སྤྱི་ཟླ་༧ པའི་ཚེས་༢༦ རེས་གཟའ་མིག་དམར་ཉིན། ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་ཧིན་རྡུ་ཞི་བདེ་རྒྱ་མཚོའི་ལས་དོན་སྡེ་ཚན་གྱི་འགན་འཛིན་ཨེ་ལི་རཱེ་ཐི་ན་ལགས་ཀྱིས། ཨ་རིའི་འཐབ་ཇུས་དང་རྒྱལ་སྤྱིའི་ཉམས་ཞིབ་ལྟེ་གནས་ཁང་གིས་གཉེར་བའི་ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་གྱི་ལོ་འཁོར་ཚོགས་འདུའི་སྟེང་བརྗོད་དོན་ལ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་བཙན་དབང་བརྙས་བཅོས་དང་འགན་ཁུར་མེད་པའི་བྱེད་སྟངས་དེ་ཚོས་སྔ་ཕྱི་ཙམ་མ་གཏོགས་དོན་རྐྱེན་ཆེན་པོ་དང་ཆག་སྒོ་ཆེན་པོ་བསླང་ངེས་ཡིན་པར་བརྗོད་འདུག ཁོང་གིས་བརྗོད་ན། ཉེ་བའི་ཟླ་བ་འགའ་ཤས་ཀྱི་རིང་། རྒྱ་ནག་གི་དམག་གི་གནམ་གྲུ་དང་དམག་གི་གྲུ་གཟིངས་ཀྱིས་ཧིན་རྡུ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཨ་རི་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཚོའི་དམག་གི་གནམ་གྲུ་དང་དམག་གི་གྲུ་གཟིངས་ལ་བཀག་འགོག་སུན་བཙེར་བྱེད་ཚད་མངོན་གསལ་དུ་ཤུགས་ཆེ་རུ་ཕྱིན་འདུག་ཅིང་། བྱེད་སྟངས་དེས་ང་ཚོའི་ཐུན་མོང་གི་ཆོད་སེམས་ལ་ཁྱོན་ཡོངས་ནས་ཉམས་ཚོད་ལེན་བཞིན་ཡོད་པ་དང་། རྒྱ་ནག་གི་བདེ་འཇགས་མིན་པ་དང་ཆེད་ལས་ཀྱི་ངོ་བོ་མི་ལྡན་པའི་བྱེད་སྟངས་དེ་དག་གིས་ཨ་རི་ཙམ་མ་ཟད་ཨ་རིའི་མཐུན་གྲོགས་ཁག་ལའང་དེ་བཞིན་དུ་ཤུགས་རྐྱེན་ངན་པ་བཞག་དང་འཇོག་མུས་ཡིན་པ་རེད།
སྤྱི་ཟླ་༧ པའི་ཚེས་༡༣ ཉིན་ལ། ཨ་རིའི་མཚོ་དམག་གི་དམག་གྲུ་རུ་ཁག་བདུན་པ་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་འགྲུལ་བཞུད་བྱེད་སྐབས། རྒྱ་ནག་གི་བརྗོད་སྟངས་ལྟར་ན། རྒྱ་ནག་གིས་མགྱོགས་མྱུར་དུ་ལྷོ་ཕྱོགས་འཐབ་འཛིང་ས་ཁུལ་གྱི་མཁའ་དམག་དང་མཚོ་དམག་བཀོད་འདོམས་ཀྱིས་ཨ་རིའི་དམག་གྲུར་བཀག་འགོག་དང་ཕྱི་འབུད་དང་བྱས་ཡོད་ཚུལ་བརྗོད་འདུག །སྤྱི་ཟླ་༧ པའི་ཚེས་༡༩ ཉིན། ཨ་རིའི་དམག་གྲུ་བྷན་ཧྥོལ་དྷི་རྟགས་ཅན་དེ་བཞིན་ཐེ་ཝན་མཚོ་ཁུག་ཏུ་འགྲུལ་བཞུད་བྱེད་སྐབས། སླར་ཡང་རྒྱ་ནག་གི་ཤར་ཕྱོགས་འཐབ་འཛིང་ས་ཁུལ་གྱི་དཔུང་དམག་གིས་ཐོག་མཐའ་བར་གསུམ་དུ་རྗེས་འདེད་དང་ལྟ་རྟོག་བྱས་འདུག །
སྤྱི་ཟླ་༥ པའི་ནང་ཨོ་གླིང་མཁའ་དམག་གི་P-8 རྟགས་ཅན་གྱི་མཚོ་ཐོག་རྟོག་ཞིབ་གནམ་གྲུ་རུ་ཁག་ཅིག་གིས་མཚོ་ཐོག་རྟོག་ཞིབ་ཀྱི་ལས་དོན་གཉེར་སྐབས། རྒྱ་ནག་གི་མཁའ་དམག་འཐབ་འཛིང་གནམ་གྲུ་ཡིས་བཀག་འགོག་དང་སུན་བཙེར་བྱས་འདུག །རྒྱ་ནག་གི་མཁའ་དམག་གནམ་གྲུ་དེས་ཨོ་གླིང་མཁའ་དམག་གི་P-8 རྟགས་ཅན་གྱི་མཚོ་ཐོག་རྟོག་ཞིབ་གནམ་གྲུ་རུ་ཁག་གི་མདུན་ཕྱོགས་ཀྱི་མཁའ་དབྱིངས་སུ་འཕུར་ནས་གནམ་གྲུར་འགལ་རྐྱེན་སློང་ཐབས་བྱས་འདུག སྤྱི་ཟླ་༦ པར། ཨོ་གླིང་མཚོ་དམག་རུ་ཁག་ཅིག་རྒྱ་མཚོའི་ཐོག་ཏུ་འགྲུལ་བཞུད་བྱེད་སྐབས་རྒྱ་ནག་གི་དམག་དཔུང་དང་ཉེན་ཁ་ཆེན་པོ་འཕྲད་འདུག །
ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་ཧིན་རྡུ་ཞི་བདེ་རྒྱ་མཚོའི་ལས་དོན་སྡེ་ཚན་གྱི་འགན་འཛིན་ཨེ་ལི་རཱེ་ཐི་ན་ལགས་ཀྱིས་བརྗོད་གསལ་ལྟར་ན། རྒྱ་ནག་གི་བྱེད་སྟངས་དེ་ཚོ་ནི་ཐེངས་གཅིག་གཉིས་ཙམ་ཞིག་མ་ཡིན་པར། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་ལ་སྤེལ་བའི་བྱེད་སྟངས་དེ་ཚོས་འཛམ་གླིང་ལ་རྒྱ་ནག་གིས་གཙོ་གཉེར་བྱས་པའི་ས་ཁུལ་གྱི་སྒྲིག་སྲོལ་ཏེ། སྟོབས་ཤུགས་ཁྱབ་ཁོངས་ཐམས་ཅད་དཔུང་སྟོབས་ལ་བརྟེན་པའི་འཇིག་རྟེན་ཞིག་དང་། འཇིག་རྟེན་དེ་ལས་བཙན་དབང་ཁོ་ན་བདེན་དོན་ཉིད་དུ་ལྟ་ཞིང་། རྩོད་གཞི་མ་ལུས་འཚེ་བ་དང་དྲག་པོའི་ལམ་ནས་ཐག་གཅོད་བྱེད་དགོས་པའི་ས་ཁུལ་སྒྲིག་སྲོལ་གྱི་རྣམ་པ་ཞིག་མངོན་ཡོད་པ་རེད།
ཧིན་རྡུ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཧིན་རྡུ་ནི་ཞི་ཡ་རུ་འཚམས་གཟིགས་སུ་ཕེབས་བཞིན་པའི་ཨ་རིའི་དམག་དཔོན་ལྷན་ཚོགས་ཀྱི་འགན་འཛིན་མཱ་ཁེ་མི་ལེ་ལགས་ཀྱིས་ཀྱང་སྤྱི་ཟླ་༧ པའི་ཚེས་༢༤ ཉིན་ལ། དེ་མཚུངས་ཀྱི་བཀའ་མོལ་གསུངས་ཡོད་ཅིང་། ཁོང་གིས་འདས་པའི་ལོ་ལྔ་ཙམ་གྱི་རིང་ལ། རྒྱ་ནག་གི་དམག་དཔུང་ལ་བཙན་འཛུལ་རང་བཞིན་དང་། ཉེན་ཁ་རང་བཞིན་ཆེ་རུ་ཕྱིན་ཡོད་པ་རེད་ཅེས་གསུངས་འདུག མཱི་ལེ་ལགས་གཟའ་འཁོར་འདིའི་ནང་སི་ཏི་ནི་ལ་ཧིན་རྡུ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་སྲུང་དཔོན་པོའི་ལྷན་ཚོགས་ཤིག་གི་ཐོག་མཉམ་བཞུགས་གནང་ནས། རྒྱ་ནག་གི་དམག་ཤུགས་ལ་ཁ་གཏད་བཅག་ཕྱོགས་དང་། དེ་བཞིན་ཧིན་རྡུ་ཞི་བདེའི་རྒྱ་མཚོའི་ཁུལ་གྱི་རང་དབང་དང་ཞི་བདེ་ལ་སྲུང་སྐྱོབ་བྱེད་ཕྱོགས་ཀྱི་བརྗོད་གཞི་སོགས་ཀྱི་སྐོར་བགྲོ་གླེང་གནང་འཆར་རེད་འདུག
རཱེ་ཐི་ན་ལགས་ཀྱི་གསུང་བཤད་ལས། ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་ལ་ཁ་གཏད་བཅག་ཕྱོགས་ཀྱི་ཐབས་ལམ་སྐོར་ལ་ནན་བརྗོད་གནང་སྟེ། ཁོང་གིས་དང་ཐོག་ཨ་རིའི་མཐུན་གྲོགས་ཚོ་ལ་རྒྱ་ནག་ལ་ཁ་གཏད་བཅག་རོགས་བྱེད་དགོས་པ་དང་། ཨ་རིའི་རྒྱལ་སྲུང་ལས་ཁུངས་ལ་མཚོན་ན། ད་ལྟ་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་ཉེ་འཁྲིས་ཀྱི་རྒྱལ་ཁབ་ཁག་གི་རྒྱལ་སྲུང་ནུས་པའི་ཐད་ནས་རོགས་སྐྱོར་གནང་རྒྱུ་དེ་ནི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཡིན་པར་མ་ཟད། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཚོ་དང་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུ་དེ་ཡང་ད་ལྟ་ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་སྒྲུབ་བཞིན་པའི་ལས་འགན་གལ་ཆེ་ཞིག་རེད་ཅེས་གསུངས་འདུག
ད་ལོའི་སྤྱི་ཟླ་༥ པའི་ནང་ཨ་མི་རི་ཀ་དང་ཉི་ཧོང་། རྒྱ་གར་དང་ཨོ་གླིང་རྒྱལ་ཁབ་བཞིས་IPMDA ཞེས་པའི་ཧིན་རྡུ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མཐུན་གྲོགས་འབྲེལ་བ་ཞེས་པའི་ལས་གཞི་ཞིག་བཏོད་ཡོད་པ་དང་། ལས་གཞི་དེ་ལས། རྒྱལ་ཁབ་བཞི་པོས་འབྱུང་འགྱུར་ལོ་ལྔའི་རིང་མཚོ་ཁུལ་ནང་ཁྲིམས་འགལ་གྱིས་དམག་གྲུ་འགྲུལ་སྐྱོད་སྐོར་ལ་རྗེས་འདེད་བྱེད་སའི་ཆ་འཕྲིན་མཉམ་སྤྱོད་ཀྱི་མ་ལག་ཞིག་གསར་གཏོད་བྱས་ཏེ་མཚོ་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་རེད་འདུག
གཞན་ཡང་ཧིན་རྡུ་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཨ་རིའི་དམག་དཔུང་རྒྱ་བསྐྱེད་གཏང་རྒྱུ་ནི། ད་ལྟའི་ཆར་ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་སྒྲུབ་བཞིན་པའི་དོན་དག་གལ་ཆེ་ཞིག་སྟེ། རཱེ་ཐི་ན་ལགས་ནས་ཨ་རིའི་དམག་གྲུ་དེ་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་འཆར་ཅན་ལྟར་དུ་འཁོར་སྐྱོད་ཀྱིས་ཉེ་འཁྲིས་ཀྱི་རྒྱལ་ཁབ་ཁག་དང་མཉམ་འབྲེལ་ཐོག་ནས་དམག་སྦྱོང་བྱ་རྒྱུ་ཡིན་ཞེས་གསུངས་འདུག ད་ལྟ་ཨ་རིས་རྒྱལ་ཁབ་༢༥ དང་མཉམ་འབྲེལ་གྱིས་ཐོག་ནས། ཧྭ་ཝ་དབྱི་དང་ཁཱ་ལི་ཧྥོར་ནི་ཡ་མཚོ་ཁུལ་དུ་དམག་སྦྱོང་བྱེད་བཞིན་པ་དང་། རིང་མིན་སྤྱི་ཟླ་བརྒྱད་པའི་ཚེས་༡ ནས་༡༤ ཉིན་གྱི་བར་ཨ་རིས་ཧིན་རྡུ་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་གཞི་རྒྱ་ཆེན་པོ་ཞིག་བྱ་རྒྱུའི་འཆར་གཞི་ཡོད་འདུག་ལ། སྐབས་དེར་ཨོ་གླིང་དང་ཉི་ཧོང་། ལྷོ་ཀོ་རི་ཡ་སོགས་རྒྱལ་ཁབ་༡༢ ཀྱི་ཁྱོན་དམག་མི་བཞི་སྟོང་ལྷག་ཙམ་མཉམ་བཞུགས་བྱ་རྒྱུ་རེད་འདུག དེ་ཡང་ད་ལན་རཱེ་ཐི་ན་ལགས་ནས་གསུང་བཤད་མ་སྤེལ་སྔོན་གྱི་ཆུ་ཚོད་འགའ་ཤས་གོང་ལ། ཨ་རིའི་གཞུང་གིས་ཨེ་ཤེ་ཡའི་ཤར་རྒྱུད་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ལས་དོན་སྐོར་གྱི་དྲུང་ཆེ་ཕྱག་རོགས་གཞོན་པ་ཡུང་པཱ་ཁེ་ལགས་ནས་ཀྱང་ཚོགས་འདུ་ཞིག་གི་ཐོག་ཏུ། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་རྒྱ་ནག་དམག་གི་བཙན་འཛུལ་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་གསུངས་འདུག །