ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཧྲི་ཅ་ཀྲོང་གྲོང་ཁྱེར་ལ་ནད་དུག་ཁྱབ་སྟེ་འགྲོ་འོང་བཀག་སྡོམ།


བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་ནད་དུག་ཡོད་མེད་ཀྱི་བརྟག་དཔྱད་བྱེད་བཞིན་པ།

༄༅།། རྒྱ་ནག་བྱང་ཕྱོགས་ཀྱི་ཧི་པེ་ཞིང་ཆེན་གྱི་མི་འབོར་༡༡༠༠༠༠༠༠་་ཡོད་པའི་ཧྲི་ཅ་ཀྲོང་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་འགྲོ་འོང་བཀག་སྡོམ་བྱས་ཡོད་པའི་གནས་ཚུལ་ཐོན། འདི་ནི་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་པའི་རྗེས་སུ་སླར་ཡང་རྒྱ་ནག་གི་ས་གནས་ཤིག་ལ་ནད་ཡམས་ཁྱབ་གདལ་བྱུང་བ་ཆེས་ཛ་དྲག་ཅན་དང་ཉེན་ཚབས་ཆེ་ཤོས་ཤིག་ཏུ་གྱུར། ཧྲི་ཅ་ཀྲོང་གྲོང་ཁྱེར་ནི་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་བར་ཐག་ཉེ་བོ་ཡོད་པས་གྲོང་ཁྱེར་དེ་ནས་པེ་ཅིང་ལ་གནམ་གྲུ་དང་མེ་འཁོར། སྤྱི་སྤྱོད་རླངས་འཁོར་བཅས་ཀྱི་འགྲིམ་འགྲུལ་ཁག་ཡོངས་སུ་བཀག་སྟེ་ཧྲི་ཅ་ཀྲོང་ཁྱེར་གྱི་ཡུལ་མི་རྣམས་པེ་ཅིང་ལ་ཡོང་མི་ཆོག་ཅེས་འགྲོ་འོང་བཀག ད་ལོའི་དགུན་དུས་འདིར་རྒྱ་ནག་ལ་སླར་ཡང་ནད་ཡམས་ཁྱབ་གདལ་འགྲོ་སྲིད་པའི་འཇིགས་སྣང་གིས་ནད་ཡམས་སྔོན་འགོག་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་མི་༡༡༧་ལ་ཏོག་དབྱིབས་ནད་དུག་འགོས། མི་༦༧་ལ་ནད་དུག་འགོས་པའི་ཡོད་པའི་ནད་རྟགས་ཐོན། དེ་ནས་རྒྱ་ནག་རྒྱལ་ཡོངས་སུ་བརྟག་དཔྱད་བྱས་ནས་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་མི་༡༢༣་ཡོད་པ་ཤེས་རྟོགས་བྱུང་། འདི་ནི་ན་ནིང་ཕྱི་ཟླ་༡༠་པ་ནས་རྒྱ་ནག་ལ་ནད་ཡམས་བསྐྱར་དུ་ཁྱབ་གདལ་བྱུང་བའི་གྲངས་འབོར་ཆེས་མང་ཤོས་སུ་གྱུར། ཁ་སང་གཟའ་ཕུར་བུའི་ཉིན་ཧྲི་ཅ་ཀྲོང་གྲོང་ཁྱེར་ལ་སླར་ཡང་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་གསར་པ་༦༦་བྱུང་། ༢༠༢༡་ལོའི་ཕྱི་ཟླ་དང་པོའི་ཚེས་༢་ནས་ཧྲི་ཅ་ཀྲོང་གྲོང་ཁྱེར་གཙོ་བོར་གྱུར་པའི་ཧི་པེ་ཞིང་ཆེན་ནང་་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༣༠༤་བྱུང་འདུག་ཅེས་ཧི་པེ་ཞིང་ཆེན་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་འདུག ཧི་པེ་ཞིང་ཆེན་གྱི་ཧྲི་ཅ་ཀྲོང་གྲོང་ཁྱེར་ནས་པེ་ཅིང་ལ་དབྱིན་ལེ་༡༨༠་ལས་མེད་པ་སྟེ། རླངས་འཁོར་བཏང་ན་ཆུ་ཚོད་གསུམ་དང་མྱུར་མགྱོགས་མེ་འཁོར་བསྡད་ན་དུས་ཡུན་ཆུ་ཚོད་གཅིག་གི་ལམ་ཐག་ལས་མེད་པས་པེ་ཅིང་ལའང་ཧྲི་ཅ་ཀྲོང་གྲོང་ཁྱེར་ནས་ཡོང་བའི་འགྲུལ་པ་ཚོས་ནད་ཡམས་ཁྱབ་གདལ་བཏང་ཡོད་མེད་རྩད་གཅོད་བྱས་ནས་དོགས་ཟོན་བྱེད་འགོ་ཚུགས།།

ཁ་སང་གཟའ་ཕུར་བུའི་ཉིན་པེ་ཅིང་གྲོང་ཁྱེར་གཞུང་གིས་དུས་ཡུན་གང་འཚམ་ཞིག་གི་རིང་དེར་ཛ་དྲག་ཆེན་པོ་མིན་ཚེ། ཧི་པེ་ཞིང་ཆེན་གྱི་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་རླངས་འཁོར་གཅིག་ཀྱང་པེ་ཅིང་གྲོང་ཁྱེར་དུ་ཡོང་མི་ཆོག་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཧྲི་ཅ་ཀྲོང་གྲོང་ཁྱེར་ནང་ཁུལ་དུའང་མི་ཚོགས་འདུ་འཛོམ་དང་ཚོང་ལས་བཀག་སྡོམ། སློབ་གྲྭ་ཁག་སྒོ་བརྒྱབ། གྲོང་གླིང་དང་གྲོང་གསེབ་ཁག་གི་མི་མང་རྣམས་རང་ཁྱིམ་དུ་འཛུལ་ནས་ཕྱི་ལ་འབུད་མི་ཆོག་ཅེས་བཀག ན་ནིང་ཕྱི་ཟླ་༣་པར་རྒྱ་ནག་གིས་སྤྱི་ཡོངས་ཀྱི་ཆ་ནས་ཏོག་དབྱིབས་རིམས་ནད་ཁྱབ་རྒྱུ་འཇོམས་ཐུབ་པ་ནས་བཟུང་། ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སྔོན་འགོག་བྱེད་པར་འགྲོ་འོང་བཀག་སྡོམ་དམ་པོ་འདི་འདྲ་ཞིག་བྱས་མྱོང་མེད་ཅིང་། ད་ལྟ་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་མི་མང་ལ་༢༠༡༩་ལོའི་ཕྱི་ཟླ་༡༢་ནས་ཟླ་ཤས་རིང་དུ་ཝུ་ཧན་གྲོང་ཁྱེར་གྱི་མི་དམངས་རྣམས་བཙོན་པ་ལྟར་རང་ཁྱིམ་དུ་བཀག་པ་ལྟར་ཧྲི་ཅ་ཀྲོང་གྲོང་ཁྱེར་ལའང་བཀག་སྡོམ་གཅིག་མཚུངས་ཤིག་འབྱུང་སྲིད་པའི་འཇིགས་སྣང་ཆེན་པོ་ཡོང་གི་ཡོད་པར་མ་ཟད། ད་ལོ་ཡང་རྒྱ་ནག་གི་ལོ་སར་དུས་སུ་བཟའ་མི་ལྷན་འཛོམ་དང་དགའ་དགའ་སྤྲོ་སྤྲོའི་འདུ་འཛོམ་བྱེད་ཐུབ་རྒྱུ་མིན་པའི་སྐྱོ་སྣང་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས་སུ་ཉུང་མཐར་ཡང་མི་གྲངས་དུང་ཕྱུར་རེ་ཟུང་ཞིག་རྒྱ་ནག་གི་གྲོང་ཁྱེར་ཁག་ནས་ཕ་མ་བུ་ཕྲུག་དང་ཉེ་དུ་སོགས་ལ་ཐུག་འཕྲད་དུ་གྲོང་གསེབ་ཁག་ལ་སྐྱོད་པའི་འགྲིམ་འགྲུལ་གྱི་དུས་སྐབས་ཡིན་ཞིང་། དེར་བརྟེན་ལོ་སར་གྱི་འགྲིམ་འགྲུལ་ནི་མི་ཚོགས་འདུ་འཛོམ་དང་ནད་ཡམས་ཁྱབ་གདལ་གཏོང་བའི་དུས་སྐབས་ཤིག་ཀྱང་ཡིན་འདུག

ན་ནིང་རྒྱ་ནག་གི་ལོ་སར་སླེབས་པར་ཉི་མ་གཅིག་ལས་མེད་པའི་མཚམས་སུ་རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་ལ་འགྲོ་འོང་བཀག འོན་ཀྱང་རྒྱ་གཞུང་གིས་འགྲིམ་འགྲུལ་བཀག་སྡོམ་མ་བྱས་སྔོན་དེར་ཝུ་ཧན་གྲོང་ཁྱེར་ནས་མི་གྲངས་ས་ཡ་མང་པོ་རྒྱ་ནག་ནང་ཁུལ་གྱི་ས་གནས་ཁག་དང་ཕྱིའི་རྒྱལ་ཁབ་ཁག་ཏུ་སོང་། དེས་ན་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་རྒྱ་ནག་རྒྱལ་ཡོངས་དང་འཛམ་གླིང་ཡོངས་སུ་ཁྱབ། ད་ནས་བདུན་ཕྲག་གཉིས་གསུམ་ཞིག་གི་གཞུག་ཏུ་རྒྱ་ནག་གི་ལོ་སར་གྱི་འགྲིམ་འགྲུལ་འགོ་ཚུགས་རྒྱུ་ཡིན་པར་བརྟེན། ཧྲི་ཅ་ཀྲོང་གྲོང་ཁྱེར་དང་རྒྱ་ནག་གི་ས་གནས་འགའ་ཞིག་ལ་ནད་དུག་འགོས་ཡོད་པའི་ནད་པ་འཐོན་གྱི་ཡོད་པ་དེའི་སྟབས་ཀྱིས་སླར་ཡང་རྒྱ་ནག་རྒྱལ་ཡོངས་ལ་འགྲིམ་འགྲུལ་འགོག་ཉེན་ཆེ། རྒྱ་ནག་གི་ས་གནས་སྲིད་གཞུང་མང་དག་ཅིག་གིས་མི་མང་ལ་འགྲིམ་འགྲུལ་བྱེད་མི་ཉན་ཞེས་ལམ་སྟོན་དང་འགོག་སྡོམ། རྒྱ་ནག་གི་གཞུང་གཉེར་བཟོ་ཚོང་ལས་ཁང་གི་ལས་བྱེད་པ་དང་གཞུང་གི་ལས་བྱེད་པ་རྣམས་ཛ་དྲག་ཆེན་པོ་མིན་ན་རང་རང་གི་སྐྱེས་ཡུལ་གྲོང་གསེབ་ཁག་ལ་ལོ་སར་གྱི་གུང་སེང་སྐབས་སུ་འགྲིམ་འགྲུལ་བྱེད་ཆོག་ཅེས་བཀག་སྡོམ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

བདུན་ཕྲག་སྔོན་མ་ནས་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་འགོ་ཁྲིད་ཚོས་ནད་ཡམས་ཁྱབ་གདལ་སྔོན་འགོག་གི་འཐབ་རྩོད་ནི་དམག་འཐབ་ཅིག་དང་འདྲ་མཚུངས་ཀྱི་འདུ་ཤེས་འཛིན་དགོས། གྲོང་ཁྱེར་དེར་མི་འབོར་ས་ཡ་༡༡་ཡོད་པ་ཀུན་པོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་ཡིན། ནད་ཡམས་སྔོན་འགོག་གི་ཁྲིམས་ལ་འགལ་འཛོལ་དང་ནད་ཡམས་སྔོན་འགོག་ལ་མཉམ་འབྲེལ་མི་བྱེད་མཁན་ཚོར་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་བསྒྲགས། ཧི་པེ་ཞིང་ཆེན་གྱི་ས་གནས་ཁག་གི་འཕྲོད་བསྟེན་ལས་སྣེ་༣༠༠༠་ལྷག་བསྡུས་ནས་ཧྲི་ཅ་ཀྲོང་གྲོང་ཁྱེར་ལ་ནད་ཡམས་བརྟག་དཔྱད་ཀྱི་རོགས་སྐྱོར་དུ་མངགས། གཟའ་ཕུར་བུའི་ཉིན་གུང་ཡས་མས་སུ་མི་ས་ཡ་༦་ལྷག་གི་སྣ་ཁུང་ནང་ལ་བརྟག་ཐུར་བརྒྱུས་ནས་ནད་དུག་འགོས་ཡོད་མེད་ཀྱི་དཔེ་མཚོན་བླངས། མི་ས་ཡ་༢་གྱི་ནད་ཡམས་དཔེ་མཚོན་ལ་བརྟག་དཔྱད་བྱས་ནས་ནད་དུག་འགོས་ཡོད་པའི་མི་༡༡་རྙེད། གཟའ་ཕུར་བུའི་དགོང་མོར་རྒྱ་ནག་ཤར་ཕྱོགས་ཀྱི་ཅང་སུའི་ཞིང་ཆེན་དང་ཀྲེ་ཅང་ཞིང་ཆེན་གཉིས་ཀྱིས་ཀྱང་སྨན་པ་དང་སྨན་ཞབས་བཅས་མི་༡༠༠་ལྷག་ཡོད་པའི་རུ་ཁག་རེ་ཧི་པེ་ཞིང་ཆེན་ལ་བཏང་ནས་ནད་ཡམས་སྔོན་འགོག་ལ་རྒྱབ་སྐྱོར་་བྱེད་འགོ་ཚུགས་འདུག ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་སྨན་ཁང་ཁག་ཅིག་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚོར་སྨན་བཅོས་བྱ་ཡུལ་འབའ་ཞིག་ལ་གྲ་སྒྲིག་བྱས་ནས་ནད་པ་གཞན་ལ་སྨན་བཅོས་བྱ་རྒྱུ་མིན། སྨན་ཁང་གསུམ་གྱིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཇེ་མང་དུ་སོང་ན་སྨན་བཅོས་བྱེད་ཆོག་ཆོག་གི་གྲ་སྒྲིག་བྱ་དགོས་ཞེས་མངགས་བཀོད་བྱས་འདུག

ཁ་སྔོན་ཕྱི་ཟླ་༡༠་པའི་མགོ་སྟོད་དེར་རྒྱ་ནག་གི་ཆིང་ཏའོ་གྲོང་ཁྱེར་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སོང་ནས་གྲོང་ཁྱེར་དེའི་མི་འབོར་ས་ཡ་༡༠་ལ་བརྟག་དཔྱད་བྱ་དགོས་བྱུང་ཞིང་། ཕྱི་ཟླ་༡༠་པའི་ཟླ་མཇུག་དེར་ཞིན་ཅིང་གི་ཁ་ཤི་གྷར་གྲོང་ཁྱེར་དུ་ཏོག་དབྱིབས་རིམས་ནད་ཁྱབ་ནས་མི་གྲངས་ས་ཡ་༥་ལྷག་ལ་བརྟག་དཔྱད་བྱས་ནས་འགྲིམ་འགྲུལ་དང་འདུ་འཛོམ། ཚོང་ལས་བཀག་སྡོམ་དང་སློབ་གྲྭ་སོགས་སྒོ་བརྒྱབ་སྟེ་ཆིང་ཏའོ་གྲོང་ཁྱེར་དང་ཞིན་ཅང་གི་ཁ་ཤི་གྷར་གྲོང་ཁྱེར་དུ་ཁྱབ་པའི་ཏོག་དབྱིབས་རིམས་ནད་ས་གནས་གཞན་ལ་གཏན་ནས་ཁྱབ་ཏུ་མ་བཅུག རྒྱ་ནག་གི་འཕྲོད་བསྟེན་ལས་སྣེ་ཁག་ཅིག་གིས་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་ཤེས་རྟོགས་འབྱུང་རྒྱུ་འཕྱི་དྲགས་ཡོད་སྲིད་པའི་ཉེན་ཁ་ཆེ། རྒྱ་ནག་གི་གྲོང་གསེབ་ཁག་ཏུ་ནད་ཡམས་སྔོན་འགོག་བྱ་རྒྱུ་ལྷོད་ཡངས་བཏང་ཟིན་འདུག གཅིག་བྱས་ནས་རྒྱ་ནག་གི་སྤྱི་ཚོགས་སུ་ཤེས་རྟོགས་མ་བྱུང་བར་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་ནས་དུས་ཡུན་གང་འཚམ་ཞིག་ཕྱིན་ཡོད་པའི་རྟགས་མཚན་འདུག ནད་པ་དང་པོ་ནི་ཕྱི་ཟླ་དང་པོའི་ཚེས་༢་ཉིན་ཧྲི་ཅ་ཀྲོང་གྲོང་ཁྱེར་ཕྱི་ལོགས་ཀྱི་གྲོང་གསེབ་ཅིག་གི་བུད་མེད་ལོ་ན་༦༡་ལ་སོན་པ་ཞིག་རེད། དེའི་རྗེས་སུ་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་བའི་ནད་པ་ཕལ་མོ་ཆེ་གྲོང་ཁྱེར་ཕྱི་ལོགས་ཀྱི་གྲོང་གསེབ་ཁག་ཏུ་ཐོན་འདུག་ཅེས་ཧྥུ་ཏན་སློབ་གྲྭ་ཆེན་མོའི་སྤྱི་དམངས་འཕྲོད་བསྟེན་ཞིབ་འཇུག་ཁང་གི་ཟུང་འབྲེལ་འགན་འཛིན་ལུ་ཧོང་ཀྲུག་གིས་རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་ལ་བཤད་འདུག ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལྟར་ན། ཐོག་མར་ནད་པ་ཚོ་རང་རང་གི་གྲོང་གསེབ་ཁག་དང་རྫོང་གི་སྨན་ཁང་ཁག་ལ་སྨན་བཅོས་བྱེད་དུ་བསྐྱོད་འདུག གྲོང་གསེབ་དང་རྫོང་གི་སྨན་ཁང་ཁག་ལ་ཏོག་དབྱིབས་ནད་དུག་འགོག་བཅོས་བྱེད་ཐུབ་པའི་ཆ་རྐྱེན་མེད་པས་ནད་པ་ཚོར་ཛ་དྲག་གི་སྨན་བཅོས་བྱ་རྒྱུ་འཕྱི་དྲགས་ཡོད་སྲིད་པའི་ཉེན་འདུག་ཅེས་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG