ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཞིས་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད།


༄༅།། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་ནས་རྒྱལ་སྤྱིའི་ཚོང་ལས་དང་དཔལ་འབྱོར་འཕེལ་རྒྱས་སོགས་ལ་བར་ཆད་ཆེན་པོ་ཞིག་བྱུང་། ཉེ་དུས་ཤིག་ནས་ཨ་རི་དང་རྒྱ་ནག ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག ཨོ་གླིང་དང་རྒྱ་ནག རྒྱ་དཀར་ནག ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་སོང་ནས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་ཚོང་ལས་ཉམས་ཆག སྔོན་ཆད་རྒྱ་ནག་གིས་ཉིན་ལྟར་དངོས་ཟོག་གི་དོ་པོ་ཁྲི་ཚོ་མང་པོ་གྲུ་གཟིངས་ནང་དུ་བརྩིགས་ཏེ་ཕྱི་རྒྱལ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་རྣམས་མཚམས་ཆད། ཞིས་ཅིན་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཕྱིར་ཚོང་ལ་བརྟེན་མི་དགོས་པར་རྒྱལ་ནང་གི་ཚོང་ལས་ལ་བརྟེན་ནས་དཔལ་འབྱོར་སླར་གསོ་བྱ་དགོས། རྒྱ་མི་དམངས་ཀྱིས་རང་གི་དངུལ་སྒོར་རྣམས་འགྲོ་གྲོན་བཏང་སྟེ་རྒྱལ་ནང་གི་ཚོང་ལས་སླར་གསོ་བྱ་དགོས་ཞེས་དཔལ་འབྱོར་སྲིད་ཇུས་གསར་པ་ཞིག་ལག་ལེན་བསྟར་རྒྱུ་འགོ་ཚུགས། ཡིན་ནའང་རྒྱ་ནག་མི་མང་དུང་ཕྱུར་༦་ལྷག་ལ་ཟླ་བ་རེར་ཨ་སྒོར་༡༥༠་ཡས་མས་རེའི་དཔལ་འབྱོར་ཡོང་འབབ་ལས་མེད་པས་ཞིང་པ་དང་མི་དམངས་དཀྱུས་མ། རྒྱ་ནག་གི་གྲོང་གསེབ་ཁག་ནས་གྲོང་ཁྱེར་ལ་ལས་ཀ་འཚོལ་དུ་ཡོང་བའི་ངལ་རྩོལ་བ་ཚོས་རང་ཁ་གསོ་ཐུབ་ན་དགའ་དགོས་པའི་གནས་སུ་གྱུར། ཉམས་ཞིབ་པ་ཁག་ཅིག་གིས་ཞིས་ཅིན་ཕིང་གིས་རྒྱ་ནག་མི་དམངས་ལ་དངུལ་སྒོར་འགྲོ་གྲོན་ཐོངས་ཟེར་གྱི་ཡོད་པ་ནི་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་ལ་རྒྱུས་མངའ་མེད་པའི་རྟགས་མཚན་རེད། དེ་ནི་སྔོན་ཆད་ཧྥ་རན་སིའི་རྒྱལ་པོའི་བཙུན་མོས་མི་དམངས་ལ་བག་ལེབ་ཟ་རྒྱུ་མེད་ན་སྤྲི་གོར་བཟོས་ན་མི་ཆོག་གམ་ཞེས་བཤད་པ་དང་འདྲ། རྒྱ་ནག་གི་མི་དམངས་དཀྱུས་མ་ཚོར་གླ་ཕོགས་མེད་པར་དངུལ་སྒོར་འགྲོ་གྲོན་ཇི་ལྟར་གཏོང་དགོས་སམ་ཞེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།།

ཞིས་ཅིན་ཕིང་གིས་དངུལ་སྒོར་ནང་ཁུལ་དུ་འགྲོ་གྲོན་བཏང་སྟེ་རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ་བྱ་དགོས་ཞེས་སྒྲོགས་ཀྱི་ཡོད་པར་གཞུང་གི་ལས་བྱེད་པ་ཁག་ཅིག་གིས་བདེན་པར་བརྩིས། ཁོ་ཚོས་རང་གི་ས་གནས་ཁག་གི་མི་མང་ལ་ཏོག་དབྱིབས་རིམས་ནད་འཇོམས་ཟིན་པ་རེད། མི་མང་རྣམས་རང་ཁྱིམ་ལ་འཛུལ་ནས་མི་སྡོད་པར་ཕྱི་རུ་བུད་ནས་ཉོ་ཆ་རྒྱག་དགོས་པ་དང་ཕན་ཚུན་མགྲོན་འབོད་བྱས་ནས་གསོལ་སྟོན་བཤམ་དགོས། རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་དགོས་ཞེས་སྐུལ་ལྕག་གཏོང་གི་ཡོད་མོད། འོན་ཀྱང་ལོ་འདིའི་ཕྱི་ཟླ་༥་པར་ཚོགས་པའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་སྲིད་བློན་ལི་ཁེ་ཆང་གིས་༢༠༡༩་ལོའི་རྒྱ་ནག་མི་དམངས་ཀྱི་ཆ་མཉམ་དཔལ་འབྱོར་ཡོང་འབབ་ལ་བསྡུར་ཚེ། ༢༠༢༠་ལོར་རྒྱ་ནག་གི་མི་གྲངས་དུང་ཕྱུར་དྲུག་སྟེ། རྒྱ་ནག་གི་མི་འབོར་ཕྱེད་ཀ་ཡས་མས་ཤིག་ལ་ཟླ་བ་རེར་ཨ་སྒོར་༡༥༠་ཐམ་པའམ། ཡང་ན་རྒྱ་ནག་གི་མི་དམངས་ཤོག་སྒོར་༡༠༠༠་ཡས་མས་རེའི་ཡོང་འབབ་ལས་མི་འདུག རྒྱ་ནག་གི་གྲོང་ཁྱེར་ཁག་གི་མི་མང་དེ་ཚོས་འགྲོ་གྲོན་བཏང་ནས་རྒྱས་སྤྲོས་ཀྱི་འཚོ་བར་རོལ་ཐུབ་རྒྱུ་ལྟ་ཞོག ཐ་ན་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཁང་གླ་སྤྲོད་མི་ཐུབ་པའི་མི་མང་ཇི་སྙེད་ཅིག་འདུག དེས་ན་རྒྱ་ནག་མི་དམངས་ཀྱིས་དངུལ་སྒོར་འགྲོ་གྲོན་བཏང་ནས་བཟོ་ལས་དང་ཚོང་ལས་ཡར་རྒྱས་བཏང་སྟེ་རྒྱ་ནག་གི་ཕྱིར་ཚོང་ཉམས་ཆག་ཕྱིན་པར་གྱོང་གསབ་བྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། ཏོག་དབྱིབས་རིམས་ནད་དུས་སུ་རྒྱ་ནག་གི་བཟོ་པ་དུང་ཕྱུར་མང་པོའི་ལས་ཀ་ཤོར་ནས་གླ་ཕོགས་ལེན་རྒྱུ་མེད་པས་དངུལ་སྒོར་འགྲོ་གྲོན་གཏོང་རྒྱུ་ཁག་པོ་རེད་ཅེས་རྒྱལ་ཡོངས་སུ་བརྙན་འཕྲིན་ཐོག་ཏུ་གཏམ་བཤད་བྱས་འདུག

རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་མི་དམངས་ལ་དངུལ་སྒོར་འགྲོ་གྲོན་བཏང་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་རང་ཁ་རང་གསོ་ཐུབ་པ་ཞིག་ལ་བསྒྱུར་དགོས། རྒྱ་ནག་གི་ཚོང་ལས་ཀྱང་རྒྱལ་ནང་གི་ཚོང་ལས་ལ་བརྟེན་དགོས་པ་ལས་མཐའ་གཅིག་ཏུ་དངོས་ཟོག་ཕྱིར་ཚོང་ལ་བརྟེན་མི་ཉན་ཞེས་སྐུལ་ལྕག་གཏོང་གི་ཡོད་ཀྱང་སྲིད་བློན་ལི་ཁེ་ཆང་གིས་རྒྱ་ནག་མི་དམངས་རྣམས་འབྱོར་འབྲིང་གི་གྲལ་རིམ་དེར་སླེབས་མི་འདུག ད་དུང་རྒྱ་ནག་གི་དཔལ་འབྱོར་ནི་རང་ཁ་རང་གསོ་ཐུབ་པ་དང་ཚོང་ལས་ཀྱང་ཕྱིར་ཚོང་ལ་བརྟེན་མི་དགོས་པར་རྒྱལ་ནང་གི་ཚོང་ལས་འབའ་ཞིག་གིས་རང་ཁ་གསོ་ཐུབ་པའི་ཚད་དེར་སླེབས་མི་འདུག རྒྱ་ནག་མི་དམངས་ཀྱིས་ངེས་པར་དུ་བསྲི་ཚགས་གྲོན་ཆུང་དང་དཔལ་འབྱོར་གྱི་ཡོང་འབབ་ཇེ་ཉུང་དུ་སོང་ནས་དཀའ་ངལ་འཕྲད་རྒྱུ་དེར་གྲ་སྒྲིག་བྱ་དགོས་ཞེས་བཤད། ཞིས་ཅིན་ཕིང་གིས་རྒྱ་ནག་མི་དམངས་ལ་དངུལ་སྒོར་འགྲོ་གྲོན་ཐོངས་ཟེར་གྱི་ཡོད་པ་དང་ལི་ཁེ་ཆང་གིས་རྒྱ་ནག་མི་དམངས་ལ་དཔལ་འབྱོར་གྱི་ཡོང་འབབ་ཉུང་དུ་སོང་སྟེ་དཀའ་ངལ་འཕྲད་རྒྱུར་གྲ་སྒྲིག་བྱ་དགོས་ཞེས་བཤད་པ་གཉིས་རྒྱབ་འགལ་དུ་གྱུར། རྒྱ་ནག་གི་རྒྱལ་ཡོངས་བསྡོམས་འབོར་ལས་ཁུངས་ཀྱི་གཞི་གྲངས་སུ་འཁོད་པ་ལྟར་ན། ༢༠༡༩་ལོར་རྒྱ་ནག་གི་གྲོང་ཁྱེར་ཁག་གི་མི་མང་ལ་ཆ་མཉམ་དཔལ་འབྱོར་ཡོང་འབབ་མི་དམངས་ཤོག་སྒོར་༣༠༧༣༣་རེ་ཡོད་ཀྱང་༢༠༢༠་ལོར་རྒྱ་ནག་གི་གྲོང་ཁྱེར་ཁག་གི་མི་མང་ལ་ཆ་མཉམ་དཔལ་འབྱོར་ཡོང་འབབ་མི་དམངས་ཤོག་སྒོར་༡༦༠༠༠་ལས་མེད་ཅིང་། རྒྱ་ནག་གི་ཞིང་པ་ཚོས་ཟླ་བ་རེར་མི་དམངས་ཤོག་སྒོར་༡༣༣༠་ལྷག་གིས་ཁ་གསོ་ཐབས་བྱ་དགོས་པ་དང་རྒྱ་ནག་གི་མི་འབོར་བརྒྱ་ཆ་༦༠་ཡས་མས་ཤིག་གྲོང་གསེབ་ཁག་ཏུ་འཚོ་གནས་བྱེད་ཀྱི་ཡོད་པ་རེད།།

དེང་སྐབས་རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་གཉིས་པ་ཡིན་ཟེར་གྱི་ཡོད་ཀྱང་དངོས་སུ་རྒྱ་ནག་མི་དམངས་ཀྱི་ཆ་མཉམ་དཔལ་འབྱོར་ཡོང་འབབ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་གྲས་སུ་ཨང་༦༡་པ་ཡིན་པ་སྟེ། རྒྱ་ནག་གི་འབྱོར་འབྲིང་གྲལ་རིམ་གྱི་ཆ་མཉམ་དཔལ་འབྱོར་ཡོང་འབབ་ཨུ་རུ་སུ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ། ཝྭེ་ནེ་ཛུ་ལ་སོགས་ཀྱི་གཞུག་ཏུ་ལུས་ཡོད་པར་མ་ཟད། ཧོང་ཀོང་དང་ཐེ་ཝན། ཉི་ཧོང་སོགས་ཀྱི་འབྱོར་འབྲིང་པའི་དཔལ་འབྱོར་ཡོང་འབབ་ནི་རྒྱ་ནག་གི་འབྱོར་འབྲིང་པའི་དཔལ་འབྱོར་ཡོང་འབབ་ལས་ལྡབ་རེ་ཟུང་མང་བ་ཡོད་ཅིང་། རྒྱ་ནག་གི་ཀྲེ་ཅང་དང་ཀོང་ཏུང་། ཅང་སུའུ་སོགས་ཞིང་ཆེན་འགའ་ཞིག་གི་མི་མང་ལ་དཔལ་འབྱོར་ཡོང་འབབ་ཡག་པོ་ཡོད་ཀྱང་སི་ཁྲོན་དང་གུའི་ཀྲུག ཞིན་ཅང་དང་བོད་རང་སྐྱོང་ལྗོང་། ཀན་སུའུ་ཞིང་ཆེན་སོགས་སྔར་བཞིན་དབུལ་ཕོངས་ཀྱི་གནས་ནས་ཐར་མ་ཐུབ་པར་རྒྱ་གཞུང་གི་དཔལ་འབྱོར་རོགས་རམ་ལ་བརྟེན་འདུག ཟླ་བ་སྔོན་མར་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉམས་ཞིབ་པ་ཧྥང་ཀང་གིས་རྒྱ་ནག་མི་དམངས་ལ་དཔྱ་ཁྲལ་སྤར་དགོས་པ་དང་རྒས་ཕོགས་ཀྱི་དངུལ་སྒོར་བསྡུ་རྒྱུ་མང་དུ་བཏང་ནས་རྒྱ་ནག་གི་འབྱོར་འབྲིང་གྲལ་རིམ་གྱི་གླ་ཕོགས་དང་དཔལ་འབྱོར་ཡོང་འབབ་མང་དུ་དགོས། དེ་ལྟར་མ་བྱུང་ན་འཛམ་གླིང་དངུལ་ཁང་གིས་བཀྲལ་པ་ལྟར་རྒྱ་ནག་ནི་གླ་ཕོགས་དམའ་བའི་འབྱོར་འབྲིང་གྲལ་རིམ་གྱི་རྒྱལ་ཁབ་ཅིག་གི་གནས་བབ་ནས་ནམ་ཡང་ཐར་ཐུབ་རྒྱུ་མ་རེད། རྒྱ་ནག་གི་སྤྱི་ཚོགས་ཧྲིལ་པོ་གྲོང་ཁྱེར་ཅན་དུ་བསྒྱུར་དགོས་པ་དང་ས་ཞིང་གི་བདག་དབང་ལམ་ལུགས་ལ་ལེགས་བཅོས། ས་ཁང་ལ་དཔྱ་ཁྲལ་བསྡུ་རྒྱུ། མི་ཚོས་ཚོད་དཔག་གི་ཧམ་ཚོང་བརྒྱབ་ནས་རྒྱ་ནག་གི་ས་ཁང་རིན་གོང་གནམ་ལ་འཕར་ཏེ་མི་མང་གིས་ཉོ་ཐུབ་ཀྱི་མེད་པར་བཀག་སྡོམ་བྱ་དགོས་ཞེས་བསྟན།།

རྒྱ་གཞུང་གི་སློབ་སྟོན་པ་མང་དག་ཅིག་གིས་ཡུལ་དེའི་འབྱོར་འབྲིང་གྲལ་རིམ་ཡར་རྒྱས་འགྲོ་ཐུབ་ཀྱི་མེད་པའི་དགག་རྩ་ནི་རྒྱ་ནག་གི་ས་ཞིང་བདག་དབང་ལམ་ལུགས་དང་ཁྱིམ་ཐོའི་ལམ་ལུགས་ལ་ཐུག་འདུག དེ་ནི་རྒྱ་ནག་རྒྱལ་ཁབ་འདི་གྲོང་གསེབ་ཀྱི་སྤྱི་ཚོགས་ཤིག་ནས་གྲོང་ཁྱེར་གྱི་སྤྱི་ཚོགས་ཤིག་ལ་འགྱུར་ཐུབ་ཀྱི་མེད་པ་དང་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ཀྱང་མི་དམངས་ཀྱིས་དངོས་ཟོག་ལོངས་སྤྱོད་ལ་བརྟེན་པའི་དཔལ་འབྱོར་ལམ་ལུགས་ཤིག་ལ་འགྱུར་ཐུབ་ཀྱི་མེད་པ། རྒྱ་ནག་ལ་མི་དམངས་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པའང་སྙོམས་མི་ཐུབ་པའི་དགག་རྩ་རེད། རྒྱ་ནག་གི་གཞུང་གཉེར་བཟོ་ཚོང་ལས་ཁང་ཁག་དང་སྒེར་གཉེར་བཟ་ཚོང་ལས་ཁང་ཁག་ལ་འགྲན་སྡུར་གྱི་གོ་སྐབས་འདྲ་མཉམ་ཞིག་སྤྲོད་དགོས། རྒྱ་ནག་གི་ས་ཞིང་གི་བདག་དབང་ལམ་ལུགས་དང་ཁྱིམ་ཐོའི་ལམ་ལུགས། གཞུང་གཉེར་བཟོ་ཚོང་ལས་ཁང་ཁག་ལ་སྲིད་གཞུང་གིས་རོགས་སྐྱོར་བྱེད་ཀྱི་ཡོད་པའི་ལམ་ལུགས་བཅས་ལ་ལེགས་བཅོས་མ་བཏང་ན་རྒྱ་ནག་གི་ཚོང་ལས་ནང་ཁུལ་ལ་བརྟེན་པའི་ཚོང་ལས་ཤིག་ལ་འགྱུར་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད། རྒྱ་ནག་གི་དཔལ་འབྱོར་རིག་པ་བ་དང་སྲིད་གཞུང་གི་སློབ་སྟོན་པ་མང་པོ་ཞིག་༢༠༡༣་ནས་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་སྟེ་ལེགས་བཅོས་ཆེན་པོ་ཞིག་མ་བྱུང་བར་བློ་ཕམ་བྱུང་སྟེ། དམར་ཤོག་ཚོགས་པས་དཔལ་འབྱོར་དང་ཚོང་ལས། རྒྱ་ནག་གི་ལས་རིགས་མཐའ་དག་ལ་སྟངས་འཛིན་བྱ་རྒྱུ་ཤུགས་ཆེ་རུ་བཏང་ནས་ལེགས་བཅོས་ལ་བཀག་འགོག་བྱེད་ཀྱི་འདུག ཞིས་ཅིན་ཕིང་གིས་རྒྱ་ནག་སླར་ཡང་མའོ་ཙེ་ཏུང་གི་དུས་སྐབས་དེར་བསྐྱར་ལོག་བྱེད་པར་ཁ་ལོ་སྒྱུར་གྱི་འདུག་ཅེས་ཞེས་ལྐོག་ཏུ་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG