ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

 ཡེ་ཤུའི་བླ་ཆེན་དང་རྒྱ་ནག་གི་འབྲེལ་བར་ལམ་ལྷོངས་མ་བྱུང་བ་ངོས་ལེན། 


༄༅།། ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་གིས་རྒྱ་ནག་ལ་མཉམ་འབྲེལ་ཐོག་ཏུ་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་བྱ་རྒྱུའི་གྲོས་མཐུན་བཞག་སྟེ་འབྲེལ་བ་བཙུགས་པར་ལམ་ལྷོངས་གཏན་ནས་བྱུང་མེད་པ་ངོས་ལེན་གནང་འདུག ཕྱི་ཟླ་༡༢་པའི་ཚེས་༢༨་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བླ་ཆེན་མཆོག་གིས་གསར་འགོད་པ་ཚོར་༢༠༡༨་ལོར་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝེ་ཊི་ཁན་དང་པེ་ཅིང་གི་དབང་འཛིན་པ་ཚོ་མཉམ་འབྲེལ་གྱིས་རྒྱ་ནག་གི་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་བྱ་རྒྱུའི་གྲོས་མཐུན་བཞག་པ་ཡིན། འདི་ནི་རྒྱ་ནག་དང་གདན་ས་ཝེ་ཊི་ཁན་གཉིས་མི་མཐུན་པའི་རྩོད་གཞི་ཆེན་པོ་ཡོད་པ་རྣམས་སེལ་ཐབས་དང་རྒྱ་ནག་དང་གདན་ས་ཝེ་ཊི་ཁན་གྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་དམིགས་ཡིན་མོད། འོན་ཀྱང་ཉེ་ཆར་ཕྱི་ཟླ་༡༠་པའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པས་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་དང་གདན་ས་ཝེ་ཊི་ཁན་ལ་གྲོས་སྡུར་གང་ཡང་མ་བྱས་པར་ཡེ་ཤུའི་ཆོས་དཔོན་ཁག་ཅིག་བསྐོ་བཞག་བྱས་སོང་ཞེས་ཐུགས་ཕམ་གནང་གི་ཡོད་པའི་གནས་ཚུལ་ཐོན། ཟླ་བ་སྔོན་མར་གདན་ས་ཝེ་ཊི་ཁན་གྱིས་རྒྱ་ནག་གཞུང་ལ་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་གི་མཛད་སྒོ་ཚོགས་པ་ནི་ཕྱོགས་གཉིས་ཀྱི་གྲོས་མཐུན་ལ་རྒྱབ་འགལ་དང་བླ་ཆེན་མཆོག་ལ་འཛམ་གླིང་ཡུལ་གྲུ་ཁག་གི་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་བྱེད་ཆོག་པའི་ལོ་རྒྱུས་ཀྱི་སྐུ་དབང་ཡོད་པར་བརྩི་མེད་བཏང་བརེད་ཅེས་འཁང་ར་བཤད། ༢༠༢༢་ལོའི་ཕྱི་ཟླ་༩་པའི་ནང་དུ་བླ་ཆེན་མཆོག་ནས་༢༠༡༨་ལོར་རྒྱ་ནག་དང་ཡེ་ཤུའི་ཆོས་ལུགས་ཀྱི་གདན་ས་ཆེན་མོས་གྲོས་མཐུན་བཞག་པ་དེ་སླར་ཡང་ལོ་གཉིས་ལ་ཡུན་བསྲིངས། ལོ་བཞིའི་སྔོན་དུ་གྲོས་མཐུན་བཞག་པའི་སྐབས་དེར་བླ་ཆེན་ཕོབ་མཆོག་གིས་རྒྱ་ནག་དང་གདན་ས་ཝེ་ཊི་ཁན་གཉིས་འགག་གྲོལ་ཆེན་པོ་བྱུང་ཡོད་ཅེས་བསྔགས་བརྗོད་མཛད། ཉེ་ཆར་རྒྱ་ནག་གཞུང་གིས་གདན་ས་ཝེ་ཊི་ཁན་དང་བླ་ཆེན་མཆོག་ལ་གྲོས་སྡུར་མ་བྱས་པར་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་བྱས་ནས་གྲོས་མཐུན་གྱི་དགོངས་དོན་ལ་འགལ་འཛོལ་ཆེན་པོ་བྱུང་།།

༢༠༡༨་ལོར་གྲོས་མཐུན་བཞག་པའི་རྗེས་སུ་རྒྱ་ནག་གཞུང་གིས་རང་ཐད་དུ་ཡེ་ཤུའི་ཆོས་དཔོན་ཁག་ཅིག་བསྐོས། སྐབས་དེར་བླ་ཆེན་ཁྲི་ཟུར་ཕོབ་བྷེན་ནེ་ཌིཀ་ཊི་༡༦་པས་རྒྱ་ནག་གཞུང་ལ་གདན་ས་ཝེ་ཊི་ཁན་དང་གྲོས་སྡུར་མ་བྱས་པར་ཡེ་ཤུའི་ཆོས་དཔོན་ཁག་ཅིག་བསྐོ་བཞག་བྱས་དོན་ཅི་ཞིག་ཡིན་ཞེས་དྲིས། རྒྱ་ནག་གཞུང་གིས་ཡེ་ཤུའི་ཆོས་དཔོན་དེ་ཚོ་གདན་ས་ཝེ་ཊི་ཁན་དང་གྲོས་མཐུན་མ་བཞག་གོང་ནས་བསྐོ་བཞག་བྱ་རྒྱུ་ཐག་ཆོད་ཡོད་པ་ཞིག་ཡིན་ཞེས་བཀྲལ། དེ་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་གདན་ས་ཝེ་ཊི་ཁན་གྱིས་ཆོག་མཆན་བཀོད་པའི་ཡེ་ཤུའི་ཆོས་དཔོན་༤་བསྐོས། དེང་སྐབས་རྒྱ་ནག་གི་ས་གནས་ཁག་ཏུ་ཡེ་ཤུའི་ཆོས་སྡེ་༦༠་ལྷག་ལ་ཆོས་དཔོན་མེད་པར་ལུས། ཐོག་མར་གདན་ས་ཝེ་ཊི་ཁན་གྱིས་རྒྱ་ནག་ལ་འབྲེལ་བ་བཙུགས་པར་དགའ་མོས་བྱེད་མཁན་ཚོས་ཀྱང་ཉེ་དུས་ཤིག་ནས་གྲོས་མཐུན་དེར་བསྐྱར་དུ་བསམ་ཞིབ་བྱ་དགོས་པ་ཞིག་ཏུ་གྱུར། དཔེར་ན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མི་སི་ཊེ་ཧྥེན་ཤེཀ་ཊར་གྱིས་༢༠༢༢་ལོའི་རྒྱ་ནག་ནི་༢༠༡༨་ལོའི་རྒྱ་ནག་དེ་མ་རེད། ང་ཚོས་རྒྱ་ནག་གི་ཡེ་ཤུའི་ཆོས་དཔོན་རྣམས་གདན་ས་ཝེ་ཊི་ཁན་གྱིས་བསྐོ་རྒྱུའི་ལམ་ལུགས་དེ་སླར་གསོ་བྱེད་ཐུབ་རྒྱུའི་རེ་ལྟོས་བཅངས་པ་ཡིན། ད་ལྟ་གང་ཅིའི་ཐད་དུ་འགྱུར་ལྡོག་ཐེབས་ཏེ་གདན་ས་ཝེ་ཊི་ཁན་གྱིས་༢༠༡༨་ལྟར་རྒྱ་ནག་གི་ལས་དོན་ལ་ཐག་གཅོད་བྱེད་ཐུབ་རྒྱུ་ཁག་པོ་འདུག་ཅེས་སྡུག་སྐད་བརྒྱབ། ནི་ན་ཤེ་ཡ་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་ཆོས་དད་རང་དབང་འཐབ་རྩོད་པ་ཞིག་གིས་རྒྱ་ནག་གི་བྱིས་པ་ཚོ་ཡེ་ཤུའི་ལྷ་ཁང་ཁག་ཏུ་བསྐྱོད་མི་ཆོག་པ་དང་ཆོས་ལུགས་ཀྱི་ཤན་ཞུགས་མ་ཐེབས། ཡེ་ཤུའི་གསུང་རབ་ལ་དམ་དྲག་བྱས་ནས་བརྗོད་བྱ་ཐམས་ཅད་རྒྱ་གཞུང་གི་སྲིད་ཇུས་ལ་མཐུན་པ་ཞིག་ཏུ་བསྒྱུར། ཡེ་ཤུའི་ལྷ་ཁང་ཁག་ལ་ལྟ་རྟོག་པར་ཆས་བཙུགས། ཡེ་ཤུའི་ཆོས་དཔོན་ཚོར་ཆོས་ལུགས་ཀྱི་ལྟ་གྲུབ་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་ལ་མཐུན་པ་ཞིག་འཆད་ཁྲིད་བྱ་དགོས་པའི་བསམ་བློའི་སློབ་གསོ་གཏོང་གི་འདུག་ཅེས་བླ་ཆེན་ཕོབ་མཆོག་གིས་རྒྱ་ནག་ལ་འབྲེལ་བ་བཙུགས་པ་ནོར་འཁྲུལ་རེད་ཅེས་འཛེམ་ཟོན་མེད་པར་སྐྱོན་བརྗོད་བྱས་འདུག

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། བླ་ཆེན་ཕོབ་མཆོག་ལ་སྐྱོན་བརྗོད་འབྱུང་གི་ཡོད་པ་དེ་དག་གིས་གདན་ས་ཝེ་ཊི་ཁན་ལ་ཕོག་ཐུག་ཆེན་པོ་འགྲོ་བཞིན་ཡོད་ཅིང་། བླ་ཆེན་ཕོབ་མཆོག་གི་རྒྱབ་སྐྱོར་བ་དང་རྗེས་འཛིན་པར་འགྱུར་སྲིད་པའི་ཆོས་རྗེ་ལུ་ཝི་ཨན་ཐོ་ནི་ཏག་ལེས་གདན་ས་ཝེ་ཊི་ཁན་གྱིས་རྒྱ་ནག་ལ་འབྲེལ་བ་བཙུགས་ཀྱང་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་བ་ཚོ་ནམ་ཡང་བརྗེད་མེད། བླ་ཆེན་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱ་ནག་གི་ཡེ་ཤུའི་ཆོས་དད་པ་རྣམས་ཐུགས་ལ་བཏགས་ཡོད་པ་དང་འོས་མིན་གྱི་སྐྱོན་འཛུགས་སམ། ཡང་ན་བླ་ཆེན་མཆོག་གི་མཛད་པར་ཐེ་ཇུས་བྱ་རྒྱུ་འོས་འཚམས་ཤིག་མ་རེད་ཅེས་དགག་པ་བརྒྱབ། ལོ་འདིའི་ཕྱི་ཟླ་༧་པའི་ནང་དུ་མི་མང་པོས་བླ་ཆེན་ཕོབ་མཆོག་ལ་རྒྱ་ནག་དང་གདན་ས་ཝེ་ཊི་ཁན་གྱི་གྲོས་མཐུན་ཡུན་བསྲིངས་ན་དགེ་མཚན་མི་འདུག་ཅེས་གསོལ་བ་ཕུར་ཚུགས་སུ་བཏབ། ཡིན་ནའང་བླ་ཆེན་ཕོབ་མཆོག་ནས་རྒྱ་ནག་ལ་འབྲེལ་བ་བཙུགས་པ་དེར་རིམ་གྱིས་གྲུབ་འབྲས་ཐོན་ངེས་རེད། རྒྱ་ནག་ལ་བྲེལ་བ་བསླངས་ནས་ཕན་ཐོགས་མི་འབྱུང་། ཕ་རོལ་པོ་ལའང་དཀའ་ངལ་ཡོད་པ་དང་རྒྱ་ནག་རྒྱལ་ཡོངས་ཀྱི་གནས་སྟངས་རྣམས་གཅིག་པ་མ་རེད། ས་གནས་ཁག་གི་དབང་འཛིན་པ་ཚོར་བསྟུན་དགོས་ཀྱི་འདུག་ཅེས་རྒྱུ་མཚན་བགྲངས། ཧོང་ཀོང་གི་ཡེ་ཤུའི་ཆོས་དཔོན་ཟུར་པ་ཁྲེན་རི་ཅུན་སོགས་ཡེ་ཤུའི་ཆོས་དཔོན་ཇི་སྙེད་ཅིག་གིས་བླ་ཆེན་ཕོབ་མཆོག་ལ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོར་ཡིད་ཆེས་གནང་མི་འཚལ། རྒྱ་གཞུང་གི་བཀོད་ཇུས་འོག་ཏུ་འགྲོ་ཡི་མེད་པའི་ཡེ་ཤུའི་ཆོས་དད་པ་རྣམས་འདོར་མི་འཚལ་ཞེས་སྙན་སེང་ཞུས། ཐ་ན་ཆོས་དཔོན་ཁྲེན་རི་ཅུན་སོགས་ཀྱིས་གདན་ས་ཝེ་ཊི་ཁན་ལ་འབྲེལ་བ་མེད་པར་རྒྱ་ནག་ལ་ཡེ་ཤུའི་ཆོས་སྡེ་ལོགས་སུ་འཛུགས་རྒྱུའི་དགོངས་པའང་བཞེས་མྱོང་ཡོད་པའི་གནས་ཚུལ་ཐོན།།

རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་ཏེ་སྨྲ་བརྗོད་རང་དབང་ཕྲོགས་པར་མ་ཟད། ཆོས་དཔོན་ཁྲེན་རི་ཅུན་གྱི་ཡེ་ཤུའི་ཆོས་ཚོགས་ནི་རྒྱ་ནག་དམར་ཤོག་གི་དབང་བསྒྱུར་ལ་ངོ་རྒོལ་བྱ་ཡུལ་ཞིག་རེད་ཅེས་ནག་ཉེས་བཙུགས་ནས་མི་རྣམས་འཛིན་བཟུང་བྱས་ཤིང་། དགུང་གྲངས་༩༠་ཐམ་པར་ཕེབས་པའི་ཆོས་དཔོན་ཟུར་པ་ཁྲེན་རི་ཅུན་དང་ལས་རོགས་ལྔ་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར། ཁོ་ཚོར་ཨ་སྒོར་༥༠༠་རེའི་ཆད་པ་བཅད་པ་དང་མི་མང་ལ་ངན་སྐུལ་བྱས་ནས་ངོ་རྒོལ་བྱེད་དུ་བཅུག་པའི་ནག་ཉེས་ཕོག ཆོས་དཔོན་ཟུར་པ་ཁྲེན་རི་ཅུན་གྱིས་ཁྲིམས་ཆད་དེར་དང་ལེན་མ་གནང་བར་གོང་རིམ་ཁྲིམས་ཁང་ལ་ཞུ་གཏུགས་མཛད། ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ཆོས་དཔོན་ཟུར་པ་ཁྲེན་རི་ཅུན་འཛིན་བཟུང་བྱས་ནས་ཁྲིམས་གཅོད་བྱས་པ་ནི་ཆོས་དད་རང་དབང་ལ་འགལ་འཛོལ་བྱས་པ་ཞིག་རེད་ཅེས་གསལ་བསྒྲགས་སྤེལ། ཆོས་དཔོན་ཟུར་པ་ཁྲེན་རི་ཅུན་གྱིས་༢༠༡༨་ལོ་ནས་རྒྱ་ནག་དང་གདན་ས་ཝེ་ཊི་ཁན་གཉིས་ཀྱིས་ཡེ་ཤུའི་ཆོས་དཔོན་བསྐོ་བཞག་བྱེད་ཕྱོགས་སུ་གྲོས་མཐུན་བཞག་པར་ལམ་ལྷོངས་འབྱུང་མི་སྲིད། ང་ཚོས་ཡེ་ཤུའི་ཆོས་དད་པ་རྣམས་དགྲོ་བོའི་མནར་གཅོད་འོག་ནས་སྐྱོབ་དགོས་ཀྱང་གྲོས་མཐུན་དེས་རྒྱ་ནག་གི་ཡེ་ཤུའི་ཆོས་དད་པ་རྣམས་དམར་གསོད་བྱས་པ་མཚོན་ཐུབ་ཅེས་ནན་གྱིས་བསྐུལ། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཡེ་ཤུའི་ཆོས་དཔོན་ཟུར་པ་ཁྲེན་རི་ཅུན་སོགས་འཛིན་བཟུང་བྱས་ཀྱང་བླ་ཆེན་ཕོབ་མཆོག་ནས་རྒྱ་ནག་ལ་སྐྱོན་བརྗོད་མ་བྱས་པར་བཞུགས། གསར་འགོད་པ་ཞིག་གིས་བླ་ཆེན་མཆོག་ལ་ཧོང་ཀོང་གི་ཆོས་དཔོན་ཟུར་པ་ཁྲེན་རི་ཅུན་འཛིན་བཟུང་བྱས་པར་དགོངས་ཚུལ་ཅི་ཡོད་དྲིས། བླ་ཆེན་མཆོག་ནས་ཆོས་དཔོན་ཟུར་པ་ཁྲེན་རི་ཅུན་དགུང་ལོ་བགྲེས་པོ་རེད། ཧོང་ཀོང་ལ་གང་ཅིའི་ཐད་དུ་དཀའ་ངལ་འཕྲད་ཀྱི་འདུག་ཅེས་ལན་འདེབས་གསལ་པོ་ཞིག་མ་གནང་བའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༢་པའི་ཚེས་༢༨་ཉིན་འཛམ་གླིང་ཡེ་ཤུ་གནམ་བདག་ཆོས་ལུགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༡༢༩༩་ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་ཡེ་ཤུའི་ལྷ་ཁང་ཐོག་མ་དེ་ཕྱག་བཏབ། དེ་ནས་བཟུང་སྟེ་རྒྱ་ནག་གི་སྤྱི་ཚོགས་སུ་སྐབས་འགར་ཡེ་ཤུའི་ཆོས་སྡེར་ངོས་ལེན་ཐོབ་པ་དང་སྐབས་འགར་དྲག་གནོན་བྱུང་། རྒྱ་ནག་གཞུང་གིས་ཆོས་དཔོན་ཟུར་པ་ཁྲེན་རི་ཅུན་དང་ཡེ་ཤུའི་ཆོས་དད་པ་ཚོར་གནོན་སྡོམ་བྱེད་ཀྱི་ཡོད་པར་བལྟས་ཚེ། གདན་ས་ཝེ་ཊི་ཁན་གྱིས་རྒྱ་ནག་དང་མིང་རྟགས་བཀོད་པའི་གྲོས་མཐུན་དེ་ཡུན་བསྲིངས་པ་ནི་འོས་འཚམས་ཤིག་མ་རེད། ༢༠༢༢་མཇུག་བསྒྲིལ་ལ་ཉེ་བའི་དུས་འདིར་འཛམ་གླིང་ཡུལ་གྲུ་གང་སར་སྟོན་པ་ཡེ་ཤུའི་འཁྲུངས་སྐར་གྱི་གློག་སྒྲོན་རྣམས་ཁྲ་ལྷམ་མེར་སྦར་ཡོད་ཀྱང་རྒྱ་ནག་ལ་ཡེ་ཤུའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཇེ་ཉུང་དུ་ཕྱིན་འདུག རྒྱ་ནག་གི་ཡེ་ཤུའི་ཆོས་དད་པ་ཚོས་སྟོན་པ་ཡེ་ཤུའི་འཁྲུངས་རབས་ཡག་པོ་མ་ཤེས། ཕྲུ་གུ་ཚོར་སྟོན་པ་ཡེ་ཤུའི་འཁྲུངས་རབས་སློབ་མ་ཐུབ་པ་དང་ལོ་༡༨་མན་ཆད་ཀྱི་ལོ་ཆུང་རྣམས་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་ཞུགས་ཆོག་གི་མི་འདུག རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ཧྲང་ཧེ་ལྟ་བུའི་གྲོང་ཁྱེར་ཁག་ཏུ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་གང་འཚམ་ཞིག་སྤེལ་ཆོག་གི་ཡོད་ཀྱང་གྲོང་གསེབ་ཁག་ཏུ་ཡེ་ཤུའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་བྱས་ནས་རྒྱ་ནག་གི་སྲོལ་རྒྱུན་གྱི་བྱེད་སྒོ་ཁག་དར་སྤེལ་གཏོང་གང་ཐུབ་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ། དེ་བཞིན་ཕྱི་ཟླ་༡༢་པའི་ཚེས་༢༨་ཉིན་གདན་ས་ཝེ་ཊི་ཁན་གྱི་གསར་འགྱུར་ལས་ཁུངས་ཀྱིས་ཀྱང་ང་ཚོས་གྲོས་མཐུན་གྱི་འབྲུ་དོན་ཁག་ལག་ལེན་ཚུལ་བཞིན་བསྟར་གྱི་ཡོད། ཧ་ཅང་ཕངས་པ་ཞིག་ལ་རྒྱ་ནག་གིས་གྲོས་མཐུན་གྱི་དགོངས་དོན་ཁག་ལག་ལེན་ཚུལ་བཞིན་བསྟར་གྱི་མེད་པ་དང་ང་ཚོར་གདམ་ཀ་གཞན་པ་མི་འདུག ང་ཚོར་དཀའ་ངལ་འཕྲད་ས་དེ་རྒྱ་ནག་གཅིག་པུ་མིན་པར་ཝི་ཏེ་ནམ་སོགས་རྒྱལ་ཁབ་གཞན་གྱི་ནང་དུའང་དཀའ་ངལ་གཅིག་མཚུངས་ཤིག་འཕྲད་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG