ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིས་ཡུཀ་རེན་ལ་དེང་རབས་ཅན་གྱི་མཚོན་ཆ་མང་ཙམ་སྤྲོད་རྒྱུ།


༄༅།། དེ་རིང་ཕྱི་ཟླ་༥་པའི་ཚེས་༢༤་ཉིན་ནི་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཟླ་བ་གསུམ་ཕྱིན་པའི་དུས་སྐབས་ཡིན་ཞིང་། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་གྱིས་ཡུཀ་རེན་ལ་མཚོ་ཁ་སྲུང་སྐྱོབ་ཀྱི་ཧར་པུན་འཕུར་མདེལ་ཚུད་པའི་དེང་རབས་ཅན་གྱི་མཚོན་ཆ་མང་ཙམ་སྤྲོད་རྒྱུ་ཡིན། ང་ཚོས་ཡུཀ་རེན་གྱི་དམག་ས་ཁག་ཏུ་དགོས་མཁོ་ཆེ་བ་ཅི་ཞིག་ཡིན་པ་ཤེས་རྟོགས་ཟབ་མོ་བྱུང་སོང་། རྒྱལ་ཁབ་མང་དག་ཅིག་གིས་ཡུཀ་རེན་ལ་གལ་གནད་ཆེ་བའི་སྒྱོགས་མདེལ་དང་མཚོ་ཁ་སྲུང་སྐྱོབ་ཀྱི་མཚོན་ཆའི་མ་ལག ལྕགས་ཁྲབ་འཁོར་ལོ་དང་མཚོན་ལྡན་འཐབ་འཁོར་རྣམས་རོགས་སྐྱོར་སྤྲོད་ཀྱི་ཡོད་པ་རེད་ཅེས་གཟའ་ཟླ་བའི་ཉིན་འཛམ་གླིང་རྒྱལ་ཁབ་༥༠་ཡས་མས་ཤིག་གི་རྒྱལ་སྲུང་བློན་ཆེན་ཚོར་བརྙན་ལམ་དུ་གྲོས་མོལ་ཚོགས་འདུ་ཚོགས། ཕྱི་ཟླ་༥་པའི་ཚེས་༢༣་གྱི་ཕྱི་དྲོར་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མར་ཁེ་མེ་ལིས་ང་ཚོས་ཡུཀ་རེན་གྱི་དམག་ལ་སྦྱོང་བརྡར་ཇི་ལྟར་སྤྲོད་དགོས་མིན་བསམ་ཞིབ་བྱེད་བཞིན་ཡོད།

གཅིག་བྱས་ན་ཨ་རིའི་དམག་མི་ཁག་ཅིག་ཡུཀ་རེན་ལ་བཏང་ནས་སྦྱོང་བརྡར་སྤྲོད་དགོས་མིན་ཐད་དམའ་རིམ་གྱི་འབྲེལ་ཡོད་ལས་སྣེ་ཚོས་གྲོས་སྡུར་བྱེད་བཞིན་ཡོད་ཅེས་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་གྱི་ལྷན་དུ་ཚོགས་ཆེན་དེར་གཏམ་བཤད་གནང་འདུག ད་ལོ་ཨུ་རུ་སུའི་བཙན་འཛུལ་བྱུང་སྟེ་དམག་འཁྲུག་ལངས་པའི་རྗེས་སུ་ཡུཀ་རེན་གྱི་ས་ཐོག་ཏུ་ཡོད་པའི་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱས་པ་དང་ཡུཀ་རེན་ལ་བསྐྱར་དུ་ཨ་རིའི་དམག་དཔུང་གཏོང་རྒྱུའི་འཆར་གཞི་མེད་མོད། འོན་ཀྱང་ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་མར་ཁེ་མེ་ལིས་གཏམ་བཤད་དེས་ཨ་རིའི་གཞུང་ཚབ་ཁང་གི་སྲུང་སྐྱོབ་དང་འཐབ་འཁྲུག་མ་ཡིན་པའི་ལས་དོན་ཆེད་དུ་དམག་དཔུང་ཁག་ཅིག་སླར་ཡང་ཡུཀ་རེན་ལ་གཏོང་སྲིད་པའི་བརྡ་ཞིག་བཏང་འདུག

གསར་འགོད་པ་ཚོས་ཨ་རིའི་རྒྱལ་སྲུང་དྲུང་ཆེར་ཡུཀ་རེན་གྱིས་དགོས་ཟེར་གྱི་ཡོད་པའི་ཆེས་དེང་རབས་ཅན་གྱི་འཕུར་མདེལ་སོགས་སྤྲོད་རྒྱུ་ཡིན་ནམ་ཞེས་དྲིས། རྒྱལ་སྲུང་དྲུང་ཆེས་རྒྱལ་ཁབ་༢༠་ཡས་མས་ཤིག་གིས་ཡུཀ་རེན་ལ་རོགས་སྐྱོར་གསར་པ་ཁས་ལེན་བྱས་སོང་ཞེས་གསར་འགོད་པའི་དྲི་བར་ཐད་ཀར་ལན་འདེབས་གསལ་པོ་ཞིག་མ་བྱུང་། མཚོ་ནག་མངའ་ཁུལ་གྱི་ཨུ་རུ་སུའི་མཚོ་དམག་གིས་ཡུཀ་རེན་གྱི་ས་གནས་ཁག་ཏུ་འབེན་ཕོག་འཕུར་མདེལ་གྱིས་གཏོར་རྒོལ་བྱེད་པ་དང་ཡུཀ་རེན་གྱི་ཚོང་གྲུ་བཀག་སྡོམ། ཡུཀ་རེན་ལ་མཚོ་ལམ་མེད་པར་འབྲུ་རིགས་ཕྱིར་ཚོང་བྱེད་ཐུབ་ཀྱི་མེད་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད། དེར་བརྟེན་ཨ་རི་གཙོས་ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་དམག་སྦྱོང་སྤྲད་ནས་མཚོ་ནག་མངའ་ཁུལ་གྱི་ཨུ་རུ་སུའི་མཚོ་དམག་མཐར་སྤྲོད་གཏོང་བའི་ཐབས་སུ་འབད། ཨ་རིའི་རྒྱལ་སྲུང་དྲུང་ཆེས་ཉེ་ཆར་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཡུཀ་རེན་ལ་དམག་གི་ཐད་འཕུར་གནམ་གྲུ་དང་ལྕགས་ཁྲབ་འཁོར་ལོ། མེ་ཤུགས་འཕུར་མདེལ་རྣམས་སྤྲད་པ་རེད། ཨི་ཊ་ལི་དང་གྷེ་རི་སི། ནོར་ཝེ། པོ་ལན་ཌི་བཅས་ཀྱིས་གཟའ་ཟླ་བའི་ཉིན་ཡུཀ་རེན་ལ་མེ་སྒྱོགས་ཀྱི་མ་ལག་དང་མདེའུ་སོགས་རོགས་རམ་སྤྲོད་རྒྱུའི་ཁས་ལེན་ཐོབ་སོང་། ད་ལྟའི་འཐབ་འཁྲུག་དེའི་ངོ་བོ་མེ་སྒྱོགས་ཀྱི་འཐབ་འཁྲུག་ཅིག་ཏུ་གྱུར་ཏེ་འདས་པའི་གཟའ་འཁོར་འགའ་ཞིག་གི་རིང་མེ་སྒྱོགས་ཀྱིས་གཏོར་རྒོལ་ཚབས་ཆེན་བྱུང་བ་ང་ཚོས་མཐོང་གསལ་རེད། རྒྱང་སྙོབ་མེ་སྒྱོགས་ཀྱི་མ་ལག་དང་དམག་དཔུང་སྐྱེལ་འདྲེན་གྱི་མཚོན་ལྡན་འཐབ་འཁོར། ཁ་ལོ་བ་མེད་པའི་དམག་འཐབ་འཕུར་གྲུ་རྣམས་ཡུཀ་རེན་ལ་དགོས་མཁོ་ཆེན་པོ་འདུག་ཅེས་བཀྲལ། ན་ནིང་སྟོན་ཁར་ཡུ་རོབ་རྒྱལ་ཁབ་ཁག་གི་ས་ཐོག་ཏུ་ཨ་རིའི་དམག་མི་༧༨༠༠༠་ལས་མེད་ཀྱང་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཨ་མི་རི་ཀའི་དམག་མི་༡༠༢༠༠༠་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་བཏང་ཡོད་པར་མ་ཟད། ཨ་རིའི་དམག་གྲུ་༢༤་དང་མཚོ་འོག་དམག་གྲུ་བཞི། གནམ་དམག་གི་འཐབ་རྒོལ་རུ་ཁག་༡༢་དང་མཁའ་འབབ་དཔུང་སྡེ་གཉིས། སྐམ་དམག་གི་དཔུང་སྟེ་དྲུག་བཅས་བཏང་ཡོད་པ་རེད།།

དེང་སྐབས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུར་ཕམ་ཆེན་པོ་འབྱུང་གི་ཡོད་ཀྱང་དམག་གི་སྟོབས་ཤུགས་རྦད་དེ་མ་ཉམས། ཕྱི་ཟླ་༥་པའི་ཚེས་༢༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མར་ཡུཀ་རེན་གྱི་བྱང་ཕྱོགས་དམག་སྒར་ཞིག་ལ་ཨུ་རུ་སུས་གཏོར་རྒོལ་བྱས་ནས་དམག་མི་༨༧་བསད། ད་དུང་ཡང་ཨུ་རུ་སུར་ཡུཀ་རེན་གྱི་དམག་དཔུང་སྡེབ་གསོད་བྱེད་ཐུབ་པའི་ནུས་པ་ཉམས་མི་འདུག་ཅེས་སྲིད་འཛིན་ཛེ་ལན་སི་ཀིས་ངོས་ལེན་བྱས་ཤིང་། ད་ལྟའི་བར་དུ་ཡུཀ་རེན་གྱི་དམག་མི་ཅི་ཙམ་བསད་རྨས་བྱུང་མིན་གྱི་གྲངས་འབོར་གསལ་པོ་ཞིག་བཤད་མེད་ཀྱང་གཟའ་ཟླ་བའི་ཉིན་སྲིད་འཛིན་ཛེ་ལན་སི་ཀིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཡུཀ་རེན་ཤར་ཕྱོགས་ཀྱི་ཁ་བྲལ་གྱེན་ལོག་པའི་ཌོན་བྷ་སི་མངའ་ཁུལ་དུ་ཉིན་ལྟར་ཡུཀ་རེན་གྱི་དམག་མི་༥༠་ནས་༡༠༠་ཡས་མས་རེར་སྲོག་སྐྱོན་འཕོག་གི་ཡོད་སྲིད་པ་རེད། ཨུ་རུ་སུར་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་གཅོད་དགོས། འདི་ནི་གདུག་རྩུབ་ཆེ་བའི་དམག་དཔུང་ཞིག་ལ་འཛམ་གླིང་ཁ་ལོ་བསྒྱུར་དུ་འཇུག་རྒྱུ་ཡིན་མིན་གྱི་དགག་རྩའི་ཐག་གཅོད་ཅིག་ཡིན་ཞེས་སུད་ཛར་ལན་ཌིར་འཛམ་གླིང་གི་དཔལ་འབྱོར་གླེང་སྟེགས་ཀྱི་ཚོགས་ཆེན་འཚོགས་ཡོད་པ་དེར་བརྙན་ལམ་དུ་གཏམ་བཤད་བྱས་ནས་འབོད་སྐུལ་ཞུས། ཨུ་རུ་སུའི་དམག་གིས་ཐོག་མའི་འཆར་གཞི་ལྟར་ཡུཀ་རེན་རྒྱལ་ཡོངས་ལེན་ཐུབ་མེད་ཀྱང་བདུན་ཕྲག་སྔོན་མར་ལྷོ་ཕྱོགས་ཀྱི་མ་རི་ཨུ་པུལ་གྲོང་ཁྱེར་བླངས་ནས་བཟུང་། ཡུཀ་རེན་གྱི་ཤར་ཕྱོགས་ནས་ལྷོ་ཕྱོགས་བར་དུ་ཡུག་གཅིག་ཨུ་རུ་སུའི་དམག་གིས་བླངས་ཏེ་ཨོ་དྷེ་ས་གྲོང་ཁྱེར་བར་དུ་གཏུགས། གལ་སྲིད་ཨོ་དྷེ་ས་ཡང་ཨུ་རུ་སུས་དམག་གིས་བླངས་ཚེ། ཡུཀ་རེན་གྱི་མཚོ་ལམ་ཡོངས་རྫོགས་ཤོར་ཏེ་ཨུ་རུ་སུའི་དམག་དཔུང་ཡུ་རོབ་རྒྱལ་ཁབ་མོལ་ཌོ་ཝའི་གྱེན་ལོག་ས་ཁུལ་ཊན་སི་ཎི་སི་ཊི་རི་ཡ་བར་དུ་གཏོང་ཐུབ་ཀྱི་ཡོད་པ་རེད།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཚོན་ཆ་དང་དཔལ་འབྱོར། གསང་བའི་གནས་ཚུལ་སོགས་མཁོ་སྤྲོད་བྱས་ནས་རྒྱབ་སྐྱོར་བྱེད་པ་དང་ཨུ་རུ་སུར་དཔལ་འབྱོར་བཀག་སྡོམ་སོགས་ཀྱི་ཉེས་ཆད་དྲག་པོ་གཅོད་ཀྱི་ཡོད་པ་རེད། དེ་ལྟར་མིན་ན་ཨུ་རུ་སུའི་དམག་གིས་ཡུཀ་རེན་རྒྱལ་ཡོངས་བཙན་འཛིན་བྱེད་མ་ཐུབ་ཀྱང་རྒྱལ་ཁབ་དེའི་ཕྱེད་ཀ་ལྷག་བཙན་འཕྲོག་བྱེད་ཐུབ་པའི་ཉེན་ཁ་ཤིན་ཏུ་ཆེ་ཞེས་གནས་ཚུལ་སྤེལ། ཡིན་ནའང་ནུབ་ཕྱོགས་ཀྱི་ཉམས་ཞིབ་པ་ཁག་ཅིག་གིས་ཡུན་རིང་མི་འགོར་བར་ཨུ་རུ་སུར་དམག་དཔུང་འདང་ངེས་མེད་པར་ཡུཀ་རེན་ལ་ཕར་རྒོལ་བྱེད་དཀའ། ཨུ་རུ་སུས་ཡུཀ་རེན་གྱི་ས་ཆ་བཙན་འཕྲོག་བྱས་ཟིན་པ་རྣམས་སྲུང་སྐྱོབ་ཀྱི་དམག་ཇུས་ཤིག་ལག་ལེན་བསྟར་སྲིད། ཡུཀ་རེན་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མཚོན་ཆ་རོགས་རམ་འབྱོར་རེ་བཞིན་དུ་ཡུཀ་རེན་གྱིས་ཨུ་རུ་སུར་ཕར་རྒོལ་བྱེད་ཐུབ་ཀྱི་རེད་ཅེས་བསྟན། གཟའ་ཟླ་བའི་ཉིན་དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་སྔོན་ཆད་ལོ་རབས་༨༠་པའི་ནང་དུ་ལོ་བཅུའི་རིང་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་ཨུ་རུ་སུའི་དམག་མི་བསད་རྨས་བྱུང་བའི་གྲངས་འབོར་དེ་འདྲ་ཞིག་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཟླ་བ་གསུམ་གྱི་ནང་དུ་བསད་རྨས་བྱུང་འདུག གཞི་རིམ་གྱི་འཐབ་ཇུས་ཡག་པོ་མེད་པ་དང་གནམ་དམག་གི་སྲུང་སྐྱོབ་མེད་པ། ཨུ་རུ་སུའི་དམག་གི་འཐབ་ཇུས་རྣམས་འཕྲལ་དུ་བསྒྱུར་མ་ཐུབ་པ་དང་རྒྱབ་གནོན་མེད་པར་ཨུ་རུ་སུར་ཕམ་ཉེས་ཆེན་པོ་འབྱུང་གི་ཡོད་པ་རེད་ཅེས་བསྒྲགས། ཨོ་གླིང་གི་དམག་སྤྱི་ཟུར་པ་ཞིག་གིས་ཀྱང་ཡུཀ་རེན་ཤར་ཕྱོགས་སུ་ཨུ་རུ་སུའི་དམག་གི་སྟོབས་ཤུགས་ཉམས་པའི་རྗེས་སུ་ཡུཀ་རེན་གྱི་དམག་གིས་ས་གནས་གང་དང་དུས་ནམ་ཞིག་ཡིན་རུང་ཨུ་རུ་སུའི་དམག་ལ་ཁ་གཏད་གཅོག་ཐུབ་ཀྱི་རེད་ཅེས་མཇུག་སྡོམ་བརྒྱབ་འདུག

ཕྱི་ཟླ་༥་པའི་ཚེས་༢༡་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་ཡུཀ་རེན་གྱི་ས་ཆ་ཁག་ཅིག་ཨུ་རུ་སུར་སྤྲད་ནས་དམག་འཁྲུག་མཚམས་འཇོག་བྱ་དགོས་པའི་གྲོས་གཞི་བཏོན། ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་ས་ཆ་སྤྲད་ནས་དམག་འཁྲུག་མཚམས་འཇོག་གི་ཐབས་ཇུས་དེར་མོས་མཐུན་མེད་ཅེས་དགག་པ་བརྒྱབ། གཟའ་ཉི་མའི་ཉིན་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་པོ་ལན་ཌིའི་སྲིད་འཛིན་ནས་ཡུཀ་རེན་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་མི་ཁག་ཅིག་ལ་བློ་འཚབ་བྱུང་སྟེ་ཡུཀ་རེན་གྱི་ས་ཆ་སྤྲད་ནས་ཕུ་ཊིན་གྱི་དགོས་འདུན་བསྒྲུབ་དགོས་ཟེར་གྱི་འདུག ཡུཀ་རེན་མི་དམངས་འབའ་ཞིག་ལ་རང་གི་མདུན་ལམ་ཐག་གཅོད་བྱེད་ཆོག་པའི་ཐོབ་ཐང་ཡོད་པ་རེད། ཁྱེད་ཚོས་ཐག་གཅོད་མ་བྱས་པར་ཅི་ཡང་ཐག་གཅོད་བྱེད་མི་ཐུབ། དཔལ་འབྱོར་གྱི་ཁེ་ཕན་དང་ཆབ་སྲིད་ཀྱི་ཧམ་སེམས་ཆེད་དུ་ཡུཀ་རེན་བློས་བཏང་ན་ནུབ་ཕྱོགས་རྒྱལ་ཁབ་ཐམས་ཅད་ལ་ཕམ་ཉེས་ཆེན་པོ་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཨུ་རུ་སུའི་དམག་དཔུང་རྣམས་ཡུཀ་རེན་ནས་ཕྱིར་འཐེན་ཆ་ཚང་བྱེད་དགོས་པའི་དགོས་འདུན་འདོན་དགོས་ཞེས་གཏམ་བཤད་བྱས་པར་ཡུཀ་རེན་གྱི་གྲོས་ཚོགས་འཐུས་མི་ཚོ་ཡར་ལངས་ནས་དགའ་བསུ་ཞུས། པོ་ལན་ཌིའི་སྲིད་འཛིན་ནི་ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་སུ་རྒྱལ་ཁབ་དེའི་གྲོས་ཚོགས་ལ་ཕྱིའི་རྒྱལ་ཁབ་ཅིག་གི་འགོ་ཁྲིད་ཀྱིས་གཏམ་བཤད་བྱེད་མཁན་ཐོག་མ་དེར་གྱུར། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིའི་སློབ་སྟོན་པ་དང་ཡུཀ་རེན་གྱི་གྲོས་མོལ་འགོ་པ་པོ་ཌོལ་ཡག་གིས་ཨུ་རུ་སུར་གུ་བཤངས་སམ། ཡང་ན་མེ་འཕེན་མཚམས་འཇོག་བྱ་འཆར་མེད། ཨུ་རུ་སུར་གུ་བཤངས་བྱས་ཀྱང་དམག་འཁྲུག་མཚམས་ཆད་ཀྱི་མ་རེད། དེ་ནི་བར་མཚམས་བཞག་པ་ཙམ་ཡིན་པ་དང་ཨུ་རུ་སུས་སླར་ཡང་དམག་འཁྲུག་གསར་པ་ཞིག་བསླངས་ནས་མི་གསོད་ཁྲག་སྦྱོར་སྔར་ལས་ཚབས་ཆེན་པོ་ཞིག་བྱེད་ཀྱི་རེད་ཅེས་གསལ་སྟོན་བྱས་འདུག

XS
SM
MD
LG