ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

 ཧིན་བོད་ས་མཚམས་ཀྱི་རྒྱ་དམག་དང་ཝང་དབྱིའི་སྐད་ཆ་གཉིས་ནང་འགལ། 


༄༅།། རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་ཝང་དབྱིས་ང་ཚོས་ཕྱོགས་གཉིས་ཀྱི་ས་མཚམས་ཁག་ཏུ་ཞི་བདེ་བསྐྲུན་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད་ཅེས་རྒྱ་གར་ལ་བཤད་པ་དང་འབྲས་ལྗོངས་ནས་མོན་ཡུལ་བར་གྱི་ཧིན་བོད་ས་མཚམས་ཁག་ཏུ་རྒྱ་དམག་བཀྲམ་ཡོད་པ་རྣམས་ཕྱིར་འཐེན་བྱེད་ཀྱི་མེད་པ་གཉིས་ནང་འགལ་རེད་ཅེས་རྒྱ་གར་གྱི་གསར་འགྱུར་ལས་ཁུངས་ཁག་གིས་གནས་ཚུལ་སྤེལ་འདུག ཕྱི་ཟླ་དང་པོའི་ཚེས་༢་ཉིན་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་གྱི་གསར་འགོད་པས་ཉམས་ཞིབ་པ་ཚོ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་མུ་མཐུད་དུ་འབྲས་ལྗོངས་ཕྱོགས་སུ་ས་མཚམས་སྤྱི་ལོ་༢༠༠་དང་མོན་ཡུལ་ཕྱོགས་ཀྱི་ས་མཚམས་སྤྱི་ལེ་༡༡༢༦་ལ་དམག་མི་༤༥༠༠་རེ་ཡོད་པའི་མེ་སྒྱོགས་རུ་ཁག་དང་འཕྲུལ་ལས་ཀྱི་རྒྱབ་སྣོན་རུ་ཁག་བཅས་རུ་ཤོག་༤་བཀྲམ་འདུག དགུན་གྱི་དུས་འདིར་རྒྱ་དམག་རྣམས་བྱང་ཕྱོགས་དང་ལྷོ་ཕྱོགས་ཀྱི་དམག་སྒར་ཁག་ཏུ་ཕྱིར་འཐེན་མ་བྱུང་། ཤི་རི་གུ་རིའི་བར་ཤུར་གྱི་ཕ་རོལ་ཏུ་ཆགས་པའི་ཕག་རིའི་ཆུ་འབི་གཞུང་དུ་རྒྱ་དམག་ཁ་སྣོན་བཏང་ཡོད་ཅིང་། དེ་བཞིན་མོན་རྟ་དབང་གི་ཕར་ཕྱོགས་ཀྱི་ཀོ་ན་རྫོང་དང་ཝ་ལུང་ཕྱོགས་སུའང་རྒྱ་དམག་བཀྲམ་ཡོད་པ་རྣམས་ཕྱིར་འཐེན་བྱས་མེད་པས་རྒྱ་གར་གྱི་དམག་དཔུང་ཡང་དགུན་དུས་འདིར་ས་མཚམས་ཁག་ནས་ཕྱིར་འཐེན་བྱ་རྒྱུ་མིན་པའི་ཐག་བཅད།།

ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་རྒྱ་ནག་གིས་རྒྱ་གར་དམིགས་འབེན་དུ་བཟུང་ནས་ཧིན་བོད་ས་མཚམས་སུ་གནམ་ཐང་འཛུགས་སྐྲུན་བྱས་ཡོད་པ་དང་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་ཁག་ལ་འཕུར་མདེལ་འཕོག་རྒྱུ་གཡོལ་ཐབས་སུ་གནམ་གྲུ་རྣམས་ས་འོག་ཏུ་བཞག་ཡོད་པ་སོགས་གང་ལ་བལྟས་ཀྱང་རྒྱ་གར་ལ་ཞི་འགྲིག་བྱ་རྒྱུའི་རྟགས་མཚན་བྲལ། རྒྱ་དམག་གིས་ཞིན་ཅང་གི་ཏ་ཤི་གུར་གྷན་ནས་ཀོང་པོ་ཉི་ཁྲིའི་བར་དུ་འཕུར་མདེལ་བཙུགས། ཕྱི་ཟླ་༡༢་པའི་ཚེས་༦་བར་དུ་རྒྱ་དམག་རྣམས་མོན་རྟ་དབང་གི་གཡང་རྩེའི་ཕྱོགས་སུ་དཔུང་འཛུལ་ཐེངས་༦་བྱས་པར་རྒྱ་གར་གྱི་དམག་གིས་འགོག་རྒོལ་བྱ་དགོས་བྱུང་ཞིང་། རྒྱ་ནག་གི་སྤྱང་དམག་ཅེས་འབོད་པའི་ཕྱི་འབྲེལ་མི་སྣ་ཚོས་སྐབས་སོ་སོར་ཞི་འགྲིག་གི་སྐད་ཆ་སྙན་པོ་བཤད་སྲིད་ཀྱང་རྒྱ་དམག་གི་རྣམ་འགྱུར་ནི་ཇེ་མཁྲེགས་སུ་འགྲོ་བཞིན་འདུག རྟ་དབང་དང་ཝ་ལུང་ཕྱོགས་ཀྱི་རྒྱ་དམག་གི་རླངས་འཁོར་རྣམས་འགྲུལ་སྐྱོད་བྱས་པར་བལྟས་ནས་རྒྱ་དམག་ཕྱིར་འཐེན་བྱས་པ་རེད་བསམས་ཀྱང་དོན་དངོས་སུ་ས་མཐོའི་རྒྱ་དམག་རྣམས་རེ་མོས་བྱས་ནས་བརྗེ་སྤོར་བརྒྱབ་པ་ཞིག་རེད་ཅེས་གནས་ཚུལ་སྤེལ། རྒྱ་གར་གྱི་དམག་དོན་ཉམས་ཞིབ་པ་ཚོས་ཧིན་བོད་ས་མཚམས་སུ་རྒྱ་དམག་འགྲེམ་འཇོག་བྱས་ཡོད་པ་རྣམས་དམག་དོན་གྱི་ཉེན་ཁ་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པས་རྒྱ་གར་ལ་འཕྲལ་དུ་རྒོལ་རྡུང་བྱ་རྒྱུའི་ཉེན་ཁ་འབྱུང་མི་སྲིད་པར་སྙམ་ཞེས་བསྟན།།

ཕྱི་ཟླ་༡༢་པའི་ཚེས་༣༡་ཉིན་རྒྱ་གར་གྱི་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་ཝང་དབྱིས་རྒྱ་དཀར་ནག་གི་དམག་དོན་དང་ཕྱི་འབྲེལ་མི་སྣ་ཚོས་འབྲེལ་བ་རྒྱུན་བསྐྱངས་ཏེ་ཕྱོགས་གཉིས་ཀྱི་ས་མཚམས་སུ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་གཙིགས་སུ་འཛིན་གྱི་ཡོད་ཅེས་བསྒྲགས། ཉིན་བཅོ་ལྔའི་སྔོན་དེར་རྒྱ་དམག་༣༠༠་ཙམ་མོན་རྟ་དབང་གི་གཡང་རྩེའི་ཁུལ་དུ་དཔུང་འཛུལ་བྱས་ནས་ས་ཆ་ཧམ་འཛིན་བྱ་ཐབས་བྱས་པར་མ་ཟད། འདས་པའི་ལོ་བཅུ་ཕྲག་གཉིས་ལ་རྒྱ་དམག་རྣམས་རྒྱ་གར་གྱི་ས་ཐོག་ཏུ་དཔུང་འཛུལ་བྱས་པར་འགྲེལ་བཤད་གང་ཡང་བརྒྱབ་མེད་པ་ནི་ཁྱད་མཚར་ཞིག་རེད། རྒྱ་གར་གྱིས་ས་ཆ་བཙན་བཟུང་བྱེད་པའམ། ཡང་ན་རྩོད་གཞི་ཅན་གྱི་ས་ཁུལ་རྣམས་བཙན་འཛིན་བྱེད་ཀྱི་མེད། ང་ཚོས་ས་ཆ་དེ་རྣམས་སྟོང་པར་བཞག་སྟེ་རྡོ་རྩིག་བརྒྱབ། རྒྱ་གར་གྱི་དམག་གིས་ས་གནས་དེ་ཚོར་རྟག་ཏུ་སྐོར་གཡེང་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གིས་རིམ་གྱིས་ས་ཆ་དེ་ཚོ་ཧམ་འཛིན་བྱ་རྒྱུ་མགོ་བརྩམས། ༢༠༢༠་ལོར་རྒྱ་དམག་རྣམས་རྒྱ་གར་གྱི་མངའ་ཁོངས་སུ་དཔུང་འཛུལ་བྱས་ནས་ཕྱོགས་གཉིས་ཀྱི་དམག་མི་ཁག་ཅིག་ལག་འཛིང་ཐུག་སྟེ་མི་གསོད་ཁྲག་སྦྱོར་བྱུང་བ་རེད་ཅེས་གནས་ཚུལ་སྤེལ། རྒྱ་གར་གྱི་ཉམས་ཞིབ་པ་ཝར་ཤ་ནེ་ཞེས་པ་ཞིག་གིས་༢༠༢༠་ལོར་རྒྱ་དམག་གིས་བོད་མཐོ་སྒང་དུ་དམག་སྦྱོང་རྒྱ་ཆེན་པོ་ཞིག་བྱས་ཤིང་། ལོ་དེའི་ཕྱི་ཟླ་༤་པར་ཧིན་བོད་ས་མཚམས་སུ་དམག་ཤོག་གཉིས་ཁ་སྣོན་བཏང་སྟེ་ལ་དྭགས་ཤར་ཕྱོགས་ཀྱི་སྡེ་བཟང་ལ་དང་གྷལ་ཝན་ལུང་གཤོངས། སྤང་གོང་མཚོ་དང་དེ་མིན་གྱི་ས་གནས་ཁག་ཅིག་ནས་ས་ཆ་ཧམ་འཛིན་བྱ་རྒྱུ་འགོ་ཚུགས་སོང་ཞེས་རྩོམ་ཡིག་བྲིས་འདུག

༢༠༢༠་ལོའི་ཕྱི་ཟླ་༦་པའི་ཚེས་༡༥་ཉིན་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ཧིན་བོད་ས་མཚམས་སུ་ལག་འཛིང་ཐུག་ནས་བཟུང་། རྒྱ་དཀར་ནག་གཉིས་ཀས་ཧིན་བོད་ས་མཚམས་སུ་དམག་མི་ཁྲི་ཚོ་༦་རེ་བཀྲམ། ས་མཚམས་མང་ཆེ་བར་རྒྱ་དཀར་ནག་གི་དམག་དཔུང་རྣམས་གདོང་ཐུག་འབྱུང་གྲབས་སུ་གྱུར། རྒྱ་དཀར་ནག་གི་དམག་དོན་མི་སྣ་ཚོས་གྲོས་མོལ་ཐེངས་༡༧་བྱས་ཀྱང་དམག་དཔུང་ཕྱིར་འཐེན་ཆ་ཚང་ཞིག་བྱས་མ་ཐུབ། རྒྱ་གར་གྱི་ཉམས་ཞིབ་པ་རམ་མ་དྷབ་ཟེར་བ་ཞིག་ནས་རྒྱ་ནག་གིས་ལ་དྭགས་ཤར་ཕྱོགས་ཀྱི་ས་ཆ་ཧམ་འཕྲོག་བྱས་པ་ལྟར་མོན་ཡུལ་གྱི་གཡང་རྩེའི་ས་ཆ་ཡང་ཧམ་འཛིན་བྱ་ཐབས་སུ་འབོད། རྒྱ་ནག་ལ་རྒྱ་གར་གྱི་ས་ཆ་ཧམ་འཛིན་བྱ་རྒྱུ་མཚམས་འཇོག་བྱེད་འདོད་གཏན་ནས་མེད་པ་གསལ་པོ་རེད། རྒྱ་ནག་གིས་ཕྱི་འབྲེལ་དང་དམག་དོན་གཉིས་ཀས་རྒྱ་གར་ལ་བཙན་དྲག་བསྐུལ་རྒྱུ་ཡིན་པ་ཉག་ཅིག་ཡིན་ཞིང་། དེར་བརྟེན་རྒྱ་གར་བ་བསམ་བློ་རྣལ་དུ་ཕབ་ཡོད་པའི་འཐབ་ཇུས་མཁས་པ་སུ་ཞིག་ཡིན་རུང་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་ཝང་དབྱིའི་སྐད་ཆར་ཆ་འཇོག་བྱེད་མི་སྲིད། རྒྱ་གར་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་པར་དམག་དོན་དང་ཆབ་སྲིད། ཕྱི་འབྲེལ་བཅས་ཀྱི་ཐབས་ཇུས་དེ་ཚོར་མྱུར་དུ་བསྐྱར་ཞིབ་བྱ་དགོས་ཞེས་རྩོམ་ཡིག་བྲིས།།

རྒྱ་གར་གྱི་ཉམས་ཞིབ་པ་ཆི་དམ་བྷ་རམ་ཞེས་པ་ཞིག་གིས་དང་པོ་དེར་རྒྱ་ནག་གིས་༡༩༩༣་ནས་བཞག་པའི་ས་མཚམས་ཀྱི་གྲོས་མཐུན་ཁག་ལ་འགལ་འཛོལ་བྱེད་ཀྱི་འདུག རྒྱ་གར་གྱི་དམག་ལ་ས་མཚམས་སུ་ཞི་བདེ་དང་བརྟན་ལྷིང་མི་འདུག རྒྱ་གར་གྱི་དམག་གིས་གྲོས་མཐུན་གྱི་འབྲུ་དོན་ཁག་ལ་བརྩི་སྲུང་བྱེད་དགོས་དོན་མེད། ང་ཚོས་རྡོ་དང་དབྱུག་པས་རྒོལ་འཛིང་བྱེད་དགོས་པ་ནི་ཁྱད་མཚར་ཞིག་ཡིན་པ་དང་རྒྱ་གར་གྱི་དམག་ལ་དཔུང་འཛུལ་བྱེད་མཁན་ཚོར་རྒྱང་ནས་མེ་མདའ་རྒྱག་ཆོག་པའི་དབང་ཆ་སྤྲོད་དགོས། རྒྱ་གར་གྱིས་སྔར་བཞིན་ང་ཚོ་དང་ཕ་རོལ་པོའི་ལྟ་ཚུལ་ཞེས་འགྲེལ་དགོས་དོན་ཅི་ཡོད། རྒྱ་གར་གྱི་ས་ཁྲ་ཞིག་བཀྲམ་ཟིན་པའི་རྗེས་སུ་ས་ཆ་དེར་དམག་གིས་སྲུང་སྐྱོབ་བྱས་ནས་འཆོར་དུ་མི་འཇུག་པའི་ལས་འགན་བསྒྲུབ་དགོས། རྒྱ་ནག་གིས་ང་ཚོ་དང་ཕ་རོལ་པོའི་ལྟ་ཚུལ་ལ་ཁས་མི་ལེན་པར་ས་ཆ་ཧམ་འཛིན་བྱེད་ཀྱི་ཡོད་པ་དང་ས་ཆར་སུས་དབང་བསྒྱུར་བྱས་ཐུབ་ན་དོན་དངོས་ལ་དབང་བསྒྱུར་བྱས་པ་རེད། ང་ཚོས་རང་ཚུགས་བརྟན་པོ་འཛིན་དགོས། གསུམ་པ་དེར་གསང་བའི་གནས་ཚུལ་བསྡུ་རུབ་དང་རྟོག་ཞིབ་བྱ་རྒྱུ་གནད་འགག་ཤིན་ཏུ་ཆེ། རྒྱལ་ཁབ་ཅིག་གི་སྲུང་སྐྱོབ་ཨང་དང་པོ་ནི་གསང་བའི་གནས་ཚུལ་བསྡུ་རུབ་བྱ་རྒྱུ་དེར་ཐུག་ཡོད། ང་ཚོར་དུས་ཐོག་དང་ཁུངས་ལྡན་གྱི་གསང་བའི་གནས་ཚུལ་རག་ན་དམག་སྐུལ་བྱས་ནས་དགྲ་ལ་ཕར་རྒོལ་བྱེད་ཐུབ། བཞི་པ་དེར་རྒྱ་གར་ནུབ་ཕྱོགས་དང་དབུས་ཕྱོགས་ཀྱི་ས་མཚམས་ཁག་ཏུ་ཧིན་བོད་མཐའ་སྲུང་ཉེན་རྟོག་པ་བཀྲམ་སྟེ་རྒྱ་གར་གྱི་དམག་གིས་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། རྒྱ་གར་གྱི་དམག་དང་ཧིན་བོད་མཐའ་སྲུང་ཉེན་རྟོག་དཔུང་སྡེ་རྣམས་བློན་ཆེན་ལྷན་ཁང་མ་འདྲ་བ་དག་གི་བཀོད་འདོམས་འོག་ཏུ་བཅུག་ཡོད་པས་ང་ཚོར་གཅིག་གྱུར་གྱི་བཀོད་འདོམས་ཁང་ཞིག་དགོས་ཀྱི་འདུག ལྔ་པ་དེར་དམག་སྦྱོང་གི་དུས་སུ་རྒྱ་གར་གྱི་དམག་ལ་ཕར་རྒོལ་གྱི་འདུ་ཤེས་བསྐྱེད་དུ་འཇུག་དགོས། དུས་སྐབས་ཕལ་ཆེ་བར་རྒྱ་གར་གྱི་དམག་དཔུང་རང་སྲུང་གི་ངོ་བོའི་ཐོག་ཏུ་གནས་ཡོད་པ་དང་ང་ཚོའི་དམག་ཇུས་རྣམས་རང་སྲུང་ཁོ་ན་མིན་པར་ཕར་རྒོལ་དཔུང་འཇུག་གི་འཐབ་ཇུས་ཡིན་དགོས་ཞེས་རྩོམ་ཡིག་བྲིས་ནས་ནན་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG