ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་ཕུན་ཚོགས་དོན་ལྡན་སྐུ་ཚེ་མ་ཟིན་པ།


Phintso Thonden
Phintso Thonden

ཨ་རིའི་ནང་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཟུར་པ་ཕུན་ཚོགས་དོན་ལྡན་ལགས་རྒྱུན་རིང་སྐུ་གཟུགས་མི་བདེ་བ་བྱུང་རྗེས་རེས་གཟའ་ཕུར་བུའི་སྔ་དྲོ་ནིའུ་ཡོག་གྲོང་ཁྱེར་དུ་འདས་གྲོངས་སོང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

དམ་པ་ཁོང་ཡབ་འཇམ་དབྱངས་ཕུན་ཚོགས་དང་ཡུམ་ཚེ་རིང་སྒྲོལ་དཀར་གཉིས་ཀྱི་སྲས་སུ་ལྷ་སར་འཁྱུངས་ཤིང་། ལྷ་སར་སྦྱར་པ་ཁང་གསར་དང་སྤྱི་ཚོགས་སློབ་གྲྭ་བཅས་སུ་བོད་ཡིག་སློབ་སྦྱོང་གནང་བ་དང་། ༡༩༦༠ ལོར་ཀ་ལོན་ཕུག་ཏུ་གཞི་རིམ་སློབ་སྦྱོང་དང་དེ་རྗེས་རྡོར་གླིང་སེན་ ཇོན་སིབ་མཐོ་སློབ་ནས་ ༡༩༦༤ ལོར་མཐོ་སློབ་ཐོན་མ་ཐག བཞུགས་སྒར་རྡ་རམ་ས་ལར་ཕྱི་སྲིད་དྲུང་ཆེ་ཕྱག་རོགས་དང་། ༡༩༦༥ ལོར་ལྡི་ལི་དོན་གཅོད་ཁང་ནང་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དང་སྐུ་ཚབ་དོན་གཅོད་ཀྱི་ཕྱག་རོགས་གནང་། ༡༩༦༥ ལོར་ལྡི་ལི་སྐུ་ཚབ་དོན་གཅོད་དང་། ལོ་དེའི་ལོ་མཇུག་ཏུ་ཨ རི་སྐུ་ཚབ་དོན་གཅོད་ཕྱག་རོགས་དང་། ༡༩༦༧ ལོར་སྐུ་ཚབ་དོན་གཅོད་ངོ་མར་བསྐོ་བཞག་བྱུང་ནས་ ༡༩༧༣ བར་ཨ་རི་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་རྒྱུན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་གཞུང་ཚབ་རྣམས་དང་ཐུག་འཕྲད་གནང་ནས་བོད་དོན་དྲིལ་བསྒྲགས་དང་འབྲེལ་བའི་ཕྱག་ལས་གནང་ཡོད་ཅིང་། ༡༩༧༥ བར་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་བ་དང་། ༡༩༧༥ ལོ་མཇུག་ཏུ་གཞུང་ཞབས་ཁོངས་ནས་དགོངས་ཞུ་གནང་རྗེས་ཨ་རིར་སྒེར་གྱི་ཚོང་ལས་ཁང་ཞིག་ཏུ་ཕྱག་ལས་གནང་ཞིང་། ༡༩༩༢ ལོར་སྐུའི་གཅེན་པོ་སྟེག་འཚེར་རིན་པོ་ཆེ་དང་ཞྭ་སྒབ་དབང་ཕྱུག་བདེ་ལྡན་གྱི་ལྷན་དུ་བོད་རང་བཙན་རྩོད་དགོས་པའི་ཞུ་བསྐུལ་ཡིག་ཆ་ཞིག་འགྲེམས་སྤེལ་གནང་བ་མ་ཟད། རྒྱུན་དུ་ཨ་རིའི་ཚགས་ཤོག་ཁག་གི་ནང་བོད་དོན་སྐོར་ལ་རྩོམ་ཡིག་མང་པོ་འགོད་སྤེལ་གནང་ཡོད་པ་རེད། ཁོང་ལ་ཤུལ་ལུས་སྐུ་ཟླ་པདྨ་་ལགས་དང་། བོུ་འཆི་མེད་དང་གཡུ་སྒྲོན་གཉིས་ཡོད་པ་རེད།

XS
SM
MD
LG