༄༅།། དེ་རིང་གཟའ་པ་སངས་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེ་ཤི་ཡའི་རྒྱལ་ཁབ་ལྔར་འཚམས་འདྲིར་ཕེབས་པ་ཝྭེ་ཏེ་ནམ་དུ་མཇུག་བསྒྲིལ། བདུན་ཕྲག་འདིའི་གཟའ་ཟླ་བ་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཨེ་ཤི་ཡའི་འཚམས་འདྲི་དེ་རྒྱ་གར་ནས་འགོ་བཙུགས་ཏེ་སིངྒ་ལ་དང་མལ་ཌིབ་སི། ཨིན་རྡུ་ནེ་ཤི་དང་ཝྭེ་ཏེ་ནམ་བཅས་རྒྱལ་ཁབ་ལྔར་འཚམས་འདྲིར་ཕེབས་ནས་ཨ་མི་རི་ཀའི་ཨེ་ཤི་ཡའི་རྒྱལ་ཁབ་དེ་དག་ལ་འབྲེལ་བ་ཡར་རྒྱས་གཏོང་རྒྱུ། རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་དམ་དུ་གཏོང་རྒྱུ། ཨེ་ཤི་ཡའི་རྒྱལ་ཁབ་དེ་དག་ལ་རྒྱ་ནག་གི་གནོན་ཤུགས་ཐེབས་ཀྱི་ཡོད་པ་འགོག་ཐབས། ལྷག་པར་དུ་སིངྒ་ལ་དང་རྒྱ་ནག་གི་ཚོང་འབྲེལ་ཤུགས་ཆེ་རུ་སོང་སྟེ་སིངྒ་ལའི་མཚོ་ཁ་ཞིག་རྒྱ་ནག་གི་མཚོ་དམག་རྟེན་གཞིར་འགྱུར་སྲིད་པ་འགོག་ཐབས། སིངྒ་ལ་རྒྱ་ནག་གི་བུ་ལོན་འོག་ཏུ་ཚུད་ནས་རྒྱལ་ཁབ་དེའི་གྲུ་ཁ་ཞིག་ལོ་༩༠་ཐམ་པར་རྒྱ་ནག་ལ་བཀོལ་སྤྱོད་བྱེད་ཆོག་པའི་གྲོས་མཐུན་བཞག་པ་སོགས་རྒྱལ་ཁབ་དེའི་བདག་དབང་ལ་ཉེན་ཁ་འཕྲད་བཞིན་པ་རྣམས་ར་སྤྲོད། ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་དང་ཨེ་ཤི་ཡའི་རྒྱལ་ཁབ་དེ་དག་གི་འགོ་ཁྲིད་ཚོའི་གྲོས་མོལ་གྱི་ནང་དོན་གཙོ་བོ་དང་དམིགས་པ་གཏོད་ས་རྣམས་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་དང་ཧམ་སེམས་ལ་འཐབ་རྒོལ་བྱ་རྒྱུ། རྒྱ་གར་དང་ཨ་མི་རི་ཀའི་བདེ་འཇགས་མཉམ་འབྲེལ་དང་དམག་དོན་གསང་བའི་གནས་ཚུལ་ཕན་ཚུན་མཁོ་སྤྲོད་བྱ་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། ཝྭི་ཏེ་ནམ་དང་ཨ་མི་རི་ཀས་ཕྱི་འབྲེལ་བཙུགས་ནས་ལོ་༢༥་འཁོར་བའི་དུས་དྲན་དགའ་སྟོན་བྱས་འདུག
ཕྱི་སྲིད་དྲུང་ཆེ་ཕོམ་ཕིའི་ཡིས་ང་ཚོས་ཝྭི་ཏེ་ནམ་གྱི་དམངས་དང་རྒྱལ་ཁབ་འདིའི་བདག་དབང་ལ་བརྩི་བཀུར་ཆེན་པོ་ཞུ་བཞིན་ཡོད། ང་ཚོས་ཝྭི་ཏེ་ནམ་ལ་མཉམ་འབྲེལ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་སྲ་བརྟན་དང་ལྷོ་ཤར་ཨེ་ཤི་ཡ། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་བདེ་འཇགས་དང་ཞི་བདེ་བསྐྲུན་ནས་ཡར་རྒྱས་ཕུན་སུམ་ཚོགས་པ་ཞིག་ཏུ་བསྒྱུར་ཐུབ་རྒྱུའི་ཆོད་སེམས་བཙུགས་ཡོད་ཅེས་བཤད། ཝྭི་ཏེ་ནམ་གྱི་སྲིད་བློན་གྱིས་ཀྱང་ཨ་མི་རི་ཀར་ལྷག་བསམ་རྣམ་དག་གིས་མཉམ་འབྲེལ་བྱས་ནས་ཨེ་ཤི་ཡའི་མངའ་ཁུལ་ལ་ཞི་བདེ་ལྷིང་འཇགས་བསྐྲུན་ཐུབ་རྒྱུའི་འབད་བརྩོན་བྱ་འཆར་ཡོད་ཅེས་བསྒྲགས། ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་ཝྭི་ཏེ་ནམ་གྱི་སྲིད་བློན་གཉིས་ཀས་རྒྱ་ནག་ཅེས་དངོས་སུ་མིང་འབོད་མ་བྱས་ཀྱང་མེཀ་ཕོམ་ཕིའོ་ཡིས་བདག་དབང་ཞེས་གླེང་སློང་བྱས་པ་ནི་རྒྱ་ནག་ལ་གོ་དགོས་པ་སྟེ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་སྐྱེད་བྱས་ནས་ཝྭི་ཏེ་ནམ་དང་དེའི་ཉེ་འཁོར་གྱི་རྒྱལ་ཁབ་ཁག་གི་མངའ་ཁོངས་སུ་གཏོགས་པའི་གླིང་ཕྲན་རྣམས་བཙན་འཕྲོག་བྱེད་པའམ། ཡང་ན་རྒྱལ་ཁབ་དེ་དག་གི་མཚོ་ཁོངས་སུ་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ནས་རྒྱ་ནག་གི་མངའ་ཁོངས་རྒྱ་སྐྱེད་གཏོང་གི་ཡོད་པར་ཨ་མི་རི་ཀས་ངོ་རྒོལ་བྱེད་ཀྱི་ཡོད་པ་མཚོན་ཐུབ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་གཅིག་པུ་མ་ཡིན་པར་བོད་ཀྱི་མཐོ་སྒང་ནས་རྒྱུག་གི་ཡོད་པའི་རྫ་ཆུ་བཀག་སྡེ་འབར་མ་དང་ལཱའོ་སི། ཐེ་ལན་ཌི་སོགས་ལྷོ་ཤར་ཨེ་ཤི་ཡའི་མི་མང་ས་ཡ་མང་པོར་ཉ་ལས་ཀྱི་ཐོན་སྐྱེད་དང་ཞིང་ཆུ་འདྲེན་གཏོང་བཀག་ནས་དཀའ་ངལ་ཆེན་པོ་སྤྲོད་ཀྱི་ཡོད་པ་རེད།།
ད་ལྟ་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་བྱེད་པར་ཉི་མ་༤་ལས་མེད་པའི་མཚམས་འདིར་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་དགྲར་འཛིན་དང་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་ངར་སྐད་སྒྲོགས་རྒྱུ་ཤུགས་ཆེ་རུ་བཏང་བ། ཨ་མི་རི་ཀའི་འོས་འདེམས་ལ་ཉིན་འགའ་ལས་མེད་པའི་མཚམས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱལ་སྲུང་དྲུང་ཆེ་གཉིས་རྒྱ་གར་གཙོ་བོར་གྱུར་པའི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་འཚམས་འདྲིར་མངགས་ནས་རྒྱ་ནག་གིས་བཙན་དྲག་བཀོལ་ཡུལ་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀས་རྒྱབ་སྐྱོར་དང་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་གཙིགས་ཆེན་ཞིག་ཏུ་བརྩིས་ཡོད་པར་མ་ཟད། ཨ་མི་རི་ཀའི་སྤྱི་དམངས་ཁོངས་ཀྱི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་མི་རིགས་ཡོད་པ་དེ་དག་གི་འོས་ཤོག་རྣམས་ཌོ་ནལ་ཊམ་ལ་ཐོབ་ཐབས་བྱེད་ཀྱི་ཡོད་ཅིང་། ད་དུང་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་མི་གྲངས་ས་ཡ་མང་པོར་ནད་མནར་དང་འཆི་སྐྱོན། དགུན་དུས་འདིར་སླར་ཡང་ཏོག་དབྱིབས་རིམས་ནད་བསྐྱར་ལོག་བརྒྱབ་སྟེ་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་ཡོད་པ། རྒྱ་ནག་གིས་བཙན་དྲག་དང་རྒྱ་སྐྱེད་སྲིད་ཇུས་རྣམས་སྲིད་འཛིན་ཌོ་ནལ་ཊམ་དང་ཇཱོ་བྷ་ཌན་གཉིས་ཀས་འོས་འདེམས་ཀྱི་གནད་དོན་ཆེན་པོ་ཞིག་ལ་བརྩིས་ནས་རྒྱ་ནག་གི་ཐོག་ཏུ་སྲིད་ཇུས་མཁྲེགས་པོ་འཛིན་རྒྱུའི་ལངས་ཕྱོགས་བཟུང་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་ཝྭི་ཏེ་ནམ་ལ་འབྱོར་བའི་རྗེས་སུ་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར་ན། རྒྱ་ནག་གིས་རྫ་ཆུ་བཀག་ནས་གཙང་པོ་དེའི་སྨད་ཕྱོགས་སུ་ཆགས་ཡོད་པའི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་འཚོ་བའི་དམིགས་སྒོ་ངེས་གཏན་མེད་པར་གཏོང་གི་འདུག ཨ་མི་རི་ཀ་རྒྱ་གར་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ཕྱོགས་སུ་ལངས་ནས་རྒྱལ་ཁབ་དེ་དག་གི་བདག་དབང་དང་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁྱོན་བརྒྱ་ཆ་༩༠་ལྷག་གི་བདག་དབང་རྩོད་ཀྱི་ཡོད་པར་ཨ་མི་རི་ཀས་ངོས་ལེན་མེད་ཅེས་དགག་པ་བརྒྱབ།།
རྒྱ་ནག་གིས་ཉུང་མཐར་ཡང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་གླིང་ཕྲན་གསར་པ་བདུན་འཛུགས་སྐྲུན་བྱས་ནས་ཧྥི་ལི་ཕིན་དང་མ་ལེ་ཤི་ཡ། བྷུ་རུ་ནེ་དང་ཐེ་ཝན་སོགས་ཀྱི་མཚོ་ཁོངས་རྣམས་བཙན་འཕྲོག་བྱེད་ཀྱི་ཡོད་པ་ནི་མངའ་ཁུལ་དེའི་རྩོད་གཞི་ཆེན་པོ་ཞིག་ཏུ་གྱུར། ཝྭི་ཏེ་ནམ་ལ་འཚམས་འདྲིར་མ་ཕེབས་སྔོན་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨིན་རྡུ་ནེ་ཤི་ཡར་འཚམས་འདྲིར་ཕེབས། ཨིན་རྡུ་ནེ་ཤི་ཡས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་འགོ་ཁྲིད་ནས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་སྐྱེད་གཏོང་གི་ཡོད་པར་ཁ་གཏད་བཅག་པར་ཨ་རིའི་ཕྱི་སྲིད་དྲུང་ཆེས་བསྔགས་བརྗོད་བྱས་ཤིང་། ཁོང་གིས་ཨིན་རྡུ་ནེ་ཤི་ཡའི་འགོ་ཁྲིད་ཚོའི་ལྷན་དུ་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་བཙན་འཕྲོག་བྱས་ནས་གཉན་གནོན་བྱེད་ཀྱི་ཡོད་པར་སྐྱོན་བརྗོད། རྒྱ་ནག་ནི་མ་འོངས་པར་ཆོས་དད་རང་དབང་གི་ཉེན་ཁ་ཆེན་པོ་ཞིག་ལ་འགྱུར་རྒྱུ་རེད་ཅེས་བཤད། དེར་བརྟེན་གཟའ་པ་སངས་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་བྷིན་གྱིས་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཁག་ལ་འཛིན་པའི་སྲིད་ཇུས་རྣམས་ཡང་དག་པ་ཞིག་ཡིན། ཨ་རིའི་ཕྱི་སྲིད་དྲུང་ཆེས་ཕྱོགས་ལྷུང་གི་ལྟ་བ་བཟུང་ནས་རང་གི་ཆབ་སྲིད་ཀྱི་ཁེ་ཕན་སྒྲུབ་པའི་གླེང་སློང་མ་བྱས་ན་ལེགས། མེཀ་ཕོམ་ཕིའོ་ཡིས་རྫུན་སྒྲིག་གི་དཀྲོག་གཏམ་སྒྲོགས་ནས་རྒྱ་ནག་ལ་ངན་བཤད་མི་བྱེད་པའི་རེ་བ་ཡོད་ཅེས་ནན་སྐུལ་བྱས་འདུག རྒྱ་ནག་གི་རྩ་ཁྲིམས་སུ་ཆོས་དད་རང་དབང་ཡོད་ཅེས་བཀོད་ཀྱང་རྒྱ་ནག་དམར་ཤོག་ཚོགས་པས་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། སོག་པོ་བཅས་ཀྱི་གྲངས་ཉུང་མི་རིགས་ཁག་གི་ཆོས་དད་རང་དབང་འཕྲོག་ནས་རིག་གཞུང་རྩ་མེད། མི་རིགས་དེ་དག་གི་སྐད་ཡིག་དང་ངོ་བོ་བཅས་པ་བསྣུབ་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་རེད།།
ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་གར་རྒྱ་མཚོའི་ནང་དུ་ཆགས་པའི་མལ་ཌིབ་སི་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་ཨ་མི་རི་ཀས་མལ་ཌིབ་སི་རྒྱལ་ཁབ་ལ་གཞུང་ཚབ་ཁང་འཛུགས་རྒྱུ་ཡིན་ཞེས་བསྒྲགས། འདི་ནི་སིངྒ་ལ་ནས་མལ་ཌིབ་སི་བཅས་རྒྱ་གར་རྒྱ་མཚོའི་ནང་དུ་ཆགས་པའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་ཤུགས་རྐྱེན་ཁྱབ་ཀྱི་ཡོད་པར་ཨ་མི་རི་ཀས་བློ་འཚབ་བྱེད་ཀྱི་ཡོད་པའི་རྟགས་མཚན་མཚོན། རྒྱ་ནག་གིས་སིངྒ་ལ་སོགས་ལྷོ་ཨེ་ཤི་ཡའི་དབུལ་ཕོངས་རྒྱལ་ཁབ་ཁག་བུ་ལོན་ནང་ལ་ཚུད་དུ་བཅུག་ནས་རྒྱལ་ཁབ་དེ་དག་གི་རང་བྱུང་ཐོན་སྐྱེད་བཤུ་གཞོག རྒྱལ་ཁབ་དེ་དག་རྒྱ་ནག་གི་མི་སེར་སྤེལ་ཡུལ་གསར་པ་ཞིག་ལ་སྒྱུར་གྱི་ཡོད་པར་ཁ་རྡུང་དྲག་པོ་བཏང་འདུག སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་གཞུང་གིས་ཨ་རིའི་ཕྱི་སྲིད་དང་རྒྱལ་སྲུང་དྲུང་ཆེ་གཉིས་རྒྱ་གར་ལ་བཏང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་པའི་སྐབས་དེར་ཨ་མི་རི་ཀས་ཐེ་ཝན་ལའང་ཨ་སྒོར་དུང་ཕྱུར་༢༤་མ་ཟིན་ཙམ་གྱིས་མེ་ཤུགས་འཕུར་མདེལ་འགོག་སྲུང་མཚོན་ཆ་བཙོང་རྒྱུའི་ཐག་བཅད། མདོར་ན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཨེ་ཤི་ཡའི་རྒྱལ་ཁབ་ལྔར་འཚམས་འདྲིར་ཕེབས་པ་དང་ཐེ་ཝན་ལ་དེང་རབས་ཅན་གྱི་མཚོན་ཆ་བཙོངས་པ། ཨ་མི་རི་ཀས་རྒྱ་ནག་ལ་ཕྱོགས་གང་ཐད་དུ་ཁ་གཏད་ནན་པོ་གཅོག་གི་ཡོད་པ་རྣམས་སྲིད་འཛིན་ཌོ་ནལ་ཊམ་རྒྱ་ནག་གི་ཐོག་ཏུ་མཁྲེགས་པོ་ཡིན་པ། ཇཱོ་བྷ་ཌན་གྱིས་རྒྱ་ནག་ལ་མཁྲེགས་པོ་བྱེད་མི་ཐུབ་པ་དང་ཨ་མི་རི་ཀའི་ཁེ་ཕན་སྲུང་སྐྱོབ་བྱེད་མི་ཐུབ་པ། ༢༠༢༠་ལོའི་སྲིད་འཛིན་འོས་འདེམས་དུས་སུ་ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་བྱུང་ན་དགེ་མཚན་ཡོད་པ་སྟོན་གྱི་ཡོད་པ་རེད།།