ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་རྒྱལ་སྲུང་ལྷན་ཁང་དང་ས་གཏེར་དཀོན་རིགས།


༄༅།། ཨ་རིའི་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་བྱེ་ཐང་གི་ལུང་ཁུག་ཅིག་ཏུ་རི་ཞིག་ཡོད་པ་དེར་ས་གཏེར་དཀོན་རིགས་ཀྱི་གཏེར་ཁ་ཡོད་པས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིམ་རྩ་ཁག་ཅིག་རོགས་སྐྱོར་བྱས་ནས་ས་གཏེར་སྔོག་འདོན་བྱ་རྒྱུ་དང་། ས་གཏེར་དཀོན་རིགས་དེ་ཨ་རིའི་རྒྱལ་སྲུང་ལས་དོན་ལ་དགོས་མཁོ་ཆེན་པོ་ཡོད་ཀྱང་ད་སྔ་ཨ་མི་རི་ཀས་གཏེར་རྫསེ་རྒྱ་ནག་ནས་ནང་འདྲེན་བྱ་དགོས། ཁེ་ལི་ཧྥོ་ཎི་ཡ་མངའ་སྡེའི་བྱེ་ཐང་དེའི་གཏེར་སྒོ་ཕྱེ་པའི་རྗེས་སུ་ཨ་མི་རི་ཀས་མུ་མཐུད་དུ་རྒྱ་ནག་ནས་ས་གཏེར་དཀོན་རིགས་ནང་འདྲེན་བྱེད་མི་དགོས་པ་ཞིག་ཏུ་འགྱུར་སྲིད། འོན་ཀྱང་ས་གཏེར་དཀོན་རིགས་དེར་དམིགས་བསལ་གྱིལས་སྣོན་བྱ་དགོས་པ་དང་ཨ་མི་རི་ཀར་ལས་སྣོན་བཟོ་གྲྭ་མེད་པས་རེ་ཞིག་ཨ་རིའི་ས་གཏེར་དཀོན་རིགས་རྣམས་རྒྱ་ནག་ལ་འཁྱེར་ནས་ལས་སྣོན་བྱ་དགོསདེང་སྐབས་ཡོངས་གྲགས་སུ་ས་གཏེར་དཀོན་རིགས་ཞེས་འབོད་པའི་གཏེར་རྫས་དེ་ནི་གློག་གི་འཕྲུལ་ཆས་དང་ཟེར་མདའརྣོ་ཁབ་ལེན་དང་མཚོན་ཆའི་མ་ལག འཐབ་འཛིང་གནམ་གྲུ་སོགས་དམག་དོན་ཡོ་བྱད་དང་རླུང་འཁོརགློག་ཤུགས་མོ་ཊ་སོགས་འཕྲུལ་ཆས་སྣ་མང་ཞིག་བཟོ་སྐྲུན་བྱེད་པར་དགོས་ངེས་སུ་གྱུར་ཡོད་པ་རེད།།

ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་རང་གི་དམག་དོན་ཡོ་བྱད་ཀྱི་མ་ལག་རྣམས་བཟོ་སྐྲུན་བྱེད་པར་དགོས་མཁོ་ཆེ་བའི་ས་གཏེར་དཀོན་རིགས་རྣམས་མཐའ་གཅིག་ཏུ་རྒྱ་ནག་ལ་བརྟེན་མི་དགོས་པའི་ཆེད་དུ་འགྲོ་གྲོན་ཁག་ཅིག་རོགས་སྐྱོར་བྱས་ནས་ཁེ་ལི་ཧྥོར་ཎི་ཡའི་གཏེར་་དེའི་རི་འདབས་སུ་ལས་སྣོན་བཟོ་གྲྭ་ཚུགས་རྒྱུ། ཨ་རིའི་ཆི་ཁ་གྷོ་ཧེ་ཇཱི་ཐེབས་རྩ་བཟོ་ཚོང་ཁང་ལ་གཏར་འདོན་ལས་གྲྭ་དེར་སྟངས་འཛིན་བྱེད་དུ་འཇུག་རྒྱུ། བཟོ་ཚོང་ལས་ཁང་དེའི་འགོ་ཁྲིད་ཇཱེམ་སི་ལི་ཊིན་སི་ཀིས་ལོ་ཤས་སྔོན་ནས་རི་དེར་གཏེར་སྒོ་ཕྱེ་ནས་ས་གཏེར་དཀོན་རིགས་ཀྱི་ཚོང་ལས་གཉེར་དགོས་པའི་འཆར་འགོད་བྱས་པར་མ་ཟད། ཨ་མི་རི་ཀ་དང་རྒྱ་ནག་གཉིས་འགྲན་ཡ་དང་ཁ་གཏད་དུ་ཅི་ཙམ་གྱུར་ན་དེ་ཙམ་གྱིས་ས་གཏར་དཀོན་རིགས་དེར་དགོས་མཁོ་དང་རིན་ཐང་ཆེ་རུ་འགྲོ་རྒྱུ་ཡིན་པ་ངོས་ཟིན། ཇཱེམ་སི་ལི་ཊིན་སི་ཀིས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་མ་རྩ་རོགས་སྐྱོར་བྱེད་ཀྱི་ཡོད་པ་དང་ཨ་རིའི་དབུས་གཞུང་གིས་ས་གཏེར་དཀོན་རིགས་འདིར་དོ་སྣང་བྱེད་ཀྱི་ཡོད་པར་བལྟས་ན་གཏེར་ཁ་དེར་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པ་འཕྱུག་མེད་པའི་རྟགས་མཚན་རེད། ས་གཏེར་དཀོན་རིགས་ཀྱི་ཐོན་སྐྱེད་མཚམས་ཆད་མི་ཉན་པ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་འདུག ད་ལྟ་ཨ་མི་རི་ཀས་ཏོག་དབྱིབས་ནད་དུག་གི་རིམས་ནད་ལ་གདོང་ལེན་བྱ་རྒྱུ་གཙིགས་སུ་འཛིན་གྱི་ཡོད་པ་ཇི་བཞིན་བཟོ་ལས་སྲིད་ཇུས་ཡག་པོ་ཞིག་དགོས་པ་ནི་ཡུན་རིང་ལ་དམིགས་པའི་ཐག་གཅོད་གལ་གནད་ཅན་ཞིག་རེད་ཅེས་བཤད།

ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཨོ་གླིང་རྒྱལ་ཁབ་ཀྱི་ལི་ན་སི་བཟོ་ཚོང་ལས་ཁང་དང་དེའི་ཨ་མི་རི་ཀའི་ཚོང་གྲོགས་རྫས་འགྱུར་བཟོ་ཚོང་ཁང་སྟེ། བྷུ་ལུ་ལཱ་ཡེན་ཞེས་པ་གཉིས་ཀྱིས་ཨ་རིའི་ཊེཀ་སེ་སི་མངའ་སྡེར་ས་གཏེར་ལས་སྣོན་བཟོ་གྲྭ་ཞིག་འཛུགས་འཆར་ཡོད་པ་དེ་ལའང་མ་རྩ་རོགས་རམ་སྤྲོད་ཀྱི་ཡོད་ཅིང་། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་མེཀ་ཨན་རིའུ་སི་ཞེས་པ་ཞིག་གིས་བཤད་པ་ལྟར་ན། རྒྱལ་སྲུང་ལྷན་ཁང་གིས་སྲིད་འཛིན་དང་གྲོས་ཚོགས། སྒེར་གཉེར་བཟོ་ཚོང་ལས་ཁང་ཁག་ལ་མཉམ་འབྲེལ་བྱས་ནས་ཨ་མི་རི་ཀ་རྦད་དེ་རྒྱ་ནག་གི་ས་གཏེར་དཀོན་རིགས་ལ་བརྟེན་མི་དགོས་པའི་འགྱུར་བ་ཞིག་གཏོང་ཐབས་བྱེད་ཀྱི་འདུག ས་གཏེར་དཀོན་རིགས་ཡོད་པའི་གཏེར་རི་དེ་ཨ་རིའི་ནེ་ཝྭ་དྷ་མངའ་སྡེའི་ནུབ་ཕྱོགས་ཀྱི་དབྱིན་ལེ་བཅོ་ལྔའི་མཚམས་ཡོད་པ་དང་ལོ་གཉིས་ཀྱི་སྔོན་ནས་ས་གཏེར་སྔོག་རྒྱུ་འགོ་ཚུགས། ད་ལྟའི་གཏེར་བདག་གིས་ལོ་གཉིས་ཀྱི་སྔོན་དུ་ཨ་རིའི་བཟོ་ཚོང་ལས་ཁང་མ་རྩ་བརྡབས་པ་ཞིག་གི་ལག་ནས་གཏེར་རི་འདི་ཉོས་འདུག ཨེམ་ཕི་དངོས་རྫས་བཟོ་ཚོང་ལས་ཁང་གིས་ལོ་འདིའི་དཔྱིད་ཀ་ནས་ས་གཏེར་དཀོན་རིགས་ལ་ལས་སྣོན་བྱ་རྒྱུ་མགོ་བརྩམ་དགོས་པའི་འཆར་འགོད་བྱས་ཀྱང་ཏོག་དབྱིབས་ནད་དུག་ཁྱབ་པའི་སྟབས་ཀྱིས་ཕྱི་ལོ་༢༠༢༡་བར་དུ་ས་གཏེར་དཀོན་རིགས་ལ་ལས་སྣོན་བྱ་རྒྱུ་ཕར་འགྱངས་བྱས་ཤིང་ཁོ་ཚོར་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་མ་རྩ་རོགས་སྐྱོར་སྤྲད་པ་རྣམས་འགྲོ་གྲོན་བཏང་ནས་ས་གཏེར་དཀོན་རིགས་སྔོག་འདོན་བྱེད་སྟངས་དང་དེ་ལ་བཙོ་སྦྱང་བྱེད་སྟངས་བཅས་ལ་ཞིབ་འཇུག་བྱ་རྒྱུ་མཚམས་བཞག་མེད་ཅེས་བཟོ་ཚོང་ལས་ཁང་དེའི་འགོ་ཁྲིད་ལི་ཊིན་སི་ཀིས་བཤད། ཨ་རིའི་རྒྱལ་སྲུང་ལྷན་ཁང་དང་འབྲེལ་ཡོད་བཟོ་ཚོང་ལས་ཁང་གཉིས་ཀས་ས་གཏེར་དཀོན་རིགས་སྔོག་འདོན་དང་ལས་སྣོན་འདིར་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་མ་རྩ་རོགས་རམ་ཅི་ཙམ་སྤྲད་ཡོད་མེད་ཕྱིར་བསྒྲགས་བྱས་མེད་མོད། འོན་ཀྱང་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་གན་རྒྱ་བཞག་ནས་མ་རྩ་རོགས་རམ་སྤྲོད་ཀྱི་ཡོད་པ་དེ་དག་ལ་ཨ་སྒོར་ས་ཡ་༥་ནས་ས་ཡ་༢༠་ཡས་མས་རེ་སྤྲོད་སྲོལ་འདུག ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ས་གཏེར་དཀོན་རིགས་སྔོན་འདོན་གྱི་ལས་གཞི་ཁག་ལ་ཨ་སྒོར་ས་ཡ་༤༠་ཙམ་སྤྲོད་སྲིད་ཅེས་བཤད་ཀྱང་བཟོ་ཚོང་ལས་ཁང་འདི་གཅིག་པུར་ཨ་སྒོར་ས་ཡ་༤༠་ཙམ་སྤྲོད་རྒྱུ་ཡིན་ནམ། ཡང་ན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ས་གཏེར་དཀོན་རིགས་སྔོག་འདོན་དང་ལས་སྣོན་གྱི་ཚོང་ལས་ཀུན་ལ་ཨ་སྒོར་ས་ཡ་༤༠་ཙམ་རོགས་རམ་སྤྲོད་འཆར་ཡོད་པ་ཡིན་མིན་འགྲེལ་བཤད་གསལ་པོ་ཞིག་བརྒྱབ་མེད་པ་རེད།།

བཟོ་ལས་ཉམས་ཞིབ་པ་ཚོས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ས་གཏེར་དཀོན་རིགས་སྔོ་འདོན་ལ་འགྲོ་གྲོན་གཏོང་གི་ཡོད་པ་འདིས་ཨ་མི་རི་ཀ་རྒྱ་ནག་གི་ས་གཏེར་དཀོན་རིགས་ཕྱིར་ཚོང་ལ་བརྟེན་མི་དགོས་པར་རང་མགོ་འཐོན་ཐབས་བྱེད་བཞིན་པ་མཚོན་ཐུབ། ད་སྔ་རྒྱ་ནག་གཅིག་པུས་ས་གཏེར་དེར་ལས་སྣོན་བྱེད་ཐུབ་པ་དང་རྒྱ་ནག་ལ་ས་གཏེར་དཀོན་རིགས་ཀྱི་གཏེར་ཁ་ཕྱུག་པོ་འདུག ཨ་མི་རི་ཀར་རང་བདག་གི་ས་གཏེར་དཀོན་རིགས་ཀྱི་གཏེར་ཁ་ཞིག་ཡོད་པ་དང་གཏེར་རྫས་དེ་ལ་ལས་སྣོན་བྱེད་པའི་ཚོང་ལས་ཀྱི་རྩ་བ་ཞིག་ཚུགས་པར་ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ཀས་ལོ་མང་རིང་འགྲོ་གྲོན་བཏང་ནས་འབད་བརྩོན་བྱ་དགོས་པ་བརྗོད་ཅི་དགོས། ས་གཏེར་དཀོན་རིགས་ལ་ལས་སྣོན་བྱ་ཡུལ་བཟོ་གྲྭ་རེ་འཛུགས་པར་ཨ་སྒོར་དུང་ཕྱུར་མང་པོ་མ་རྩ་འཛུགས་དགོས་ཀྱི་འདུག ཨ་རིའི་བཟོ་གྲྭ་དེ་ཚོར་རྒྱ་ནག་གཞུང་གིས་མ་དངུལ་རོགས་སྐྱོར་སྤྲོད་ཀྱི་ཡོད་པའི་གཞུང་གཉེར་བཟོ་ཚོང་ལས་ཁང་ཁག་གིས་འགྲན་སྡུར་ཆེན་པོ་ཡོང་ས་རེད་ཅེས་གསལ་སྟོན་བྱས་ཡོད་པ་སྟེ། ས་གཏེར་དཀོན་རིགས་ཉམས་ཞིབ་ཁང་ཞིག་གི་འགོ་ཁྲིད་ར་ཡེན་ཁེ་སི་ཊི་ལོ་ཞེས་པ་ཞིག་གིས་ཨ་རིའི་གཞུང་གི་རོགས་སྐྱོར་འདི་མཚོན་དོན་གྱི་ཆ་ནས་གལ་གནད་ཆེན་པོ་རེད། ཡིན་ནའང་དོན་དངོས་སུ་དེ་ལ་རྔོ་ཅི་ཙམ་ཐོགས་རྒྱུ་ཡིན་མིན་ནི་གཞི་ནས་བལྟ་རྒྱུ་རེད། ཨ་རིའི་གཞུང་གིས་རོགས་དངུལ་སྤྲོད་ཀྱི་ཡོད་པ་རྣམས་ཚོང་ལས་གསར་པ་ཞིག་ལ་ཚོད་ལྟ་བྱེད་ཀྱི་ཡོད་པའི་རྟགས་མཚན་རེད་ཅེས་བཤད། ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱིས་ཚོང་ལས་གྲོས་མཐུན་རིམ་པ་དང་པོ་དེར་མིང་རྟགས་བཀོད་ཀྱང་རྒྱ་ནག་གིས་བཟོ་ལས་ཆེ་ཁག་འགའ་ཞིག་ལ་ཁ་ལོ་སྒྱུར་གྱི་ཡོད་པ་དང་རྒྱ་ནག་གིས་རང་གི་གཞུང་གཉེར་བཟོ་ཚོང་ལས་ཁང་ཁག་ལ་རོགས་དངུལ་སྤྲོད་ཀྱི་ཡོད་པར་ཨ་མི་རི་ཀ་བློ་དོགས་ཡོད་པ་རེད།།

སྔ་ལོ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་ལངས་པའི་སྐབས་སུ་རྒྱ་ནག་གིས་ཨ་མི་རི་ཀར་ས་གཏེར་དཀོན་རིགས་ཕྱིར་ཚོང་བྱ་རྒྱུ་མིན་ཞེས་སྡིགས་ར་བསྐུལ། ཞིས་ཅིན་ཕིན་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་འགོ་བ་སོགས་ས་གཏེར་དཀོན་རིགས་ཀྱི་གཏེར་ཁ་ཡོད་སའི་ས་ཁུལ་ཞིག་ལ་གཟིགས་ཞིབ་ཏུ་ཕེབས་ནས་རྒྱ་ནག་ནི་ས་གཏེར་དཀོན་རིགས་ཀྱི་གཏེར་བདག་རྒྱལ་ཁམས་ཡིན་ཞེས་བསྒྲགས། ཉམས་ཞིབ་པ་ཚོས་ཞིས་ཅིན་ཕིང་གིས་ཨ་མི་རི་ཀའི་འཕྲུལ་རིག་དང་དཔལ་འབྱོར་འཕེལ་རྒྱས་ལ་མེད་ཐབས་མེད་པའི་ས་གཏེར་དཀོན་རིགས་རྣམས་རྒྱ་ནག་ན་ཡོད་ཅེས་གོ་རྒྱུ་གཏོང་གི་ཡོད་པར་གོ་བ་བླངས། རྒྱལ་སྤྱིའི་འཐབ་ཇུས་ཉམས་ཞིབ་ཁང་གི་མཁས་པ་ཇཱེན་ན་ཁ་ནོ་ཞེས་པ་ཞིག་གིས་རྒྱ་ནག་གི་ཉེན་བརྡ་དེས་ཨ་རིའི་གཞུང་དང་གྲོས་ཚོགས། སྲིད་དོན་ཚོགས་པ་གཉིས་ཀས་ཨ་མི་རི་ཀ་རྒྱ་ནག་གི་ས་གཏེར་དཀོན་རིགས་ལ་བརྟེན་མི་དགོས་པ་ཞིག་འཁྱོངས་ཐབས་སུ་སེམས་ཐག་གཅོད་རྒྱུ་དེར་ཕན་ཐོགས་བྱུང་སོང་ཞེས་བཤད། ན་ནིང་དབྱར་དུས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ས་གཏེར་དཀོན་རོགས་འཚོལ་ཞིབ་དང་ལས་སྣོན་བྱེད་པའི་བཟོ་ཚོང་ལས་ཁང་ཁག་ལ་མ་རྩ་རོགས་རམ་སྤྲོད་དགོས་ཞེས་བཀོད་ཁྱབ་རིམ་པ་ཞིག་བཏང་ཡོད་པ་རེད།།

XS
SM
MD
LG