ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ནོ་བྷེལ་གཟེངས་རྟཊ་དུས་དྲན་ཉིན་མོར་བལ་ཡུལ་དུ་བུད་མེད་༤ འཛིན་བཟུང་།


དེ་རིང་ཕྱི་ཚེས་༡༠ ཉིན་འདི་ག་བལ་ཡུལ་གྱི་རྒྱལ་ས་ཀ་ཐན་མན་གྲུའི་འཕགས་པ་ཤིང་ཀུན་གྱི་ས་གནས་སུ་རྟེན་གཞི་བྱས་བའི་བྲག་དཀར་དགོན་དུ་དུས་ཆེན་སྲུང་བརྩི་ཆེད་གཞུང་འབྲེལ་མཛད་སྒོ་འཚོགས་རྒྱུར་བལ་ཡུལ་གཞུང་གི་བཀག་འགོག་བྱས་པ་མ་ཟད། ཞོགས་པའི་ཆུ་ཚོད་༨ པའི་སྟེང་བལ་ཡུལ་གཞུང་གི་དམག་མི་ཕོན་ཆེན་སླེབས་དེ། མཛད་སྒོ་འཚོགས་ཡུལ་གྱི་སྒོ་ཆེན་འགྲམ་དུ་བུད་མེད་༤ འཛིན་བཟུང་བྱས་ནས་འཕགས་ཤིང་ས་གནས་ཉེན་རྟོག་ཁང་དུ་ཁྲིད་ཡོད་པ་དང་། བོད་མི་ཚོའི་འགྲོ་འདུག་ལ་དམ་དྲག་གི་དབང་གིས་དགོང་དྲོ་བར་དུ་བུད་མེད་བཞི་པོ་དེ་དག་གློད་གྲོལ་བཏང་ཡོད་མེད་གསལ་རྟོག་མི་ཐུབ་པ་རེད་འདུག།

གཞན་བལ་ཡུལ་ནང་གི་བོད་རིགས་འདུས་སྡོད་ཀྱི་ས་གནས་མཆོད་རྟེན་བྱ་རུང་ཁ་ཤོར་དང་། བལ་ཡུལ་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་སྒོ་འགྲམ། ས་གནས་གཞིས་ལས་ཁང་ཁག་གི་སྒོ་འགྲམ་སོགས་སུ་དམག་མི་འགྲེམས་འཇོག་གིས་བོད་མི་ཚོའི་འགྲོ་འདུག་སོགས་ལ་ལྟ་རྟོག་ནན་མོ་བྱས་ཡོད་པ་རེད།

དམིག་གསལ་དོན་གཅོད་སྐུ་ངོ་རྩིབ་རི་ལོ་པན་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་དང་། དྲུང་ཆེ་སོགས་ལས་སྣེ་བ་རྣམས་ལ་དམ་དྲག་ཆེན་པོ་བྱས་ཡོད་པ་མ་ཟད། འགྲོ་འདུག་སོགས་ལ་དཀའ་ངལ་འཕྲད་མུས་སུ་ཡིན་པ་རེད་འདུག།

སྔར་ལོར་བལ་ཡུལ་གཞུང་གི་དམག་མི་དང་ཉེན་རྟོག་པའི་ལྟ་རྟོག་འོག་གཞུང་འབྲེལ་མཛད་སྒོ་འཚོགས་བཅུག་ཡོད་ཀྱང་། ད་ལོར་དོན་གཅོད་ལས་ཁུངས་ནས་དུས་ཆེན་དང་འབྲེལ་བའི་གཞུང་འབྲེལ་མཛད་སྒོ་བཀོད་སྒྲིག་སྔོན་ཚུན་ནས་བྱས་ཡོད་ཀྱང་། དེ་རིང་གཞུང་འབྲེལ་མཛད་སྒོ་དངོས་གཞིའི་སྐབས་སུ་བལ་ཡུལ་གཞུང་གི་དམག་མིའི་བཀག་འགོག་གིས་གཏན་ནས་འཚོགས་བཅུག་མེད་པ་རེད།

སྔར་ལོར་དང་བསྡུར་ན་ད་ལོར་གཟེངས་རྟགས་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོ་ལ་བལ་ཡུལ་གཞུང་གིས་དམིག་གསལ་གྱི་དམ་དྲག་ནན་མོ་བྱས་ཡོད་པ་རེད་འདུག། དེ་དང་ཆབ་ཅིག་བལ་ཡུལ་མཆོད་རྟེན་ཉེ་འགྲམ་དུ་གཏན་སྡོད་མང་ཚོགས་བསོད་ནམས་ལགས་ཀྱི་གསར་འགོད་པར་བརྗོད་དོན་ལྟར་ན། སྤྱིར་ན་ང་ཚོའི་རང་གི་རྩ་བའི་བླ་མར་འཛམ་གླིང་གི་ཆེས་ཆེ་མཐོང་ཡོད་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༣༤ འཁོར་བའི་དུས་དྲན་ཉིན་མོ་འདིར་ཆེས་དགའ་དགའ་སྤྲོ་སྤྲོ་ཞིིག་བྱས་ཏེ། དུས་ཆེན་སྲུང་བརྩི་བྱེད་དགོས་ཀྱི་ཡོད་པ་རེད། ཡིན་ནའང་། འདིར་བལ་ཡུལ་ནང་ལ་མཚོན་ན་གནས་སྟངས་མང་པོ་ཞིག་གིས་དཀའ་ངལ་འོག་མི་མང་ཚང་མ་ཕྱོགས་གཅིག་ཏུ་འདུ་འཛོམས་སོགས་བལ་ཡུལ་གཞུང་གི་བཀག་འགོག་གིས་རྐྱེན་པས། འདུ་འཛོམས་ཐུབ་ཀྱི་ཡོད་པ་མ་རེད། དེར་བརྟེན་ང་ཚོའི་རང་གི་དུས་རྒྱུན་འགྲོགས་འདྲིས་ཆེ་བའི་གྲོགས་སྤུན་མཆེད་རེས་དགའ་མཉམ་དུ་འཛོམས་ནས། མང་ཚོགས་རང་རང་སར་དུས་ཆེན་སྲུང་བརྩི་བྱེད་གི་ཡོད་།

ཞོགས་པ་སྔ་མོ་ནས་མཆོད་རྟེན་ཉེ་འགྲམ་སོགས་སུ་བལ་ཡུལ་གཞུང་གི་དམག་མི་ཕོན་ཆེན་འགྲེམས་འཇོག་བྱས་ནས་བཞག་ཡོད་པ་དེ་མཐོང་བ་ཙམ་གྱིས་སེམས་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་གྱིན་འདུག་མོད། ང་ཚོ་ཚང་མ་གཞན་དབང་སྟབས་བསྟུན་གྱི་འོག་ན་ཡོད་སྟབས་ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་ཁུར་དགོས་ཟེར་བ་ནང་བཞིན་ཞི་འཇམ་ངང་སྡོད་པ་ལས་ཐབས་ཤེས་གཞན་གང་ཡང་མི་འདུག་ཅེས་སོགས་བརྗོད་བྱུང་།

XS
SM
MD
LG