི་བར་དུ་པེ་ཅིང་དང་ཀོང་ཀྲུག ཧྲེན་ཀྲེན་སོགས་གྲོང་ཁྱེར་ཁག་ཏུ་ཁང་གླ་བརྒྱ་ཆ་༥་ནས་བརྒྱ་ཆ་༢.༨་འཕར་ཏེ་ཕ་མ་ཚོར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG