ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༧/༡༥

བལ་ཡུལ་གྱི་སྦྲུམ་མ་ཚོར་འགོག་ཁབ་རྒྱག་རྒྱུ་གཙིགས་སུ་འཛིན་མ་ཐུབ་པ། 


༄༅།། ༢༠༢༠་ལོའི་ཕྱི་ཟླ་༣་པའི་ཚེས་༢༤་ནས་བཟུང་སྟེ་ད་ལྟའི་བར་དུ་བལ་ཡུལ་གྱི་ཕྲུ་གུའི་ཨ་མ་༣༥༤་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་ཕོག འཆི་སྐྱོན་ཕོག་པ་དེ་དག་གི་གྲས་ཀྱི་མི་༤༤་སྦྲུམ་མ་ཡིན་འདུག ཕྲུ་གུའི་ཨ་མ་དེ་ཚོར་འཆི་སྐྱོན་ཕོག་དོན་ལ་བརྟག་དཔྱད་བྱས་པའི་སྐབས་སུ་སྐྱེས་མ་དེ་དག་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་ནད་རྟགས་ཐོན་ཡོད་པ་ར་འཕྲོད། དེ་རིང་ཕྱི་ཟླ་༡༠་པའི་ཚེས་༤་ཉིན་བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གི་མཐོ་རིམ་ལས་སྣེ་ནི་ཤ་ཇཱོ་ཤི་ཞེས་པ་ཞིག་གིས་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། ཏོག་དབྱིབས་ནད་དུག་ཁྱབ་གདལ་བྱུང་སྟེ་བལ་ཡུལ་གྱི་སྦྲུམ་མ་ཚོར་གཞན་དང་མ་འདྲ་བའི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་ཅིང་། བལ་ཡུལ་གྱི་འགྲོ་འོང་བཀག་སྡོམ་ཐེངས་དང་པོ་བྱས་པ་དེ་དུས་ཡུན་དུས་ཡུན་ཟླ་བ་བཞི་ལ་རྒྱུན་བསྐྱངས། སྨན་པ་ཚོས་སྦྲུམ་མ་ཚོར་ཏོག་དབྱིབས་ནད་དུག་འགོ་རྒྱུ་དང་འཆི་སྐྱོན་གྱི་ཉེན་ཁ་ཧ་ཅང་ཆེན་པོ་རེད། བལ་ཡུལ་གྱི་འཕྲོད་བསྟེན་དང་མི་འབོར་ཞིབ་བཤེར་ལྷན་ཁང་གིས་བུད་མེད་སྦྲུམ་མ་ཚོ་ནད་དུག་འགོ་ཉེན་ཆེ་བ་ཡོད་པའི་གྲས་སུ་བརྩིས་ནས་འགོག་ཁབ་རྒྱག་རྒྱུ་གཙིགས་སུ་བཟུང་མི་འདུག་ཅེས་བསྟན། བལ་ཡུལ་གྱི་སྐྱེ་ནུས་མཐུན་ཚོགས་ཀྱི་སྨན་པ་བྷོ་ལཱ་རི་ཇཱལ་གྱིས་ང་ཚོས་སྔོན་མ་ནས་སྦྲུམ་མ་ཚོར་འགོག་ཁབ་རྒྱག་དགོས་པའི་ནན་སྐུལ་བྱེད་བཞིན་ཡོད། གཞུང་གི་འགོ་ཁྲིད་ཚོས་ལོ་ན་༡༨་ལ་སོན་པ་ཚང་མར་འགོག་ཁབ་རྒྱག་ཐབས་བྱེད་ཀྱི་ཡོད་ཀྱང་སྦྲུམ་མ་རྣམས་དང་ཕྲུ་གུར་འོ་མ་སྣུན་བཞིན་པའི་ཨ་མ་རྣམས་ནད་དུག་འགོ་སླ་བའི་རིགས་ཁག་གི་གྲས་སུ་འཇུག་རྒྱུ་གཙིགས་སུ་འཛིན་དགོས་ཀྱི་འདུག་ཅེས་བཤད།།

ཉམས་ཞིབ་པ་ཚོས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལྟར་ན། འཛམ་གླིང་ཡུལ་གྲུ་གང་སར་ཏོག་དབྱིབས་ནད་དུག་འགོས་པའི་སྦྲུམ་མ་ཚོར་ནད་མནར་ཚབས་ཆེན་དང་ཕྲུ་གུ་སྐྱེ་མ་ཐུབ་པར་འཆི་སྐྱོན་འབྱུང་རྒྱུ་མང་བ་ཡོད་པ་ལྟར་སྦྲུམ་མ་ཁག་ཅིག་ལ་སྨན་དང་འགོག་ཁབ་སོགས་མ་འཕྲོད་པར་ནད་མནར་ཚབས་ཆེན་ཕོག་སྟེ་འཆི་སྐྱོན་འབྱུང་གི་ཡོད་པ་ཇི་སྙེད་ཅིག་འབྱུང་གི་ཡོད་པའི་གནས་ཚུལ་ཐོན། སྨན་པ་རི་ཇལ་གྱིས་བལ་ཡུལ་དུ་སྦྲུམ་མ་ཚོར་ཏོག་དབྱིབས་ནད་དུག་འགོས་ནས་ཤུགས་རྐྱེན་ཅི་ཙམ་ཐེབས་ཡོད་མེད་ཞིབ་འཇུག་བྱས་མེད་ཀྱང་ཨ་རི་དང་ཡུ་རོབ། རྒྱ་གར་སོགས་རྒྱལ་ཁབ་འགའ་ཞིག་གིས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལྟར་ན། སྦྲུམ་མ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ན་དགེ་མཚན་ཆེ་བ་ཡོད་པ་ཤེས་རྟོགས་བྱུང་འདུག ཨ་རིའི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལྟེ་གནས་ཁང་གིས་སྦྲུམ་མ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ན་ཉེན་ཁ་ཆེན་པོ་མེད་པ་ར་འཕྲོད་རྒྱུ་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་བཀོད་འདུག ཨ་མི་རི་ཀའི་ནད་རིགས་སྔོན་དང་བཀག་སྡོམ་ལྟེ་གནས་ཁང་གི་གཞི་གྲངས་སུ་སྦྲུམ་མ་ཚོར་འགོག་ཁབ་བརྒྱབ་ན་ཉེན་ཁ་ལས་དགེ་མཚན་ཆེ་བ་ཡོད་པ་གསལ་སྟོན་བྱས་འདུག་ཅེས་བཤད། ཨ་རིའི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལྟེ་གནས་ཁང་གིས་སྦྲུམ་མ་དང་ནུ་མ་སྣུན་བཞིན་པ། ཕྲུ་གུ་འཆག་ཏུ་འཇུག་ཐབས་བྱེད་བཞིན་པ། མ་འོངས་པར་མངལ་སྦྲུམ་དུ་འཇུག་འཆར་ཡོད་པ་དེ་དག་ལའང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ན་ཕན་ཐོགས་འདུག་ཅེས་བསྟན། ཨ་རིའི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལྟེ་གནས་ཁང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དང་སྨན་ཁབ་ཀྱི་རིགས་ཕལ་ཆེ་བས་བུད་མེད་རྣམས་མངལ་སྦྲུམ་མི་ཐུབ་པ་དང་ཕོ་མོ་གཉིས་ཀར་སྐྱེ་ནུས་མེད་པར་གཏོང་གི་ཡོད་པ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།།

ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་གྱི་མི་འབོར་བརྒྱ་ཆ་༢༡་ལ་མ་གཏོགས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གཉིས་ཀ་རྒྱག་ཐུབ་མེད་པ་དང་སྦྲུམ་མ་མང་ཆེ་བས་འགོག་ཁབ་ལ་འཛེམས། དེ་ནི་སྨན་པ་དང་འཕྲོད་བསྟེན་ལས་སྣེ་ཚོས་སྦྲུམ་མ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ན་དགེ་སྐྱོན་ཅི་ཡོད་ཐེ་ཚོམ་བཟུང་བའི་སྟབས་ཀྱིས་ཡིན་འདུག སྨན་པ་ཁག་ཅིག་གིས་སྦྲུམ་མ་དང་གསར་དུ་མངལ་སྦྲུམ་པའི་བུད་མེད། སྦྲུམ་མ་མ་ཡིན་པའི་བུད་མེད་ཚོར་ཏོག་དབྱིབས་ནད་དུག་འགོས་པའི་དུས་སུ་ན་ཚ་གཞི་ལྗིད་ལོད་གཤིབ་སྡུར་བྱེད་ཚེ། འགོག་ཁབ་མ་བརྒྱབ་པའི་སྦྲུམ་མ་ཚོར་ནད་མནར་ཚབས་ཆེན་འབྱུང་གི་འདུག ད་དུང་བལ་ཡུལ་རྒྱལ་ཡོངས་སུ་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པའི་རྐྱེན་གྱིས་སྦྲུམ་མ་དང་ནུ་མ་སྣུན་བཞིན་པ་ཚོར་སྔར་ལས་ཉེན་ཁ་ཆེ་རུ་ཕྱིན་འདུག་ཅེས་བཤད། སྨན་པ་ཨ་རུན་ཀར་ཀི་ཞེས་པ་ཞིག་གིས་སྦྲུམ་མ་ཚོའི་ཟུངས་ཤུགས་ཞན་པས་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་འཕོག་རྒྱུ་མང་བ་འབྱུང་གི་འདུག བལ་ཡུལ་གཞུང་གིས་ངེས་པར་དུ་སྦྲུམ་མ་དང་ནུ་མ་སྣུན་བཞིན་པའི་ཨ་མ་ཚོར་དམིགས་བསལ་གྱིས་དོ་སྣང་བྱས་ནས་འགོག་ཁབ་རྒྱག་དགོས་ཀྱི་འདུག་ཅེས་ནན་བརྗོད་བྱས་ཤིང་། བལ་ཡུལ་གྱི་མོ་ནད་སྨན་བཅོས་མཐུན་ཚོགས་ཀྱིས་ཀྱང་སྦྲུམ་མ་ཚོར་འགོག་ཁབ་རྒྱག་རྒྱུ་དེར་དོ་སྣང་བྱ་དགོས། བལ་ཡུལ་གྱི་སྨན་པ་དང་འཕྲོད་བསྟེན་ལས་རིགས་ཀྱི་ཚོགས་པ་ཁག་གིས་སྦྲུམ་མ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་གནད་འགག་ཅིག་ལ་བརྩི་དགོས་པའི་གླེང་སློང་ཤུགས་ཆེན་བྱེད་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུས། བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཁ་སང་གཟའ་ཉི་མ་གཅིག་པུར་བལ་ཡུལ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༥༧༤་ཐོན་སོང་། ད་ལྟའི་བར་དུ་བལ་ཡུལ་ལ་ཏོག་དབྱིབས་ནད་དུག་འགོས་པའི་མི་གྲངས་༧༩༧༡༩༢་བྱུང་ཡོད་པ་དང་མི་༡༡༡༦༤་ལ་འཆི་སྐྱོན་བྱུང་སོང་ཞེས་གསལ་བསྒྲགས་སྤེལ།།

བལ་ཡུལ་གཞུང་གིས་སྨན་ཁབ་རིམ་པ་དང་པོ་ནི་སྨན་པ་དང་སྨན་ཞབས་པ། སྨན་ཁང་གི་གཙང་སྦྲ་བྱེད་མཁན་དང་སྨན་ཁང་གི་ལས་བྱེད་པ། བདེ་འཇགས་ཉེན་རྟོག་པ་དང་རྒན་གསོ་ཁང་གི་ལས་བྱེད་པ། བཙོན་སྲུང་བ་ཚོར་བརྒྱབ། སྨན་ཁབ་རིམ་པ་གཉིས་པ་ནི་ལོ་༦༥་ཡན་ཆད་ལ་སོན་པ་ཚོར་བརྒྱབ་པ་དང་དེ་ནས་ལོ་ན་༥༤་ཡན་ཆད་ཀྱི་མི་དམངས་ལ་འགོག་ཁབ་བརྒྱབ། དེའི་འཕྲོ་ནས་གསར་འགོད་པ་དང་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་གི་སྲི་ཞུ་བ། སྐྱབས་བཅོལ་བའི་ལས་ཁུངས་ཁག་གི་ལས་བྱེད་པ་དང་བལ་ཡུལ་གཞུང་གི་ལས་བྱེད་པ། གྲོས་ཚོགས་འཐུས་མི་རྣམས་དང་ས་གནས་ཀྱི་ལས་བྱེད་པ། དངུལ་ཁང་ཁག་གི་ལས་བྱེད་པ་བཅས་ལ་གོ་རིམ་ལྟར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ། ད་ལྟ་རྒྱལ་ས་ཀ་ཐ་མན་རྡུ་དང་ལཱ་ལི་ཏ་པུར་རྫོང་ཁག་གཉིས་སུ་ལོ་ན་༡༨་ལ་སོན་པའི་སློབ་ཕྲུག་ཚོར་འགོག་ཁབ་རྒྱག་རྒྱུ་འགོ་ཚུགས། སྨན་པ་ཇཱ་ལཀ་གྷོ་ཏམ་གྱིས་སྔོན་ཆད་ང་ཚོར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལམ་སྟོན་བཀོད་ཁྱབ་གསལ་པོ་ཞིག་མེད་པར་སྦྲུམ་མ་དང་ནུ་མ་སྣུན་བཞིན་པ་ཚོར་འགོག་ཁབ་རྒྱག་རྒྱུ་གལ་གནད་ཆེན་པོར་བརྩི་ཐུབ་མ་སོང་། ཉེ་དུས་ཤིག་ནས་ཚོགས་འདུ་ཁག་གི་ཐོག་ཏུ་བལ་ཡུལ་གཞུང་གིས་སྦྲུམ་མ་ཚོར་འགོག་ཁབ་རྒྱག་རྒྱུ་གལ་ཆེན་དོན་ཆེན་དུ་བརྩི་དགོས་པའི་གླེང་སློང་འབྱུང་གི་འདུག་ཅེས་བཤད་པར་མ་ཟད། སྨན་པ་བྷི་བྷེ་ཀུ་མར་ལལ་ཞེས་པ་ཞིག་གིས་ཀྱང་སྦྲུམ་མ་ཚོར་འགོག་ཁབ་རྒྱག་རྒྱུ་གཙིགས་སུ་འཛིན་རྒྱུ་དཀའ་ངལ་ཆེན་པོ་ཞིག་མ་རེད། ད་ལྟའི་བར་དུ་སྦྲུམ་མ་ཚོར་འགོག་ཁབ་བརྒྱབ་ན་ཟུར་གནོད་ཅི་ཙམ་ཡོད་མེད་གསལ་པོ་ཞིག་ཤེས་རྟོགས་མ་བྱུང་བར་འགོག་ཁབ་རྒྱག་མ་ཐུབ་པ་རེད་ཅེས་བཀྲལ།།

བལ་ཡུལ་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་བྱུང་སྟེ་སྦྲུམ་མ་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་པ་གཅིག་པུ་མིན་པར་རྒྱལ་ཁབ་དེའི་ཡུལ་སྐོར་སྤྲོ་འཆམ་དང་ཇོ་མོ་གླང་མའི་རི་འཛེག་གི་ཚོང་ལས་ལའང་བར་ཆད་ཆེན་པོ་ཞིག་བྱུང་། ཕྱི་ཟླ་༨་པའི་ཚེས་༢༣་བལ་ཡུལ་གཞུང་གིས་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་རི་འཛེག་པ་སུ་ཞིག་ཡིན་རུང་སྨན་ཐུན་གཉིས་ཀའི་འགོག་ཁབ་རྒྱག་དགོས། འགོག་ཁབ་ཆ་ཚང་མ་བརྒྱབ་པ་རྣམས་བལ་ཡུལ་ཕྱོགས་ནས་ཇོ་མོ་གླང་མར་འཛེག་མི་ཆོག་ཅེས་ཁྲིམས་གསར་པ་ཞིག་གཏན་ལ་ཕབ། ཡིན་ནའང་དེའི་གཞུག་ཏུ་བལ་ཡུལ་གཞུང་གིས་རི་འཛེག་པ་འགོག་ཁབ་བརྒྱབ་མེད་པ་ཚོས་རང་ལ་ཏོག་དབྱིབས་ནད་དུག་འགོས་མེད་པའི་དཔང་ཡིག་སྟོན་ཐུབ་ན་གངས་རི་འཛེག་ཆོག་ཅེས་སྒྲིག་ཁྲིམས་དེར་བསྐྱར་བཅོས་བྱས་འདུག ཧི་མ་ལ་ཡའི་གངས་རིའི་ཁྲོད་དུ་ཏོག་དབྱིབས་རི་འཛེག་པ་ཚོར་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་མེད་པ་དང་རི་འཛེག་པ་ཚོར་ནད་རྟགས་ཐོན་ཡོད་མེད་བརྟག་དཔྱད་ཇི་ལྟར་བྱེད་དགོས་མིན་སོགས་བལ་ཡུལ་གཞུང་གིས་གསལ་བཤད་གང་ཡང་བྱས་མེད་པ་རེད། བལ་ཡུལ་ལ་ནད་ཡམས་ཁྱབ་གདལ་གྱི་མགོ་སྟོད་དེར་གཞུང་གི་འགོ་ཁྲིད་ཚོས་ཇོ་མོ་གླང་མའི་རི་ཁུལ་དུ་ཏོག་དབྱིབས་ནད་དུག་ཁྱབ་མེད་ཟེར་བ་དང་ཏོག་དབྱིབས་ནད་དུག་ཚབས་ཆེན་ཞིག་མ་རེད་ཟེར་བ་སོགས་ཀྱི་འགྲེལ་བཤད་སྣ་ཚོགས་ཤིག་བརྒྱབ། དེར་བརྟེན་ཟླ་ཤས་གོང་དུ་ཇོ་མོ་གླང་མའི་རི་འདབས་ཀྱི་གྲོང་གསེབ་ཁག་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་ཆག་སྒོ་ཆེན་པོ་ཞིག་བྱུང་། ཕྱི་རྒྱལ་གྱི་རི་འཛེག་པ་ཚོས་བལ་ཡུལ་གཞུང་གིས་སླར་ཡང་ནད་ཡམས་སྔོན་འགོག་གི་སྒྲིག་ཁྲིམས་ལྷོད་ཡངས་བཏང་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་ནན་པོ་ཞིག་བྱེད་ཐུབ་ས་མ་རེད། རི་འཛེག་གི་ཚོང་ལས་སྒོ་ཕྱེ་པའི་རྗེས་སུ་སླར་ཡང་ནད་ཡམས་ཁྱབ་རྒྱུའི་ཉེན་ཁ་འདུག་ཅེས་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG