ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་དམར་ཤོག་ཚོགས་པ་དང་ཞིའི་མི་གཅིག་དབང་བསྒྱུར་ལམ་ལུགས། 


༄༅།། ༢༠༢༢་ལོའི་ཕྱི་ཟླ་༡༠་པའི་ཚེས་༡༦་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པ་ཚོགས། ཞིས་ཅིན་ཕིང་གིས་སླར་ཡང་ལོ་ལྔར་སྲིད་དབང་འཛིན་རྒྱུ་ངེས་གཏན་ཁེལ་རྒྱུ་ཡིན་ཞིང་། འདི་ནི་རྒྱ་ནག་མའོ་ཙེ་ཏུང་གི་དུས་སྐབས་ལྟར་གང་ཟག་གཅིག་གི་དབང་བསྒྱུར་ལམ་ལུགས་འོག་ཏུ་ལྟག་ལོག་རྒྱག་གི་ཡོད་པ་མཚོན་ཐུབ། ཕྱི་ཟླ་༡༠་པའི་ཚེས་༡༨་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། མི་གཅིག་གི་དབང་བསྒྱུར་ལམ་ལུགས་འོག་ཏུ་རྒྱ་ནག་ལ་འཕྲལ་ཕུགས་གཉིས་ཀྱི་དཀའ་ངལ་འཕྲད་རྒྱུ་དང་རྒྱ་ནག་གི་ལས་དོན་མཐའ་དག་གང་ཟག་གཅིག་གི་ཐག་གཅོད་ལ་བསྟུན་དགོས་ན་འཕྲལ་དུ་རྒྱལ་ཁབ་ཀྱི་བྱ་བ་ཆེ་ཕྲ་རྣམས་ཚགས་ཚུད་ཅིག་མི་འབྱུང་ཞིང་། ཕུགས་སུ་རྒྱལ་ནང་གི་སྲིད་ཇུས་བརྟན་པོ་མེད་པར་རྟག་ཏུ་གང་ཟག་གཅིག་གི་མོས་པར་བསྟུན་དགོས་པར་འགྱུར། ༢༠༡༢་ལོར་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་ནས་བཟུང་། རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ཁབ་དང་སྤྱི་ཚོགས་ལ་སྟངས་འཛིན་བྱ་རྒྱུ་ཇེ་དམ། རྒྱ་ནག་གཞུང་གིས་འབྱོར་ལྡན་པ་ཚོར་སྟངས་འཛིན་དང་གྲངས་ཉུང་མི་རིགས་ཁག་བཙན་གྱིས་རྒྱ་མི་རིགས་ཀྱི་ཁོངས་སུ་ཐིམ་དུ་འཇུག་རྒྱུ། སྲིད་དོན་གྱི་ལྟ་བ་མི་མཐུན་པ་རྣམས་རྩ་མེད་དང་ནུབ་ཕྱོགས་གཙོ་བོར་གྱུར་པའི་ཕྱི་རྒྱལ་གྱི་ལྟ་གྲུབ་ལ་འགོག་རྒོལ། ༡༩༧༨་ལོར་རྒྱ་ནག་ལ་སྒོ་འབྱེད་འགྱུར་བཅོས་ཀྱི་སྲིད་ཇུས་ལག་ལེན་བསྟར་པ་མ་འགྲིག་པ་རེད། རྒྱ་ནག་ཨུ་རུ་རུ་དམར་ཤོག་ལྟར་ཁ་འཐོར་འགྲོ་སྲིད་པ་འགོག་དགོས་ན་ངེས་པར་དུ་གང་ཟག་གཅིག་གིས་སྲིད་དབང་འཛིན་དགོས་པའི་དམིགས་ཡུལ་བཅངས་ཏེ་པའོ་ཤི་ལེ་དང་དབྱང་ཧྲང་ཁུང་སོགས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་རྣམས་བཙོན་དུ་བཅུག ༢༠༡༧་ལོར་ཚོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་ཐོག་ཏུ་ཞིས་ཅིན་ཕིང་ལ་རྗེས་འཛིན་པ་ཞིག་བསྐོ་བཞག་མ་བྱུང་། ད་ལྟ་ཁོ་པ་རྒྱ་ནག་གི་གོང་མ་ལྟར་མི་ཚེ་ཧྲིལ་པོར་སྲིད་དབང་འཛིན་རྒྱུའི་ལམ་ཕྱོགས་སུ་སྐྱོད་ཀྱི་འདུག་ཅེས་བསྟན།།

དེང་སྐབས་ཕྱོགས་གང་ནས་བལྟས་ཀྱང་རྒྱ་ནག་ནི་གང་ཟག་གཅིག་གི་དབང་བསྒྱུར་དང་སྲིད་དོན་ཚོགས་པ་གཅིག་གིས་དབང་བསྒྱུར། མའོ་ཙེ་ཏུང་གི་དུས་སྐབས་ཀྱི་རྒྱ་ནག་དང་ཕུ་ཊིན་གྱི་དབང་བསྒྱུར་འོག་ཏུ་ཚུད་པའི་ད་ལྟའི་ཨུ་རུ་སུ་ལྟ་བུ་ཞིག་ལ་འགྱུར་གྱི་ཡོད་ཅིང་། ཏིང་ཞའོ་ཕིང་གིས་རྒྱ་ནག་གི་འགོ་ཁྲིད་ཚོ་མཉམ་འབྲེལ་ཐོག་ཏུ་འཛིན་སྐྱོང་བྱ་དགོས་པའི་ལམ་ལུགས་ཤིག་གསར་གཏོད་བྱས་པ་ནི་བྱུང་རབས་ཀྱི་ལེའུ་ཞིག་ཏུ་གྱུར། ད་ནས་རྒྱ་ནག་གི་གཤམ་འོག་གི་ལས་སྣེ་ཚོས་ཆེས་མཐོའི་འགོ་ཁྲིད་དེར་རྒྱལ་ནང་གི་དངོས་ཡོད་གནས་སྟངས་རྣམས་སྙན་སེང་ཞུ་མི་ཕོད་པ་དང་གང་ཟག་གཅིག་གི་རྣམ་དཔྱོད་དེར་འཁྲུལ་བ་མི་འདུག་ཅེས་སྤྲེལ་ལད་འཁྲབ། བླ་ན་མེད་པའི་ཆེས་མཐོའི་འགོ་ཁྲིད་དེས་ཀྱང་རང་གི་ལྟ་བ་དང་སྲིད་ཇུས་རྣམས་ཡང་དག་པ་ཞིག་ཏུ་རློམ་སྟེ་འཕྲུལ་སྣང་བྱུང་སྟེ་རྒྱ་ནག་གི་ལས་དོན་ཁག་ལ་ནོར་འཁྲུལ་འབྱུང་རྒྱུ་ལྡོག་ཐབས་བྲལ། གང་ཟག་སྒེར་ལ་བཀུར་བསྟོད་བྱེད་པའི་ལམ་ལུགས་ཤིག་བཙུགས་པའི་རྗེས་སུ་ཞིས་ཅིན་ཕིན་ནམ་ཡང་སྲིད་སྟེགས་ནས་འབབ་མི་སྲིད། དཔེར་ན་ཐོག་མར་ཕུ་ཊིན་རྩིས་ལོག་ཐེབས་ནས་ཡུཀ་རེན་ལ་བཙན་འཛུལ་གྱི་དམག་འཁྲུག་བསླངས། ད་ལྟ་ཁོ་པར་ཕྱི་ནུར་རྒྱག་ས་མེད་པར་དམག་འཁྲུག་གི་ཛ་དྲག་ཆེ་རུ་གཏོང་གི་ཡོད་པ་ཇི་བཞིན་ཞིས་ཅིན་ཕིང་གིས་ཀྱང་རང་གི་སྲིད་དབང་སྲ་བརྟན་གཏོང་བར་ཕུ་ཊིན་གྱི་ལམ་དེར་མི་བསྐྱོད་པའི་ངེས་པ་མེད། ད་སྔ་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཨུ་རུ་སུ་ལྟར་རུལ་སུངས་སུ་གྱུར་མེད་ཀྱང་ཕུ་ཊིན་ལ་རང་གི་འདོད་མོས་ལྟར་ཨུ་རུ་སུའི་ཆབ་སྲིད་ལམ་ལུགས་ཉམས་དམས་སུ་གཏོང་བར་ལོ་༢༥་མ་ཟིན་ཙམ་གྱི་གོ་སྐབས་ཐོབ། ཞིས་ཅིན་ཕིང་གིས་ཏང་སྲིད་དམག་གི་སྲིད་དབང་བཟུང་ནས་ལོ་བཅུ་ལས་ཕྱིན་མེད། ཡིན་ནའང་ཞིས་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་རྩ་འགོག་གི་སྲིད་ཇུས་ཤིག་ཨུ་ཚུགས་ཀྱིས་རྒྱུན་འཁྱོངས་དང་རྒྱ་ནག་གི་འགོ་ཁྲིད་ཚོའི་གྲས་སུ་ཞིས་ཅིན་ཕིང་གི་སྲིད་ཇུས་ལ་དོགས་སློང་ཙམ་ཡང་བྱེད་ཐུབ་ཀྱི་མེད་པ་དེ་ལ་བལྟས་ཚེ། ཕུ་ཊིན་དང་ཞིས་ཅིན་ཕིང་གཉིས་ལམ་ཕྱོགས་གཅིག་ལ་སྐྱོད་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད་ཅེས་གནས་ཚུལ་སྤེལ་འདུག

སྲིད་དོན་ཉམས་ཞིབ་པ་ཚོས་ཨེ་ཤི་ཡའི་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། རྒྱལ་ཁབ་གཅིག་གི་ཆབ་སྲིད་ལམ་ལུགས་ཉམས་ནས་གང་ཟག་སྒེར་ལ་བཀུར་བསྟོད་བྱེད་པའི་ལམ་ལུགས་ཤིག་ཚུགས་ན་དེ་ལ་གནོད་སྐྱོན་མང་དུ་འབྱུང་། སྲིད་གཞུང་གི་འཛིན་སྐྱོང་ལམ་ལུགས་རྣམ་རྟོག་ཅན་གྱི་གང་ཟག་སྒེར་པ་དེའི་དགའ་མིན་དགའ་ཕྱོགས་ལ་བསྟུན་ནས་སྲིད་ཇུས་བརྟན་པོ་ཞིག་ལག་བསྟར་བྱེད་དཀའ། རྒྱལ་ཁབ་ཀྱི་སྲིད་ཇུས་རྣམས་རྒྱལ་པོ་ལྟ་བུའི་འགོ་ཁྲིད་དེའི་མོས་ཕྱོགས་འབའ་ཞིག་ལ་བསྟུན་དགོས་པ་དང་འགོ་ཁྲིད་དེའི་ཁ་གཏད་པ་རྣམས་ནག་པོ་བཟོ་ཐབས་ཁོ་ནར་ནུས་པ་འདོན། ཌོ་ནལ་ཊམ་གྱི་དབང་བསྒྱུར་དུས་སུ་ཨ་མི་རི་ཀར་དེ་ལྟར་བྱུང་བ་དང་དུས་རབས་སྔོན་མའི་ལོ་རབས་༦༠་པ་དང་༧༠་པའི་ནང་དུ་རྒྱ་ནག་ལ་མའོ་ཙེ་ཏུང་གཅིག་པུར་བཀུར་བསྟོད་ཀྱི་ལམ་ལུགས་ཤིག་ཚུགས་ཏེ་ཆག་སྒོ་ཆེན་པོ་བསླངས་པར་མ་ཟད། མའོ་ཙེ་ཏུང་གི་རྗེས་འཛིན་པར་བསྐོ་བཞག་བྱས་པའི་མི་གཉིས་ལའང་རྐྱེན་ངན་ཆེན་པོ་བྱུང་ཞིང་། ལིའུ་ཧྲའོ་ཆི་ལ་རིག་གནས་གསར་བརྗེའི་དུས་སུ་དམར་སྲུང་དམག་གིས་འཐབ་འཛིང་བྱས་ནས་མཐའ་མཇུག་གི་བཙོན་ཁང་གི་རྡོ་འཁྱག་སྟེང་དུ་སྨན་བཅོས་ཀྱི་མཐུན་རྐྱེན་མ་སྦྱར་བར་གྲོངས། ལིན་པིའོ་ནི་སྲིད་འགྱུར་བྱས་ཏེ་ལམ་ལྷོངས་མ་བྱུང་བར་ཨུ་རུ་སུར་བྲོས་ནས་ས་མཚམས་སུ་གནམ་གྲུ་བརྡབས་ཏེ་ཤི་བ་རེད་ཟེར། ལོ་རབས་༧༠་པའི་མཇུག་དེར་ཏིང་ཞའོ་ཕིང་གིས་རྒྱ་ནག་གི་འགོ་ཁྲིད་ཧྭ་གོ་ཧྥེང་ཟུར་དུ་ཕུད། ༡༩༨༩་ལོར་རྒྱ་ནག་གི་སློབ་ཕྲུག་ཚོས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་དམངས་གཙོའི་ལས་འགུལ་བསླངས་པའི་རྗེས་སུ་འགྱུར་བཅོས་ཀྱི་ལྟ་བ་འཛིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲའོ་ཙི་དབྱང་གནས་དབྱུང་བཏང་སྟེ་མ་ཤི་བར་དུ་བཟང་བཙོན་ལ་བཅུག ཧྭ་གོ་ཧྥིང་དང་ཀྲའོ་ཙི་དབྱང་བསད་མེད་ཀྱང་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོར་དབང་རྩོད་བྱུང་ན་ཁྲག་དྲི་བྲོ་བའི་ཆག་སྒོ་དང་ཁ་ཆག་སྣ་རལ་འབྱུང་གི་ཡོད་པ་ཐེར་འདོན་བྱས་ནས་གནས་ཚུལ་སྤེལ་འདུག

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ༢༠༡༥་ལོར་ཞིས་ཅིན་ཕིང་གིས་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་ཀྲུག་ཡུན་ཁང་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད། ད་ལོའི་ཕྱི་ཟླ་༩་པའི་ཚེས་༢༣་ཉིན་རྒྱ་ནག་གི་སྤྱི་བདེ་ལྷན་ཁང་གི་བློ་ཆེན་གཞོན་པ་ཟུར་པ་སུན་ལི་ཅུན་ལ་ལོ་གཉིས་ངང་འཐེན་གྱི་སྲོག་ཁྲིམས་བཅད། འདས་པའི་ལོ་བཅུ་ཕྲག་གཅིག་གི་རིང་ཞིས་ཅིན་ཕིང་གིས་རང་གི་ཆབ་སྲིད་ཀྱི་ཁ་གཏད་པ་འབུམ་ཕྲག་འགའ་ཞིག་ལ་ལྐོག་ཟ་དང་རུལ་སུངས། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ལ་འགལ་འཛོལ་བྱུང་བའི་ནག་ཉེས་འདྲ་མིན་ཞིག་བཙུགས་ནས་གནས་དབྱུང་དང་འཛིན་བཟུང་། བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པའི་ཐོག་ཏུ་དམར་ཤོག་ཚོགས་མི་སུ་ཞིག་གིས་ཆེས་མཐོའི་འགོ་ཁྲིད་དེར་ཁ་གཏད་གཅོག་རྒྱུའི་ངན་ཇུས་བཤམས་ན་མི་དེའི་གོ་གནས་ཙམ་མིན། ཐ་ན་མི་དེའི་ཚེ་སྲོག་ལའང་ཉེན་ཁ་འབྱུང་རྒྱུའི་ཉེན་བརྡ་གཏོང་གི་ཡོད་པའི་རྟགས་མཚན་ཐོན། རྒྱ་ནག་ལམ་ཕྱོགས་དེར་ཅི་ཙམ་མདུན་སྐྱོད་བྱས་ན་རིམ་གྱིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་སྔར་ལས་གདུག་རྩུབ་ཆེ་བ་ཞིག་ཏུ་འགྱུར་ཤས་ཆེ། ཞིས་ཅིན་ཕིང་གིས་གྷོར་བྷ་ཆོབ་ཀྱི་དུས་སུ་ཨུ་རུ་སུའི་དམར་ཤོག་ལམ་ལུགས་འཐོར་ཞིག་སོང་བ་ལྟར་རྒྱ་ནག་ལ་འབྱུང་དུ་མི་འཇུག་རྒྱུའི་ཤུགས་སྣོན་རྒྱག་གི་ཡོད་མོད། འོན་ཀྱང་ཞིས་ཅིན་ཕིང་གི་འབད་བརྩོན་དེ་བསམ་བཞིན་བྱས་པ་ཡིན་མིན་ལ་ཁྱད་པར་མེད། གང་ལྟར་ཁོ་པས་རྒྱ་ནག་ལ་མའོ་ཙེ་ཏུང་གི་མུན་ནག་གི་དུས་སྐབས་དང་ད་ལྟའི་ཕུ་ཊིན་གྱི་དབང་བསྒྱུར་འོག་གི་ཨུ་རུ་སུའི་སྲིད་དབང་སྒེར་གཅོད་ལམ་ལུགས་བསྐྱར་ཟློས་བྱེད་དུ་འཇུག་གི་ཡོད་པ་གཅིག་མཚུངས་རེད་ཅེས་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༡༠་པའི་ཚེས་༡༨་ཉིན་ཨ་མི་རི་ཀས་ཨེན་བྷི་སི་གསར་འགྱུར་ལས་ཁང་ནས་ཞིས་ཅིན་ཕིང་གིས་རྒྱལ་ནང་དུ་སྲིད་དབང་སྒེར་གཅོད་ལམ་ལུགས་སྲ་བརྟན་གཏོང་གི་ཡོད་པ་དང་ཕྱི་ལ་ཤུགས་རྐྱེན་ཁྱབ་ཐུབ་པའི་འབད་བརྩོན་བྱེད་ཀྱི་འདུག དེ་ནི་ཨ་རིས་འགོ་ཁྲིད་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འགལ་ཟླ་སློང་རྒྱུའི་སྔ་ལྟས་རེད། ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་སྒོ་འབྱེད་ཀྱི་གཏམ་བཤད་ནང་དུ་ཐེ་ཝན་དང་ཧོང་ཀོང་། ཏོག་དབྱིབས་ནད་དུག་རྩ་འགོག་གི་སྲིད་ཇུས་ལ་འགྱུར་བ་མེད། རྒྱ་ནག་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འགྲན་སྡུར་དང་ཁ་གཏད་གཅོག་རྒྱུ་དེར་འཛེམ་ཟོན་བྱ་རྒྱུ་མིན་ཞེས་གསལ་བཀྲོལ་བྱུང་ཞིང་། ཁོ་པས་ང་ཚོས་རང་གི་དཀའ་ངལ་རྣམས་ངོས་ཟིན་ནས་གཞི་རྩའི་བསམ་བློ་གཏོང་ཕྱོགས་དེར་འགྱུར་བ་མེད་པར་གནས་དགོས། ང་ཚོས་ཞི་བདེའི་དུས་སུ་དཀའ་ངལ་དང་དྲག་ཆར་རླུང་འཚུབ་ལ་གདོང་ལེན་བྱེད་ཐུབ་པའི་གྲ་སྒྲིག་བྱ་དགོས་ཞེས་ནན་བརྗོད་བྱས་སོང་། གཅིག་བྱས་ན་ཞིས་ཅིན་ཕིང་གིས་རང་ལ་རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་གྱི་མཚན་གནས་སྤྲོད་སྲིད། དེ་ལྟར་བྱུང་ན་༡༩༤༩་ནས་༧༦་བར་དུ་མའོ་ཙེ་ཏུང་གིས་ལོ་༢༧་ལ་སྲིད་དབང་བཟུང་བའི་རིང་དེར་རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་གྱི་གོ་གནས་བཟུང་བ་དང་གཅིག་མཚུངས་སུ་འགྱུར་རྒྱུ་རེད་ཅེས་གནས་ཚུལ་སྤེལ། ཨོ་གླིང་གི་ལོ་ཝི་ཞིབ་འཇུག་ཁང་གིས་ཤར་ཨེ་ཤི་ཡའི་ཉམས་ཞིབ་པ་མེཀ་གྷེ་རེ་གྷོར་ཞེས་པ་ཞིག་གིས་ཞིས་ཅིན་ཕིང་གི་དཔལ་འབྱོར་སྲིད་ཇུས་དང་ཏོག་ནད་རྩ་འགོག་སྲིད་ཇུས། ཁོ་པས་རྒྱ་ནག་དམར་ཤོག་ཚོགས་པར་སྟངས་འཛིན་དང་ཆབ་སྲིད་ཀྱི་ཁ་ཕྱོགས་བཅས་པ་འགྲིག་གི་ཡོད་མེད་ལ་མ་ལྟོས་པར་གདེང་ཚོད་ཆེན་པོ་རྙེད་འདུག་ཅེས་བཀྲལ། ཞིས་ཅིན་ཕིང་གི་ལས་དུས་གསུམ་པ་འགོ་འཛུགས་འཆར་ཡོད་པའི་སྐབས་འདིར་རྒྱ་ནག་མི་དམངས་རྣམས་གང་ཟག་གཅིག་གི་དབང་བསྒྱུར་ལམ་ལུགས་ལ་ཞེན་པ་ལོག་ཡོད་པ་དང་རྒྱལ་ནང་དུ་ངོ་རྒོལ། རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ། རྒྱ་ནག་དང་ཡུ་རོབ་ཀྱི་འབྲེལ་བ། རྒྱ་དཀར་ནག་གི་འབྲེལ་བ། རྒྱ་ནག་དང་ཨོ་གླིང་གི་འབྲེལ་བ། ཐེ་ཝན་དང་རྒྱ་ནག་གི་འབྲེལ་བ། ཡུཀ་རེན་གྱི་དམག་འཁྲུག་དང་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་བཅས་ཀྱིས་ཞིས་ཅིན་ཕིང་གིས་དཀའ་ངལ་སྣ་མང་ཞིག་ལ་གདོང་ལེན་བྱ་དགོས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG