ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིའི་སྲིད་འཛིན་ཨོ་བྷ་མ་དཀྱིལ་ཤར་ས་ཁུལ་ལ་འཚམས་འདྲི།


སྲིད་འཛིན་ཨོ་བྷ་མ་དཀྱིལ་ཤར་ས་ཁུལ་ལ་འཚམས་འདྲིར་ཕེབས་ནས་ཨི་སི་རལ་གྱི་སྲིད་བློན་ཎེ་ཐན་ཡ་ཧུ་དང་སྲིད་འཛིན་ཤཱི་མོན་ཕེ་རི་སི། པ་ལི་སི་ཐན་གྱི་སྲིད་འཛིན་ཨ་བྷ་སི་བཅས་ལ་ཐུག་འཕྲད་གནང་སྟེ། ཁོང་གིས་ཨི་སི་རལ་དང་པ་ལི་སི་ཐན་གཉིས་ཞི་བདེ་མཉམ་གནས་བྱེད་དགོས་པ་དང་། ཉེ་བའི་ལོ་ཤས་ཤིག་ནས་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཞི་བའི་གྲོས་མོལ་མཚམས་ཆད་ཡོད་པ་མྱུར་དུ་འཕྲོ་སྐྱོང་བྱེད་རྒྱུ། ཨ་མི་རི་ཀ་དང་ཨི་སི་རལ་གྱི་མཛའ་འབྲེལ་ལ་སུ་གཅིག་གིས་ཀྱང་གཏོར་བརླག་བྱེད་མི་ཐུབ་ཅིང་། ཨི་སི་རལ་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཨ་མི་རི་ཀས་རྒྱབ་སྐྱོར་བྱེད་དགོས་པའི་སྲིད་ཇུས་ལ་འགྱུར་བ་མེད་ཅེས་བཀའ་མོལ་ལྷུག་པོ་གནང་ཡོད་པ་མ་ཟད། ད་ཐེངས་ཀྱི་འཚམས་འདྲིའི་སྐབས་སུ་སྲིད་འཛིན་ཨོ་བྷ་མ་དང་ཨི་སི་རལ་གྱི་འགོ་ཁྲིད་ཚོས་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱེད་ཀྱི་ཡོད་པ་དང་སི་རི་ཡའི་ནང་འཁྲུག་སྡུག་ཏུ་སོང་སྟེ། སྲིད་འཛིན་ཨ་སཏ་ཀྱི་གཞུང་གིས་སི་རི་ཡའི་རྫས་འགྱུར་མཚོན་ཆ་འཇིགས་སྐུལ་རིང་ལུགས་པ་ཚོར་མཁོ་སྤྲོད་བྱེད་སྲིད་པའི་ཉེན་ཀ་དེར་འགོག་རྒོལ་ཇི་ལྟར་བྱེད་དགོས་མིན། གལ་སྲིད་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱས་ནས་ཨི་སི་རལ་གྱི་བདེ་འཇགས་ལ་ཉེན་ཀ་འབྱུང་ཚེ། ཨི་སི་རལ་གྱིས་རང་ལ་ཚུར་རྒོལ་མ་བྱུང་གོང་དུ་སྔོན་ལ་ཨི་རན་གྱི་རྡུལ་ཕྲན་ལས་གྲྭ་ཁག་ལ་ཕར་རྒོལ་བྱེད་རྒྱུ་དང་། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་སོགས་ཀྱིས་ཨི་རན་ལ་ཚོང་ལས་བཀག་སྡོམ་བྱས་ནས་རྡུལ་ཕྲན་ལས་འཆར་འགོག་ཐུབ་མིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨི་རན་ལ་ཞི་བའི་གྲོས་མོལ་བྱེད་ཀྱི་ཡོད་པ་དེར་གྲུབ་འབྲས་ཐོན་རྒྱུ་ཡོད་མེད་བཅས་ལ་གྲོས་བསྡུར་ལྷུག་པོ་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG