ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༩

བླ་ཆེན་ཕོབ་དགོངས་ཞུ།


​ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་རང་གི་མཚན་གནས་ནས་གནང་བ་ཞུས་ཏེ། གདན་ས་ཝེ་ཊི་ཁན་ནས་ཨི་ཊི་ལིའི་ལྷོ་ཕྱོགས་ཀྱི་དབེན་གནས་ཤིག་ལ་ཕེབས་ཡོད་ཅིང་། བླ་ཆེན་མཆོག་མ་ཕེབས་གོང་དུ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་ཆོས་རྗེ་རྣམ་པར་མཇལ་འཕྲད་གནང་བ་མ་ཟད། བླ་ཆེན་མཆོག་གིས་གདན་ས་ཝེ་ཊི་ཁན་གྱི་བརྙན་འཕྲིན་ནང་དུ་ངས་ཕོབ་གསར་པ་དེར་ལྷག་སེམས་གཡོ་བ་མེད་པའི་དད་གུས་ཞུ་རྒྱུ་ཡིན་ཞེས་ཁས་ལེན་གནང་ཡོད་པས། གདན་ས་ཝེ་ཊི་ཁན་དང་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་བ་ཚོར་ཕོབ་ཟུར་པ་ཞིག་འཚོ་ཞིང་གཞེས་ཚེ། ཕོབ་གསར་པ་དེའི་དབང་ཐང་རྒྱས་མིན་དང་མི་མང་གིས་དད་གུས་ཞུ་རྒྱུ་ཡིན་མིན། ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་བ་ཚོ་ཤོག་ཁག་གཉིས་སུ་ཆད་སྲིད་པའི་བློ་འཚབ་ཡོད་པ་ཞི་འཇགས་གཏོང་ཐུབ་ཡོད་པ་རེད། རྩ་བའི་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་སྲོལ་རྒྱུན་ལ་བླ་ཆེན་ཕོབ་རྣམ་པས་སྐུ་ཚེ་ཧྲིལ་བོར་ཆོས་སྡེ་བསྐྱངས་ཏེ་དགོངས་པ་མ་རྫོགས་བར་དུ་བླ་ཆེན་གསར་པ་ཞིག་འདེམས་བསྐོ་བྱ་སྲོལ་མེད་ཀྱང་ཕོབ་བྷེ་ཎེ་ཌིཀ་ཊི་བཅུ་དྲུག་པ་འདི་རང་གི་ལས་དུས་མ་ཚང་གོང་དུ་བླ་ཆེན་གྱི་མཚན་གནས་ནས་གནང་བ་ཞུས་ཏེ། ད་ནས་ཉི་མ་འགའ་ཞིག་གི་རྗེས་སུ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་ཆོས་རྗེ་རྣམ་པའི་གྲས་ནས་དགུང་ལོ་༨༠་ཐམ་པ་མན་ཆད་ཀྱི་ཕོབ་གསར་པ་ཞིག་འདེམས་བསྐོ་བྱེད་དགོས་པ་དང་། ཁ་སང་གཟའ་ལྷག་པའི་ཉིན་བླ་ཆེན་ཕོབ་མཆོག་གིས་ངས་རང་གི་ལས་གནས་ནས་གནང་བ་ཞུས་ཏེ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་སྲོལ་རྒྱུན་ལ་ལམ་སྲོལ་གསར་པ་ཞིག་པ་གཏད་ཡོད་པས། རང་ལུགས་ཀྱི་ཆོས་རྒྱུད་འཛིན་དག་ཅིག་ལ་བློ་འཚབ་བྱུང་ཡོད་ངེས་དང། ཉེ་བའི་ལོ་ཤས་ཤིག་ནས་ཡེ་ཤུ་གནམ་བདག་ཆོས་སྡེར་མིང་ཆད་ངན་པ་འདྲ་མིན་སྣ་ཚོགས་ཤིག་བྱུང་ཡོད། ཡིན་ནའང་དཀོན་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་དཀའ་ངལ་དེ་དག་སེལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་དད་ལྡན་མང་ཚོགས་ལ་གསུང་བཤད་གནང་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG