ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༢/༠༥/༡༨

རྒྱ་ནག་གི་ནད་འགོག་སྲིད་ཇུས་རྒྱུན་སྐྱོང་བྱེད་མི་ཐུབ་པའི་དཀའ་ངལ། 


༄༅།། རྒྱ་ནག་གི་ཞི་ཨན་གྲོང་ཁྱེར་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་གྲོང་ཁྱེར་དེར་སྒོ་རྒྱ་བསྡམས་ནས་གྲོང་མི་ཚོར་བཟའ་བཏུང་དང་ཉིན་རེའི་འཚོ་བའི་ཉེར་མཁོ་རྣམས་ཆད། ནད་པ་ཚོར་སྨན་བཅོས་བྱས་མ་ཐུབ་པར་མི་མང་རྣམས་འུ་ཐུག་གི་གནས་སུ་ལྷུང་སྟེ་ཁོང་ཁྲོས་བརྟས། རྒྱ་གཞུང་གི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་དགོས་པའི་སྲིད་ཇུས་དེ་ཞི་ཨན་གྲོང་ཁྱེར་གཞུང་གིས་རྒྱུན་འཁྱོངས་བྱེད་མི་ཐུབ་པའི་མཚམས་སུ་ལྷུང་རུང་རྒྱ་ནག་གིས་སྔར་བཞིན་མི་གྲངས་ས་ཡ་མང་པོར་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་དང་ཟུར་འགོག ནད་དུག་ཁྱབ་ཡུལ་ཁག་ལ་འགྲོ་འོང་འགོག་དགོས་པའི་སྲིད་ཇུས་ཨུ་ཚུགས་ཀྱིས་ལག་ལེན་བསྟར། ཁ་སྔོན་ཕྱི་ཟླ་༡༢་པ་ནས་ཞི་ཨན་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་སྒོ་རྒྱ་བསྡམས་པ་ནི་ཐོག་མར་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། རྒྱ་ནག་གི་ས་ཁུལ་གཞན་ལ་བྱུང་མྱོང་མེད་པའི་ཛ་དྲག་ཅིག་ཏུ་གྱུར། ཕྱི་ཟླ་དང་པོའི་ཚེས་༣་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༠་ལོའི་ཕྱི་ཟླ་༣་ནས་༢༠༢༡་གི་མཐའ་མཇུག་གཟའ་འཁོར་གཅིག་གི་རིང་དེར་ཞི་ཨན་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༦༠༠་ལྷག་བྱུང་། འདས་པའི་གཟའ་འཁོར་གཉིས་ཀྱི་སྔོན་ནས་ཞི་ཨན་གྲོང་ཁྱེར་གྱི་ཡུལ་མི་ས་ཡ་༡༣་བཙོན་པ་ལྟར་རང་ཁྱིམ་དུ་བཀག ཞི་ཨན་གྲོང་ཁྱེར་ནི་རྒྱ་ནག་གི་གནའ་ཤུལ་གྲགས་ཆེན་ཞིག་ཡིན་པས་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་ཡུལ་གཙོ་བོ་ཞིག་ཡིན་ཡང་ཉེ་དུས་ཤིག་ནས་གྲོང་ཁྱེར་དེའི་གནམ་ཐང་དང་མེ་འཁོར་འབབ་ཚུགས། སྲང་ལམ་སོགས་མི་མེད་ལུང་སྟོང་ལྟ་བུ་ཞིག་ཏུ་གྱུར་ཏེ་ཟ་ཁང་དང་ཚོང་ཁང་རྣམས་སྒོ་བརྒྱབ་ཡོད་པའི་གནས་ཚུལ་ཐོན་འདུག

སྲིད་གཞུང་གི་བཟའ་བཏུང་སྐྱེལ་མཁན།
སྲིད་གཞུང་གི་བཟའ་བཏུང་སྐྱེལ་མཁན།

དེ་རིང་གཟའ་ཟླ་བའི་ཉིན་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞི་ཨན་གྲོང་ཁྱེར་གྱི་གྲོང་མི་ཁག་ཅིག་མཚན་དཀྱིལ་དུ་རང་ཁྱིམ་ནས་ཟུར་འགོག་ཁང་དུ་བཙན་ཁྲིད་བྱས་པ་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ། ཞི་ཨན་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་ཆགས་པའི་མིང་ཏེ་༨་པའི་དབྱིང་ལི་གྲོང་གླིང་གི་མི་རྣམས་ཕྱི་ཟླ་དང་པོའི་ཚེས་༡་གི་མཚན་དཀྱིལ་དེར་རང་ཁྱིམ་ནས་ཟུར་འགོག་ཁང་དུ་བཙན་ཁྲིད་བྱས་འདུག་ཅེས་དྲྭ་ལམ་དུ་གནས་ཚུལ་སྤེལ། རྒྱ་ནག་གི་ས་གནས་གསར་ཁང་འགའ་ཞིག་གིས་ཞི་ཨན་གྲོང་ཁྱེར་གྱི་ཟུར་འགོག་ཁང་ཁག་ཅིག་གི་ནང་དུ་ནད་དུག་འགོས་ཡོད་མེད་གཉིས་ཀ་མཉམ་བསྲེས་བྱས་འདུག་ཅེས་བསྒྲགས། ད་སྔ་ཞི་ཨན་གྲོང་ཁྱེར་གྱི་ནད་དུག་འགོས་ཡོད་མེད་ཀྱི་མི་གྲངས་ཅི་ཙམ་མཉམ་བསྲེས་བྱས་མེད་གསལ་པོ་ཞིག་ཤེས་དཀའ། གྲོང་ཁྱེར་དེའི་ཡུལ་མི་ཞིག་གིས་གྲོང་གླིང་གཅིག་ཏུ་སྤྱི་སྤྱོད་རླངས་འཁོར་༣༠་ཐམ་པ་ཡོང་སྟེ་མི་གྲངས་སྟོང་ཕྲག་འགའ་ཞིག་ཁྲིད་སོང་ཞེས་གནས་ཚུལ་སྤེལ། དེ་བཞིན་དྲྭ་དམངས་ཁག་ཅིག་གིས་ང་ཚོ་ཆུ་ཚོད་མང་པོར་རླངས་འཁོར་ནང་དུ་བཅུག་ནས་སྒུག་བཅུག་སོང་། ཟུར་འགོག་ཁང་དུ་ཁྲིད་པ་དེ་དག་གི་གྲས་སུ་རྒན་གཞོན་བར་གསུམ་དང་སྦྲུམ་མ་སོགས་འདུག་ཅེས་གནས་ཚུལ་སྤེལ། རྒད་པོ་ཞིག་གིས་མཚན་མོར་དགུན་གྱི་གྲང་ངར་ཁྲོད་དུ་རླངས་འཁོར་ཐང་དུ་སྒུག་ཡོད་པའི་འདྲ་པར་ཞིག་དྲྭ་ལམ་དུ་ཐོན། མི་ཁག་ཅིག་གིས་ཟུར་འགོག་ཁང་དུ་གྲང་དྲགས་ཏེ་སྡོད་ཐབས་མི་འདུག་ཅེས་ཁང་པའི་ལོགས་སོགས་པར་བརྒྱབ་ནས་དྲྭ་ལམ་དུ་བཀྲམ། ཁོ་ཚོར་བཟའ་བཏུང་ཅི་ཡང་སྤྲོད་ཀྱི་མི་འདུག འདི་ན་མཐུན་རྐྱེན་ཅི་ཡང་མེད་པ་དང་ང་ཚོར་ལྟ་རྟོག་བྱེད་མཁན་སུ་ཡང་མི་འདུག འདི་ནི་ཟུར་འགོག་ཁང་ཞིག་རེད་ཅེས་འཁང་ར་བཤད།།

ཞི་ཨན་གྲོང་ཁྱེར་གྱི་དྲྭ་དམངས་ཚོས་ང་ཚོ་རང་ཁྱིམ་དུ་བདུན་ཕྲག་གཉིས་ལ་བཀག་སོང་། ད་ནི་མཚན་དཀྱིལ་དུ་ཟུར་འགོག་ཁང་ལ་འཁྲིད་དགོས་ཀྱི་འདུག་གམ། བདུན་ཕྲག་སྔོན་མ་ནས་ཞི་ཨན་གྲོང་ཁྱེར་གྱི་ཡུལ་མི་ཚོ་བཟའ་བཏུང་ཉོ་རུ་ཕྱི་ལ་འབུད་མི་ཆོག་པར་ས་གནས་སོ་སོའི་ནད་འགོག་སྐོར་གཡེང་བ་ཚོས་ཁྱིམ་ཚང་ཁག་གི་སྒོ་འགྲམ་དུ་བཟའ་བཏུང་ཅུང་ཙམ་སྐྱེལ་འགོ་ཚུགས། གཟའ་མཇུག་དེར་སྐྱེས་པ་ཞིག་ལྟོགས་ནས་གོ་རེ་རླངས་འཚོས་ཞིག་ཉོ་རུ་སོང་སྟེ་ནད་འགོག་སྐོར་གཡེང་བས་རྡུང་རྡེག་བཏང་བའི་འདྲ་པར་དང་བརྙན་ཐུང་རྣམས་དྲྭ་ལམ་དུ་ཁྱབ། ཕྱིས་སུ་ཞི་ཨན་གྲོང་ཁྱེར་གཞུང་གིས་ནད་འགོག་སྐོར་གཡེང་བ་དེར་ཉེས་ཆད་བཅད་པ་ཡིན་ཟེར། ཞི་ཨན་གྲོང་ཁྱེར་གྱི་སློབ་ཕྲུག་ཁག་ཅིག་རྒྱལ་ཡོངས་ཡིག་རྒྱུགས་ལ་ཞུགས་པའི་རྗེས་སུ་རང་ཁྱིམ་དུ་ལོག་མ་ཐུབ་པར་རྒྱུགས་སྤྲོད་ཁང་དུ་ལུས། སློབ་ཕྲུག་ཅིག་གིས་བདུན་ཕྲག་གཉིས་ཀྱི་རིང་དུ་ཤོག་ཕོར་ནང་གི་ཐུག་པ་སྐམ་པོ་ཆུ་ཁོལ་ལ་སྦང་ནས་འཐུངས་པ་ཡིན། ད་ནི་ཐུག་སྐམ་ཤོག་ཕོར་ལྔ་མ་གཏོགས་ལྷག་མེད་ཅེས་གསར་འགོད་པར་བཤད། བདུན་ཕྲག་སྔོན་མ་ནས་ཞི་ཨན་གྲོང་ཁྱེར་གཞུང་གིས་མི་མང་ལ་བཟའ་བཏུང་སྐྱེལ་རྒྱུ་ཡིན་ཞེས་ཁས་བླངས། གྲོང་མི་མང་དག་ཅིག་གིས་སྲིད་གཞུང་གིས་སྒོ་འགྲམ་དུ་བཟའ་བཏུང་བསྐྱལ་བར་བཀའ་དྲིན་ཆེ། དོ་དགོང་གི་དགོང་ཟས་འཕྲོད་སོང་ཞེས་ཤོག་ཕོར་ནང་གི་ཐུག་སྐམ་སྤྲད་ཡོད་པ་རྣམས་པར་བརྒྱབ་སྟེ་སྐད་འཕྲིན་ནང་དུ་བཀྲམ། རྒྱ་ནག་གི་འགོས་ནད་བཀག་སྡོམ་ཁང་གི་ལས་སྣེ་ཀྲང་ཚཱན་ཡུག་གིས་ཞི་ཨན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་མགོ་འཇོམས་ཀྱི་ཡོད་པའི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་མཐོང་གི་འདུག་ཅེས་བཤད།།

ཞི་ཨན་གྲོང་ཁྱེར་དུ་བརྟག་དཔྱད་བྱ་རྒྱུར་སྒུག་པའི་མི་མང་།
ཞི་ཨན་གྲོང་ཁྱེར་དུ་བརྟག་དཔྱད་བྱ་རྒྱུར་སྒུག་པའི་མི་མང་།

ཞི་ཨན་གྲོང་ཁྱེར་གྱི་ཡུལ་མི་ཞིག་གིས་ཝི་པོ་དྲྭ་ཚིགས་སུ་མི་ཚོས་འཚང་ཁ་བརྒྱབ་ནས་བཟའ་བཏུང་ཉོས་པའི་སྐབས་དེར་ངས་མི་དེ་ཚོས་བླུན་རྟགས་སྟོན་གྱི་འདུག་བསམས་མྱོང་། ད་ལྟ་བཟའ་བཏུང་ཆད་ནས་དཀའ་ངལ་འཕྲད་ཀྱི་ཡོད་པར་བསམ་བློ་བཏང་ན་ངས་སྐབས་དེར་བཟའ་བཏུང་མ་ཉོས་པར་གཞུང་ལ་ཡིད་ཆེས་བྱས་པ་གླེན་རྟགས་རེད་འདུག་ཅེས་འགྱོད་པ་སྐྱེས་པའི་འཕྲིན་ཐུང་ཞིག་སྤེལ། ཁ་སང་གཟའ་ཉི་མར་ཞི་ཨན་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༢༢་ཐོན་པ་དང་དེ་རིང་གཟའ་ཟླ་བའི་ཉིན་ནད་པ་གསར་པ་༩༠་ཐོན། ༢༠༢༠་ལོའི་མགོ་སྟོད་དེར་རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་གྱི་མི་གྲངས་ས་ཡ་༡༡་རང་ཁྱིམ་དུ་བཀག་པ་ལྟར་དེང་སྐབས་ཞི་ཨན་གྲོང་ཁྱེར་ལ་སྒོ་རྒྱ་བསྡམས་པ་དང་ཟུར་འགོག མི་གྲངས་ས་ཡ་མང་པོར་བརྟག་དཔྱད་ཐེངས་ལྔ་རེ་བྱས་པ་དང་འགྲིམ་འགྲུལ་རྣམས་མཚམས་བཅད། རྒྱ་ནག་གི་ནད་འགོག་ཐབས་ཇུས་དེར་མི་དམངས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་ས་གནས་མང་དག་ཅིག་ལ་ཏོག་དབྱིབས་ནད་དུག་མུ་མཐུད་དུ་ཁྱབ་གདལ་འགྲོ་བ། ད་དུང་རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཀྱིས་ནད་དུག་འགོག་ཐུབ་ཀྱི་མེད་པས་རྒྱ་ནག་མི་དམངས་ཀྱིས་གཞུང་གི་ནད་འགོག་སྲིད་ཇུས་དེར་ཕན་ཐོགས་མེད་པ་དང་ཐབས་ཇུས་དེ་དུས་ཡུན་ཅི་ཙམ་ལ་རྒྱུན་འཁྱོངས་བྱེད་ཐུབ་མིན། རྒྱ་ནག་གིས་ཅིའི་ཕྱིར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་ཤིག་རྒྱུན་སྐྱོང་བྱེད་ཀྱི་ཡོད་པ་རེད་ཅེས་དོགས་གཅོད་བྱེད་དགོས་པ་ཞིག་ཏུ་གྱུར། རྒྱ་ནག་གཞུང་གིས་ཕྱི་ཟླ་༢་པའི་ལོ་སར་གྱི་འགྲིམ་འགྲུལ་དང་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གཉིས་ལ་བར་ཆད་མི་འབྱུང་བའི་ཆེད་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཁྲིམས་རྣམས་སྔར་ལས་ལག་ལེན་བསྟར་རྒྱུ་ཤུགས་ཆེ་རུ་བཏང་ནས་དམ་དྲག་དང་བཀག་སྡོམ་འབའ་ཞིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་དང་པོའི་ཚེས་༣་ཉིན་ཧྥོབ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་བར་དུ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་་འགོས་ནས་མི་༨༢༥༠༠༠་ལྷག་འཆི་སྐྱོན་ཕོག རྒྱ་ནག་གཞུང་གིས་མི་༤༦༣༦་ལ་མ་གཏོགས་འཆི་སྐྱོན་བྱུང་མེད་ཅེས་གཞི་གྲངས་ཤིག་བཏོན། ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ནི་རྒྱ་ནག་ལས་བརྒྱ་ཆ་༨༠༠་མང་བ་འདུག ནུབ་ཕྱོགས་ཀྱི་གསར་འགྱུར་ལས་ཁང་ཁག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་གཞི་གྲངས་ཤིག་སྤེལ་བ་ལུང་འདྲེན་བྱེད་ཀྱི་ཡོད་པར་ཡིད་རྟོན་དཀའ་ཞེས་གནས་ཚུལ་སྤེལ། རྒྱལ་སྤྱིའི་བདུན་རེའི་དཔལ་འབྱོར་དུས་དེབ་ཀྱིས་ཞིབ་འཇུག་སྙན་ཐོ་ཁག་ལ་གཞི་བཅོལ་ནས་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་འགོས་ནས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་བརྒྱ་༡༧༠༠༠་ཉུང་བ་ཕྱིར་བསྒྲགས་བྱས་འདུག དོན་དངོས་སུ་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་གྲངས་ས་ཡ་༡་དང་འབུམ་༧་ཡས་མས་ཤིག་ལ་འཆི་སྐྱོན་བྱུང་འདུག ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་གི་འཆི་སྐྱོན་བྱུང་བ་ལས་ཀྱང་ལྡབ་གཉིས་མང་བ་རེད། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་ཞིབ་འཇུག་བྱེད་དུ་འཇུག་གི་མེད་པ་དང་སྨན་ཁང་ནང་དུ་ནད་པ་ཅི་ཙམ་ལ་སྨན་བཅོས་བྱས་ཡོད་པའི་ཁ་གྲངས་ཕྱིར་བསྒྲགས་མ་བྱས་པར་གསང་བ་བྱེད་ཀྱི་ཡོད་པ། རྒྱལ་སྤྱིའི་ཆེད་ལས་མཁས་པ་ཚོར་མཉམ་འབྲེལ་བྱེད་ཀྱི་མེད་པ་བཅས་ཀྱི་རྒྱུ་མཚན་ཅི་རེད། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲངས་ཚད་རྫུན་བཟོ་བྱེད་ཀྱི་ཡོད་པ་དང་མི་མང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་ཉུང་དུ་བཏང་སྟེ་གཞི་གྲངས་རྫུན་བཟོ་བྱེད་ཀྱི་ཡོད་པར་བལྟས་ན་རྒྱ་ནག་གི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་དང་འཆི་སྐྱོན་གྱི་གྲངས་འབོར་རྣམས་རྫུན་བཟོ་བྱས་ཡོད་པ་ཚོད་དཔག་ཐུབ་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG