ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡེ་ཤེས་མཁས་གྲུབ་ལགས་སྐུ་ཚེའི་འཕེན་པ་རྫོགས་པར་མྱ་ངན་རྗེས་དྲན།


འདི་ག་ཨ་རི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ལས་བྱེད་སྐུ་བགྲེས་པ་ཡེ་ཤེས་མཁས་གྲུབ་ལགས་རེས་གཟའ་ལྷག་པའི་ཉིན་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་སོང་བ་དང་། ཕྱི་ལོ་༡༩༩༠ ལོར་ཨ་རི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ཐོག་མར་དབུ་འཛུགས་ཞུ་སྐབས་ཡེ་ཤེས་མཁས་གྲུབ་ལགས་དམ་པ་ཁོང་ནི་གསར་འགོད་པ་ཐོག་མའི་གྲས་ཤིག་ཡིན་ཞིང་། ཕྱི་ལོ་༢༠༡༦ལོར་བགྲེས་ཡོལ་དུ་ཕེབས་ཡོད་པ་རེད། ཡེ་ཤེས་མཁས་གྲུབ་ལགས་དམ་པ་ཁོང་ནི་བོད་ཀྱི་ཆོས་རིག་དང་ལོ་རྒྱུས་སོགས་ལ་ཤིན་ཏུ་མཁས་པ་ཞིག་ཡིན་པ་དང་། ཨ་རི་རླུང་འཕྲིན་ཁང་དུ་ཕྱག་ལས་གནང་ཡུན་རིང་ལས་བྱེད་ཡོངས་ཀྱིས་བཀའ་སློབ་ལམ་སྟོན་ཞུ་ཡུལ་གཙོ་བོར་གྱུར་པ་མ་ཟད། ལས་བྱེད་གཞོན་པ་ཚོར་དགེ་ཕྲུག་ལྟ་བུས་ལམ་སྟོན་གནང་མཁན་ཞིག་ཡིན་པས་ཚང་མས་རྒན་ལགས་ཞེས་གུས་བཀུར་དང་དགའ་མོས་ཆེན་པོ་ཞུ་ཡུལ་ལས་བྱེད་སྐུ་བགྲེས་པ་ཞིག་ཆགས་ཡོད།

ཡེ་ཤེས་མཁས་གྲུབ་ལགས་དམ་པ་ཁོང་གིས་ཨ་རི་རླུང་འཕྲིན་ཁང་དུ་ལོ་ངོ་༢༥རིང་ཕྱག་ལས་གནང་རིང་དེང་རབས་གསར་འགྱུར་ལས་རིགས་ནང་བོད་སྐད་ཀྱི་ཐ་སྙད་གསར་བཟོ་མཚོན་པའི་གསར་འགྱུར་ལས་རིགས་ནང་བོད་ཀྱི་སྐད་ཡིག་དར་འཕེལ་ཐོག་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་རེད། ཡེ་ཤེས་མཁས་གྲུབ་ལགས་དམ་པ་ཁོང་ཕྱི་ལོ་༡༩༤༡ ལོར་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་། སྐུ་ན་ཆུང་དུས་ནས་བོད་ཡིག་འབྲི་ཀློག་སོགས་ལ་སློབ་སྦྱོང་གནང་རྗེས་གདན་ས་ཆེན་པོ་འབྲས་སྤུངས་ཀྱི་ཡ་གྱལ་བློ་གསལ་གླིང་དུ་ཆོས་ཞུགས་གནང་ཞིང་། འབྲས་སྤུངས་བློ་གསལ་གླིང་དུ་མཁས་མང་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་སློབ་གཉེར་གནང་ཡོད་ཅིང་། སྤྱི་ལོ་༡༩༥༩ལོར་བོད་ལ་དྲག་པོའི་བཙན་བཟུང་གི་དཀའ་ངལ་འཕྲད་པའི་འོག་བོད་མི་སྤྱི་མཚུངས་བཞིན་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་རྗེས་དགེ་རྒན་འོས་སྦྱོང་དང་པོའི་ཁོངས་སུ་འདེམས་སྒྲུག་བྱུང་ནས་དགེ་རྒན་འོས་སྦྱོང་གནང་བ་དང་། དེ་རྗེས་མ་སུ་རི་གཏན་སློབ་ཏུ་བོད་ཡིག་དགེ་རྒན་གནང་བཞིན་པར་བོད་གཞུང་ཆོས་རིག་ལས་ཁུངས་ནས་ཨ་རིར་དབྱིན་ཡིག་སློབ་སྦྱོང་དང་ནང་ཆོས་སློབ་ཁྲིད་བྱེད་མཁན་ཁོངས་སུ་གཏོང་གནང་མཛད་རྗེས་ཨ་རིར་གཏན་བཞུགས་གནང་ཡོད། ཁོང་ལ་ཤུལ་ལུས་སྐུ་ཟླ་ཚེ་དབང་དཔལ་མོ་ལགས་དང་བུ་ཕྲུག་གཉིས་ཡོད་པ་རྣམས་ལ་འདི་ག་ཨ་རི་རླུང་འཕྲིན་ཁང་གིས་ཐུགས་གསོ་དང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་བའི་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན།

XS
SM
MD
LG