ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༨/༡༥

ཡེ་ཤུའི་བླ་ཆེན་གྱིས་ཁེ་ན་ཌའི་གདོད་མའི་མི་རིགས་ལ་བཟོད་གསོལ་ཞུས། 


༄༅།། གཟའ་འཁོར་འདིར་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་བྱང་ཨ་རིའི་རྒྱལ་ཁབ་ཁེ་ན་ཌར་འཚམས་གཟིགས་སུ་ཕེབས་ཡོད་ཅིང་། ཁོང་གིས་སྔོན་ཆད་ཡེ་ཤུའི་གནམ་བདག་ཆོས་སྡེ་ཁག་གིས་གཉེར་བའི་བཅའ་སྡོད་སློབ་གྲྭ་ཁག་ཏུ་ཁེ་ན་ཌའི་གདོད་མའི་མི་རིགས་ཀྱི་ཕྲུ་གུ་སྟོང་ཕྲག་མང་པོ་ཡེ་ཤུ་ལ་བསྒྱུར་ཏེ་གདོད་མའི་མི་རིགས་ཁག་གི་ངོ་བོ་དང་རིག་གཞུང་བཙན་སྒྱུར། ཉེ་དུས་ཤིག་ནས་ཡེ་ཤུའི་སློབ་གྲྭ་ཁག་གི་ཤུལ་དུ་གདོད་མའི་མི་རིགས་ཀྱི་སློབ་ཕྲུག་ཚོའི་ཕུང་པོ་སྡེབ་ཏུ་དུར་སྦས་བྱས་ཡོད་པའི་ཀེང་རུས་བརྒྱ་ཕྲག་འགའ་ཞིག་གསར་དུ་རྙེད། ཁེ་ན་ཌའི་ཡེ་ཤུའི་ཆོས་སྡེ་ཁག་གི་བྱས་ཉེས་རྣམས་ཐེར་འདོན་བྱུང་སྟེ་འཛམ་གླིང་གི་གསར་འགྱུར་ཆེ་གྲས་སུ་གྱུར། ཕྱི་ཟླ་༧་པའི་ཚེས་༢༥་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གདན་ས་ཝྭེ་ཊི་ཁན་གྱི་ལས་སྣེ་ཚོས་ཐེངས་འདིའི་བླ་ཆེན་མཆོག་གི་ཁེ་ན་ཌའི་ཆིབས་སྒྱུར་ནི་བཤགས་སྡོམ་གནས་སྐོར་ལྟ་བུ་ཞིག་ཡིན་ཞེས་གསལ་བསྒྲགས་སྤེལ། ཁེ་ན་ཌའི་སྲིད་བློན་དང་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་བླ་ཆེན་ཕོབ་མཆོག་ལ་ཕེབས་བསུ་ཞུས་ཀྱང་གདོད་མའི་མི་རིགས་ཁག་གི་ལས་སྣེ་ཚོས་འདས་པའི་ལོ་མང་རིང་ཡེ་ཤུའི་ཆོས་སྡེ་ཁག་གིས་གཉེར་བའི་བཅའ་སྡོད་སློབ་གྲྭ་ཁག་ཏུ་ཁེ་ན་ཌའི་གདོད་མའི་མི་རིགས་ཁག་རྩ་མེད་དང་དེ་དག་གི་རིག་གཞུང་རྩ་སྣུབ་བྱས་པའི་ནག་ཉེས་ཡོད་པ་རྣམས་འདག་ཐབས་སུ་བླ་ཆེན་མཆོག་གིས་བཟོད་གསོལ་ཞུ་དགོས་ཞེས་དགོས་འདུན་ལན་མང་བཏོན། སྔ་ལོ་ཁེ་ན་ཌའི་བྷི་རི་ཊི་ཤི་ཀོ་ལིམ་བྷི་ཡ་དང་ས་སི་ཀ་ཆེ་ཝན་ས་གནས་གཉིས་སུ་ཡེ་ཤུའི་བཅའ་སྡོད་སློབ་གྲྭ་རྙིང་པ་ཁག་ཅིག་གི་ཤུལ་དུ་དུར་བྱང་འཁོད་མེད་པའི་དུར་ས་ཁག་ཏུ་གདོད་མའི་མི་རིགས་ཀྱི་ཕྲུ་གུའི་ཀེང་རུས་བརྒྱ་ཕྲག་འགའ་ཞིག་རྙེད་འདུག

ཁེ་ན་ཌའི་བདེན་འཚོལ་དང་ཞི་འགྲིག་ལྷན་ཁང་གིས་ཞིབ་འཇུག་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན། ཁེ་ན་ཌའི་ཡེ་ཤུའི་ཆོས་སྡེ་ཁག་གིས་གཉེར་བའི་བཅའ་སྡོད་སློབ་གྲྭ་ཁག་ཏུ་གདོད་མའི་མི་རིགས་ཀྱི་ཕྲུ་གུ་༤༠༠༠་ལྷག་ལ་ལྟ་སྐྱོང་ཡག་པོ་མ་བྱས་པ་དང་སྣང་ཆུང་། མནར་སྡུག་ཕོག་སྟེ་འཆི་སྐྱོན་བྱུང་བ་ཤེས་རྟོགས་བྱུང་། ད་ལོའི་ཕྱི་ཟླ་༤་པའི་ནང་བླ་ཆེན་ཕོབ་མཆོག་གིས་གདན་ས་ཝྭེ་ཊི་ཁན་དུ་ཁེ་ན་ཌའི་གདོད་མའི་མི་རིགས་ཀྱི་ཚོགས་སྡེ་ཁག་གི་འགོ་ཁྲིད་ཚོར་ཡེ་ཤུའི་ཆོས་སྡེ་སྤྱི་དང་། ཁྱད་པར་དུ་ཤེས་ཡོན་སློབ་གསོའི་སྡེ་ཚན་ཇི་སྙེད་ཅིག་ལ་ཁེ་ན་ཌའི་གདོད་མའི་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་། ཆོས་ལུགས་བཅས་ལ་བཙན་སྒྱུར་གྱི་གདུག་རྩུབ་ལ་འབྲེལ་བ་ཡོད་པར་ཡིད་གདུང་དང་ངོ་གནོང་དགོས་པ་ཞིག་ཏུ་གྱུར་སོང་ཞེས་བཟོད་གསོལ་ཞུས། ཀོན་རེ་ཌི་གྷེ་རེ་བྷེལ་སློབ་གྲྭ་ཆེན་མོའི་ཆོས་ལུགས་དང་ཆོས་ལུགས་རིག་པའི་སློབ་དཔོན་གྱིས་བླ་ཆེན་ཕོབ་མཆོག་དང་ཁེ་ན་ཌའི་ཡེ་ཤུའི་ཆོས་སྡེ་ཁག་གིས་རིམ་བཞིན་གཞུང་འབྲེལ་ཐོག་ཏུ་གདོད་མའི་མི་རིགས་ཁག་ལ་བཟོད་གསོལ་མང་ཙམ་ཞུ་དགོས་ཐུག་ངེས་རེད། ཡེ་ཤུའི་ཆོས་སྡེ་ཁག་གིས་གཞན་གྱི་དུར་ས་ཁག་ལ་བརྩི་མེད་རྡོག་རོལ་བཏང་བ་དང་མི་རིགས་གཙང་སེལ། འཁྲིག་སྦྱོར། བྲན་བཀོལ། འཐབ་འཁྲུག་བརྒྱབ་ནས་གདོད་མའི་མི་རིགས་ཁག་བསད་པ་སོགས་ཀྱི་ནག་ཉེས་ཆེན་པོ་བསགས་ཡོད་པ་རེད། ཡེ་ཤུའི་གནམ་བདག་ཆོས་སྡེས་ལོ་༡༩༠༠་ཙམ་ལ་བཟོད་གསོལ་ཞུས་མྱོང་མེད་པ་རེད་ཅེས་བསྟན། ༡༨༠༠་ཡས་མས་ནས་༡༩༧༠་དོན་གྲངས་བར་དུ་ཁེ་ན་ཌའི་གདོད་མའི་མི་རིགས་ཀྱི་ཕྲུ་གུ་རྣམས་ཕ་མའི་འཁྲིས་སུ་རང་ཁྱིམ་དུ་མ་བཞག་པར་ཡེ་ཤུའི་ཆོས་སྡེ་ཁག་གིས་གཉེར་བའི་བཅའ་སྡོད་སློབ་གྲྭར་བཙན་གྱིས་ཁྲིད། ད་ལྟ་ལོ་ན་༧༣་ལ་སོན་པའི་ཁེ་རི་མི་རིགས་ཀྱི་སློབ་ཕྲུག་ཟུར་པ་ཧྥེ་ཎི་མར་ཊི་ཞེས་པ་ཞིག་གིས་བཅའ་སྡོད་སློབ་གྲྭ་ཁག་ནི་གདོད་མའི་མི་རིགས་ཀྱི་ངོ་བོ་རྣམས་གོ་རིམ་ལྡན་པའི་སྒོ་ནས་རྩ་མེད་གཏོང་ཡུལ་རེད། ཡེ་ཤུའི་ཆོས་སྡེ་ཁག་གིས་བཟོད་གསོལ་ཞུ་རྒྱུ་གནད་འགག་ཆེན་པོ་ཡིན་པར་མ་ཟད། བླ་ཆེན་ཕོབ་མཆོག་གིས་སྔ་རྗེས་གཉིས་སུ་བཟོད་གསོལ་ཞུས་པ་ནི་དོན་སྙིང་ཆེན་པོ་རེད་ཅེས་བཤད།།

ལོ་ན་༧༩་ལ་སོན་པའི་མོན་ཊ་ན་གདོད་མའི་མི་རིགས་ཀྱི་ཚོགས་མི་འཇོར་ཇཱི་ཕེ་ཕི་སི་ཊེམ་གྱིས་མཉམ་འབྲེལ་གསར་ཁང་ལ་ཁོ་བོ་ཨེར་མི་ནེ་སི་ཀི་བཅའ་སྡོད་སློབ་གྲྭ་ནས་ཐར་པའི་མི་ཞིག་ཡིན། བླ་ཆེན་ཕོབ་མཆོག་དང་ཁེ་ན་ཌའི་སྲིད་བློན་སོགས་ཀྱིས་བཟོད་གསོལ་ཞུས་པར་དོན་སྙིང་དབེན ཁྲིམས་འགལ་བྱེད་མཁན་ཚོས་བཟོད་གསོལ་ཞུ་དགོས་ཀྱང་དེ་དག་ཐམས་ཅད་ཤི་ཚར་བ་རེད། ང་ལ་མཚོན་ན་ཡེ་ཤུའི་བླ་ཆེན་དང་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་ཚོས་བཟོད་གསོལ་ཞུས་ཀྱང་སྙིང་ནད་སངས་ཐབས་མི་འདུག ཁོ་ཚོའི་བཟོད་གསོལ་དེ་དག་ཁ་སྟོང་ཚིག་སྐམ་རེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། མོན་ཊི་རི་འོལ་གྲོང་ཁྱེར་གྱི་ཀོན་ཀོར་ཌི་ཡ་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་གི་སློབ་དཔོན་གྷ་རམ་ཌོ་ཌིས་བླ་ཆེན་ཕོབ་མཆོག་ཡེ་ཤུའི་ཆོས་སྡེའི་ནག་ཉེས་དེར་འབྲེལ་བ་མེད་པ་དང་ཡེ་ཤུའི་ཆོས་སྡེས་ནག་ཉེས་བསགས་པའི་དུས་སུ་བླ་ཆེན་ཕོབ་འདི་བ་འཁྲུངས་མེད་པ་རེད། ཡིན་ནའང་ཁོང་ལ་བཟོད་གསོལ་ཞུ་དགོས་པའི་ལས་འགན་ཡོད་པ་དང་ཡེ་ཤུའི་ཆོས་སྡེའི་བྱས་ཉེས་ཁག་ཅིག་ལ་བཟོད་གསོལ་མ་ཞུས་པར་མི་རབས་འགའ་ཞིག་འགོར་ཡོད་པ་རེད། ཡེ་ཤུའི་ཆོས་སྡེར་ནག་ཉེས་བསགས་ཡོད་པའི་ལན་ཁག་ཡོད་པ་རྣམས་དུས་སྐབས་གཅིག་དང་མི་རབས་གཅིག་གི་དུས་སུ་འདག་ཐུབ་པ་ཞིག་མིན། ཡེ་ཤུའི་བླ་ཆེན་མཆོག་གིས་མི་རིགས་གོང་མ་ཚོའི་ནག་ཉེས་ཁས་བླངས་ནས་བཟོད་གསོལ་ཞུས་པ་རེད་ཅེས་བཤད། ཐོག་མར་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་འཇཱོན་ཕོལ་གཉིས་པས་བཟོད་གསོལ་ཞུ་རྒྱུ་མགོ་བརྩམས་ནས་བཟུང་། ཁོང་གི་རྗེས་འཛིན་པ་ཕོབ་བྷན་ནེ་ཌིཀ་༡༦་པ་དང་ད་ལྟའི་ལས་ཐོག་ཕོབ་བཅས་ཀྱིས་ཨོ་གླིང་དང་ནེའུ་ཛི་ལན་ཌི། ཨར་ལན་ཌི་སོགས་ཀྱི་གདོད་མའི་མི་རིགས་ཁག་ལ་བཟོད་གསོལ་ཞུ་རྒྱུ་འགོ་ཚུགས།།

ཕྱི་ཟླ་༧་པའི་ཚེས་༢༤་ཉིན་ཊོ་རན་ཊོ་སྐར་མ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བླ་ཆེན་ཕོབ་མཆོག་གིས་ཁེ་ན་ཌའི་གདོད་མའི་མི་རིགས་ཁག་ལ་བཟོད་གསོལ་ཞུ་ཡི་ཡོད་ཀྱང་ཡེ་ཤུའི་ཆོས་པ་ཚོས་ཕྲུ་གུ་ལ་ལོག་གཡེམ་དང་མནར་གཅོད། གཉའ་གནོན་དང་བུད་མེད་ཀྱི་སྟེང་དུ་དྲག་སྤྱོད་སྤེལ་བ། ཁེ་ན་ཌ་དང་ཨ་རི། ལྷོ་ཨ་མི་རི་ཀ་དང་ཨ་ཧྥི་རི་ཀ་སོགས་ཀྱི་གདོད་མའི་མི་རིགས་ས་ཡ་མང་པོའི་ཚེ་སྲོག་བཅོམ་པའི་ནག་ཉེས་ཡོད་པ་རྣམས་ཇི་ལྟར་འདག་དགོས་པ་རེད། ཡེ་ཤུའི་ཆོས་པས་ཚོས་ཚུལ་མིན་གྱི་འཆལ་སྤྱོད་སྤེལ་གྱི་ཡོད་པ་རྣམས་འགོག་ཐུབ་བམ་ཞེས་དོགས་སློང་གི་གནས་ཚུལ་སྤེལ། ཁེ་ན་ཌའི་གདོད་མའི་མི་རིགས་ཁག་ཅིག་དང་སྔོན་ཆད་ཡེ་ཤུའི་ཆོས་སྡེའི་སློབ་གྲྭ་འགྲིམས་མྱོང་བའི་མི་མང་ཁག་ཅིག་ལ་བླ་ཆེན་ཕོབ་མཆོག་གི་བཟོད་གསོལ་དེ་ཉིད་དོན་སྙིང་ཆེན་པོ་དང་སེམས་ཀྱི་རྨ་ཁ་གསོ་ཐབས། ཡེ་ཤུའི་ཆོས་སྡེས་འཛམ་གླིང་གི་ས་ཕྱོགས་ཀུན་ཏུ་སྡིག་སྤྱོད་གྲངས་ལས་འདས་པ་ཞིག་སྤེལ་ཡོད་པའི་ནག་ཉེས་རྣམས་འདག་ཐབས་ཀྱི་གོ་སྟབས་དང་པོ་དེར་རྩི་བཞིན་འདུག ༢༠༡༧་ལོར་ཨོ་གླིང་རྒྱལ་ཁབ་ཀྱི་ཞིབ་འཇུག་ལྷན་ཚོགས་ཤིག་གིས་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ཆོས་སྡེ་ཁག་ཏུ་རྩུབ་སྤྱོད་སྤེལ་གྱི་ཡོད་པར་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ༡༩༥༠་ཐམ་པ་ནས་༡༩༨༠་གྱ་གྲངས་བར་དུ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་ཆོས་སྡེ་ཁག་ཏུ་མི་༤༤༤༥་ལ་ལོག་གཡེམ་བྱུང་བ་ཐེར་འདོན་བྱུང་མོད། འོན་ཀྱང་༡༩༥༠་ཐམ་པའི་ཡར་སྔོན་དུ་ཡེ་ཤུའི་ཆོས་སྡེའི་ཁག་ཏུ་ལོག་གཡེམ་དང་འཆལ་སྤྱོད་སྤེལ་བ་རྣམས་ཐོ་འགོད་མ་བྱུང་། ཡེ་ཤུའི་ཆོས་པ་ཁག་ཅིག་གིས་ཆོས་གྲོགས་ཚོར་ལོག་གཡེམ་བྱས་པ་རྣམས་ཡེ་ཤུའི་ཆོས་སྡེ་ཁག་གིས་སྦས་གསང་དང་ཆོས་པ་དེ་རྣམས་ཕྱིར་འབུད་མ་བཏང་བ། ཐ་ན་ཉེན་རྟོག་པར་རྩིས་སྤྲོད་ཀྱང་མ་བྱས་པར་རང་གནས་སུ་བཞག་པ་རྩད་གཅོད་བྱུང་འདུག

༢༠༢༡་ལོར་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་གཞུང་གིས་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ༡༩༥༠་ནས་༢༠༠༠་བར་དུ་ཧྥ་རན་སིའི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ཆོས་སྡེ་ཁག་ཏུ་མི་༢༡༦༠༠༠་ལྷག་ལ་ལོག་གཡེམ་བྱུང་ཡང་ཡེ་ཤུའི་ཆོས་སྡེས་ལོག་གཡེམ་བྱེད་མཁན་ཆོས་པ་༣༠༠༠་ལྷག་དང་འབྲེལ་ཡོད་ལས་སྣེ་ཁག་གི་ནག་ཉེས་རྣམས་བཀབ་སྟེ་ཐེར་འདོན་མ་བྱུང་ཞིང་། རྒྱལ་ཁབ་ཁག་ཅིག་གི་ཡེ་ཤུའི་ཆོས་སྡེས་རང་ལ་མིང་ཤས་ངན་པ་འཕོག་སྲིད་པར་སྐྲག་སྟེ་སྤྱོད་ངན་དེ་རྣམས་གསང་རྒྱ་བྱ་ཐབས་སུ་འབད། ལོག་གཡེམ་བྱེད་མཁན་ཆོས་པ་རྣམས་འཕོ་འགྱུར་མ་བཏང་བར་སྤྱོད་ངན་རྒྱ་ཡན་དུ་གྱུར་པའི་གནས་ཚུལ་ཐོན། ༢༠༡༩་ལོར་མཉམ་འབྲེལ་གསར་ཁང་གིས་ཡེ་ཤུ་གནམ་བདག་ཆོས་སྡེའི་ཆོས་པ་༡༧༠༠་ཡས་མས་ཤིག་དང་ཆོས་སྡེའི་ལས་སྣེ་མི་ཉུང་བ་ཞིག་གིས་བྱིས་པ་ཚོར་ལོག་གཡེམ་བྱས་པ་ཤེས་རྟོགས་བྱུང་། ཁོ་ཚོ་ཡེ་ཤུ་གནམ་བདག་ཆོས་སྡེས་དོགས་ཟོན་དང་ལྟ་རྟོག་བྱེད་དགོས་པ་ཞིག་ཏུ་གྱུར། བྱིས་པར་ལོག་གཡེམ་བྱེད་མཁན་དེ་རྣམས་ཡེ་ཤུའི་ཆོས་པ་དང་ཆོས་སྡེའི་ལས་སྣེ། ཆོས་སྡེ་ཁག་གིས་གཉེར་བའི་སློབ་གྲྭའི་དགེ་རྒན་དང་མི་ལ་སློབ་སྟོན་བྱེད་མཁན། སྨན་ཞབས་པ་དང་ཕ་ཚབ་མ་ཚབ། བུ་གསོ་ཁང་གི་ལས་སྣེ་ཁག་དང་ཉེས་སྡོམ་ཁང་གི་ལས་ཀྱི་སྣེ་མོ་བ་སོགས་ཡིན་པའི་གནས་ཚུལ་སྤེལ། ༢༠༡༦་ནས་ཁེ་ན་ཌའི་གཞུང་གིས་ཨ་སྒོར་ས་ཡ་༡་དང་ཕྱེད་ཀ་འགྲོ་གྲོན་བཏང་ནས་སྒེར་པ་ཞིབ་འཇུག་པ་༡༧་གླས་ཏེ་བཅའ་སྡོད་སློབ་གྲྭ་ཁག་ཏུ་ལོག་གཡེམ་བྱེད་ཀྱི་ཡོད་པ་རྣམས་རྩད་གཅོད་བྱེད་དགོས་པའི་ལས་འགན་སྤྲད། སྒེར་པ་ཞིབ་འཇུག་པ་ཚོས་བྱིས་པར་ལོག་གཡེམ་བྱེད་མཁན་མི་༥༣༠༠་ལྷག་ངོ་ཐག་བཅད། ཁོ་ཚོ་ཁྲིམས་ལ་སྦྱར་ནས་ཉེས་ཆད་མ་བཅད་པར་དོ་བདག་སོ་སོས་ནག་ཉེས་ངོན་ལེན་དང་ལོག་གཡེམ་བྱ་ཡུལ་ཚོར་གྱོང་གསབ་སྤྲོད་དགོས་པའི་ཐབས་ཇུས་བསྟེན། ཡིན་ནའང་ཁོ་ཚོ་མང་ཆེ་བས་ནག་ཉེས་ངོས་ལེན་དང་གྱོང་གསབ་སྤྲོད་རྒྱུ་དེར་མོས་མཐུན་བྱས་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG