ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་བཀག་སྡོམ་ལག་བསྟར།


ཨ་མི་རི་ཀའི་ནེའུ་ཡོཀ་མ་རྐང་ཁྲོམ་རའི་ལས་ཁུངས་ཡོད་ས། ༢༠༢༠།༡༢།༩
ཨ་མི་རི་ཀའི་ནེའུ་ཡོཀ་མ་རྐང་ཁྲོམ་རའི་ལས་ཁུངས་ཡོད་ས། ༢༠༢༠།༡༢།༩

༄༅།། དེ་རིང་ཕྱི་ཟླ་དང་པོའི་ཚེས་༡་ནས་ཨ་མི་རི་ཀའི་ནེའུ་ཡོཀ་མ་རྐང་ཁྲོམ་རའི་འཕྲུལ་རིག་གི་ཚོང་ལས་སྡེ་ཚན་དང་ཚོང་ལས་ཆུང་ཁག བཟོ་ཚོང་ཁང་སྣ་མང་མཉམ་འདུས་ཀྱི་མ་རྐང་ཁྲོམ་ར་བཅས་དངུལ་རྩའི་ཚོང་ལས་གཉེར་ཡུལ་ཆེན་པོ་གསུམ་ཡོད་པ་དེ་དག་གི་ཁོངས་སུ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཐོ་འགོད་བྱས་ནས་ཚོང་ལས་གཉེར་གྱི་ཡོད་པ་དངོས་སུ་བཀག་སྡོམ་བྱ་རྒྱུ་འགོ་ཚུགས་འདུག དཔེར་ན་རྒྱ་ནག་གི་ཁ་པར་བརྡ་འཕྲིན་བཟོ་ཚོང་ཁང་དང་རྒྱ་ནག་གི་ཁ་པར་མཉམ་འབྲེལ་བཟོ་ཚོང་ཁང་། རྒྱ་ནག་ཡུ་ཎི་ཀོམ་ཞེས་ཧོང་ཀོང་གི་ཚད་ཡོད་བཟོ་ཚོང་ཁང་ཞིག་ཚུད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་གསུམ་ཨ་མི་རི་ཀའི་མ་རྐང་ཁྲོམ་ར་ཁག་གི་ཁོངས་སུ་ཐོ་འགོད་བྱས་ཡོད་པ་ནག་སུབ་བྱས་ནས་ཕྱིར་བསྡུ་བྱས་ཤིང་། དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གི་མགྲིན་ཚབ་པ་ཚོས་བདུན་ཕྲག་རྗེས་མའི་ནང་དུ་རང་རང་གི་བཟོ་ཚོང་ལས་ཁང་དེ་ཚོས་ཨ་རིའི་མ་རྐང་ཁྲོམ་ར་ཆེ་ཁག་ཏུ་ཐོ་འགོད་བྱས་ནས་ཚོང་ལས་གཉེར་གྱི་ཡོད་པ་མཇུག་བསྡུ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་༣༡་གིས་ཨ་མི་རི་ཀའི་མ་རྐང་ཁྲོམ་ར་ཁག་ཏུ་ཐོ་འགོད་བྱས་ནས་ཚོང་ལས་གཉེར་གྱི་ཡོད་པ་རྣམས་བཀག་སྡོམ་བྱ་དགོས། རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གིས་ཨ་རིའི་ཁྲོམ་རའི་ནང་དུ་ཚོང་ལས་གཉེར་པའི་ཁེ་སང་བླངས་པ་རྣམས་རྒྱ་ནག་གི་དམག་དོན་ཡར་རྒྱས་དང་ཆེས་གཏོར་ཚབས་ཆེ་བའི་མཚོན་ཆ་བཟོ་སྐྲུན་ལ་འགྲོ་གྲོན་གཏོང་གི་འདུག འདི་ནི་ཨ་མི་རི་ཀ་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཚབས་ཆེན་པོ་ཞིག་རེད། རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གི་མ་རྩའི་འབྱུང་ཁུངས་དང་བཟོ་ཚོང་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་གྲས་སུ་དམར་ཤོག་ཚོགས་པའི་ཚོགས་མི་ཡོད་མེད་སོགས་སྦ་གསང་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས།།

ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དམག་དོན་ལ་འབྲེལ་བ་ཡོད་པའི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀའི་མ་རྐང་ཁྲོམ་ར་ཁག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་མི་ཆོག་ཅེས་ཐག་གཅོད་བྱས་པ་ནི་གནད་དོན་ཆེན་པོ་ཞིག་ཡིན་ཞིང་། ན་ནིང་ཕྱི་ཟླ་༡༡་པའི་ནང་དུ་སྲིད་འཛིན་ཊམ་གྱིས་རྒྱ་ནག་གི་དམག་དོན་དང་སྤྱི་བདེ་ལྷན་ཁང་སོགས་ལ་འབྲེལ་བ་ཡོད་པའི་བཟོ་ཚོང་ལས་ཁང་ཁག་ལ་ཞིབ་འཇུག་བྱ་དགོས། རྒྱ་ནག་གི་དམག་དོན་དང་དམག་དོན་གསང་བའི་ལས་ཁང་། རྒྱ་ནག་གི་བདེ་འཇགས་ཚན་པ་སོགས་ལ་འབྲེལ་བ་ཡོད་པའམ། ཡང་ན་རྒྱ་ནག་གི་དམག་དང་དམག་དོན་གསང་བའི་ལས་ཁང་། རྒྱ་ནག་གི་བདེ་འཇགས་ཚན་པ་ཁག་གིས་མ་རྩ་བཙུགས་པ། རྒྱ་ནག་གི་བཟོ་ཚོང་ལས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་གྲས་སུ་རྒྱ་ནག་གི་དམག་དོན་མི་སྣ་དང་དམར་ཤོག་ཚོགས་པའི་ཚོགས་མི་ཡོད་མེད། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་མེད་རྣམས་ཤེས་རྟོགས་ཐུབ་རྒྱུ་གནད་འགག་ཆེན་པོ་ཡིན། རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པའི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀའི་མ་རྐང་ཁྲོམ་ར་ཁག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་མི་ཆོག་ཅེས་བཀག་སྡོམ་བྱ་དགོས་པའི་ཐག་བཅད། དེ་ནས་ཨ་རིའི་ནོར་སྲིད་ལྷན་ཁང་དང་ཚོང་དོན་ལྷན་ཁང་། ཨ་རིའི་ཕྱི་སྲིད་ལྷན་ཁང་བཅས་ཀྱིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ལ་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས། ༢༠༢༡་གི་ཕྱི་ཟླ་དང་པོའི་ཚེས་༡་ནས་སྲིད་འཛིན་ཊམ་གྱི་བཀའ་རྒྱ་བསྒྲགས་པ་རྣམས་ཨ་རིའི་ནེའུ་ཡོཀ་མ་རྐང་ཁྲོམ་རའི་སྡེ་ཚན་གསུམ་པོས་ལག་ལེན་བསྟར་འགོ་ཚུགས་འདུག

ཨ་མི་རི་ཀའི་མ་རྐང་ཁྲོམ་ར་ཁག་ཏུ་ཚོང་ལས་གཉེར་མི་ཆོག་ཅེས་བཀག་སྡོམ་བྱེད་ཀྱི་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གི་གྲས་སུ་ཧེ་ཁཱང་ཝི་ཧྲི་དང་རྒྱ་ནག་གི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བཟོ་ཚོང་ཁང་སོགས་ཚུད་ཡོད་པ་སྟེ། རྒྱ་ནག་གི་ཧེ་ཁཱང་ཝི་ཧྲི་བཟོ་ཚོང་ཁང་གིས་པར་ཆས་དང་མིའི་ངོ་ཐག་གཅོད་པའི་གློག་ཆས་རྣམས་གསར་བཟོ་བྱས་ནས་ཞིན་ཅང་གི་ཁྲོམ་ར་ཁག་དང་སྲང་ལམ་ཁག ཞིང་ཅང་གི་བཀག་ཉར་ཁང་དང་བཙོན་ཁང་། ལས་གྲྭ་སོགས་ལ་བཙུགས་ནས་ཉིན་མཚན་དུས་དྲུག་ཏུ་མི་མང་ལ་ལྟ་རྟོག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། སྲིད་འཛིན་ཊམ་གྱི་རྒྱལ་སྲུང་སློབ་སྟོན་པ་ཨོ་བྷི་རེན་གྱིས་བཤད་པ་ལྟར་ན། ཨ་མི་རི་ཀས་རང་གི་མ་རྐང་ཁྲོམ་ར་ཁག་ཏུ་རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པའི་བཟོ་ཚོང་ལས་ཁང་ཁག་གིས་ཚོང་ལས་གཉེར་མི་ཆོག་པའི་བཀག་སྡོམ་བྱ་དགོས་ངེས་སུ་གྱུར་ཡོད། ཨ་མི་རི་ཀ་བ་ཚོས་མ་ཤེས་པར་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གི་ནང་དུ་མ་རྩ་བཙུགས་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་དང་ཆོས་དད་རང་དབང་ལ་དམ་དྲག རྒྱ་ནག་གི་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་རྒྱུ་དང་དམག་དོན་གསང་བའི་ལས་ཁང་གིས་འཛམ་གླིང་ཡོངས་སུ་གསང་ཉུལ་གཏོང་གི་ཡོད་པའི་ལས་དོན་རྒྱ་སྐྱེད་གཏོང་རྒྱུ་སོགས་ལ་འགྲོ་གྲོན་གྱི་རོགས་ཕན་སྒྲུབ་ཀྱི་ཡོད་པ་འགོག་ཐུབ་པའི་དགེ་མཚན་ཡོད། ནེའུ་ཡོཀ་མ་རྐང་ཁྲོམ་རར་འཛམ་གླིང་ཡུལ་གྲུ་གང་སའི་བཟོ་ཚོང་ལས་ཁང་ཁྲི་ཚོ་མང་པོས་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད། ཡིན་ནའང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཅིག་གིས་ཨ་རིའི་མ་རྩ་འཛུགས་འཇོག་གི་ཁྲིམས་ལ་རྒྱབ་འགལ་བྱས་ནས་ཚོང་ལས་གཉེར་གྱི་འདུག་ཅེས་བཤད།།

ཨ་ལི་བྷ་བྷའི་བདག་པོ་མ་ཡུན་གྱིས་ཨ་རིའི་ནེའུ་ཡོག་གི་མ་རྐང་ཁྲོམ་རར་ཚོང་སྒོ་ཕྱེ་བ།
ཨ་ལི་བྷ་བྷའི་བདག་པོ་མ་ཡུན་གྱིས་ཨ་རིའི་ནེའུ་ཡོག་གི་མ་རྐང་ཁྲོམ་རར་ཚོང་སྒོ་ཕྱེ་བ།

སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་ཨང་དང་པོར་འཛིན་པའི་སྲིད་ཇུས་འོག་ཏུ་རྒྱ་ནག་ནི་ཨ་མི་རི་ཀའི་བདེ་འཇགས་ལ་ཆེས་ཉེན་ཚབས་ཅན་ཞིག་ཡིན་པར་མ་ཟད། རྒྱ་ནག་འཛམ་གླིང་གི་རང་དབང་དང་དམངས་གཙོའི་ལམ་ལུགས་ཀྱི་སྤྱི་དགྲ་ཞིག་ཀྱང་རེད། དེང་སྐབས་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པའི་ལན་ཁག་རྒྱ་ནག་ལ་ཡོད་ཅེས་ནག་ཉེས་བཙུགས། ༢༠༡༨་ལོར་སྲིད་འཛིན་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཏེ་ཕྱོགས་གཉིས་ཀྱི་ཚོང་དམག་ལངས་ནས་བཟུང་། སྲིད་འཛིན་ཊམ་གྱིས་བཀའ་རྒྱ་རིམ་པ་ཞིག་བཏང་ནས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་སོགས་བརྡ་འཕྲིན་དང་འཕྲུལ་རིག་གི་བཟོ་ཚོང་ལས་ཁང་ལ་རྒྱལ་སྤྱིའི་ཐོག་ཏུ་འབྲེལ་བ་གཅོད་དགོས་པའི་གནོན་ཤུགས་སྤྲད། རྒྱ་ནག་གི་དམག་དོན་དང་དཔལ་འབྱོར་གྱི་སྟོབས་ཤུགས་རྒྱ་སྐྱེད་གཏོང་བའི་ལས་གཞི་ཁག་དམིགས་འབེན་དུ་བཟུང་སྟེ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད། ད་དུང་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པ་དང་ཧོང་ཀོང་ལ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ནས་མངའ་ཁུལ་དེའི་རང་སྐྱོང་གི་ཐོབ་ཐང་མེད་པར་བཏང་བ། རྒྱ་ནག་དང་ཨ་མི་ར་ཀས་ཕན་ཚུན་གྱི་དོན་གཅོད་ཁང་སྒོ་རྒྱག་རེས་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཧ་ཅང་སྡུག་ཏུ་སོང་།།

རྒྱ་ནག་གཞུང་གིས་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་ཨ་རིའི་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱིས་ལས་ཁུར་བཞེས་པའི་རྗེས་སུ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་འགྲོ་རྒྱུ། ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཡོད་པ་རྣམས་ཕྱིར་འཐེན་བྱ་སྲིད། ཨ་མི་རི་ཀའི་ཁྲོམ་ར་ཁག་ཏུ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་མ་རྩ་བཙུགས་ནས་ཚོང་ལས་གཉེར་མི་བྱེད་པའི་བཀག་སྡོམ་ཁག་ཀྱང་ཕྱིར་འཐེན་བྱ་རྒྱུའི་རེ་ལྟོས་འཆང་གི་ཡོད། འོན་ཀྱང་ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་ལས་ཉམས་ཞིབ་པ་ཚོས་སྲིད་འཛིན་ཊམ་གྱིས་རྒྱ་ནག་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་མང་དག་ཅིག་ཇཱོ་བྷ་ཌན་གྱིས་རྒྱུན་འཁྱོངས་བྱ་རྒྱུའི་རྟགས་མཚན་འདུག ཇཱོ་བྷ་ཌན་གྱིས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་བཀག་སྡོམ་དང་ཁོར་ཡུག་སྲུང་སྐྱོབ། ནད་ཡམས་སྔོན་འགོག་སོགས་ཀྱི་ཐོག་ཏུ་རྒྱ་ནག་ལ་མཉམ་འབྲེལ་བྱ་རྒྱུ་ཡིན་ཞེས་འོས་འདེམས་ལས་འགུལ་དུས་ནས་ཁྱབ་བསྒྲགས་བྱས་སོང་། ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་མཉམ་འབྲེལ་བྱས་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་སྲིད་ཇུས་ཤིག་འཛིན་རྒྱུའི་རྟགས་མཚན་གསལ་པོ་འདུག་ཅེས་བསྟན། ཨ་མི་རི་ཀའི་ཕྱི་འབྲེལ་ཉམས་ཞིབ་ལྷན་ཚོགས་ཀྱི་འགན་འཛིན་སེ་གྷལ་གྱིས་བཤད་པ་ལྟར་ན། བྷ་ཌན་གྱི་སྲིད་གཞུང་གིས་ཀྱང་རྒྱ་ནག་དང་ཨ་མི་རི་ཀའི་འགྲན་སྡུར་བྱ་ཡུལ་གཙོ་བོ་ནི་འཕྲུལ་རིག་ལག་རྩལ་ཐོག་ཏུ་འབྱུང་རྒྱུ་ཡིན་པ་ངོས་ཟིན་འདུག དེས་ན་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་སོགས་དེང་རབས་ཀྱི་བརྡ་འཕྲིན་དང་འཕྲུལ་རིགས་གི་བཟོ་ཚོང་ལས་ཁག་ལ་ཚོང་འབྲེལ་གཅོད་རྒྱུ། རྒྱ་ནག་གི་བརྡ་འཕྲིན་དང་འཕྲུལ་རིག་གི་བཟོ་ཚོང་ལས་ཁང་ཁག་ལ་ཨ་མི་རི་ཀའི་བརྡ་འཕྲིན་གྱི་ལྷུ་ལག་དང་འཕྲུལ་ཆས་གསར་པ་རྣམས་ཕྱིར་ཚོང་བྱེད་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་ཉག་ཅིག་རེད། བྷ་ཌན་དང་ཌོ་ནལ་ཊམ་གཉིས་ལ་མི་འདྲ་བའི་ཁྱད་པར་ཞིག་ཡོད་པ་ནི་ཌོ་ནལ་ཊམ་གྱིས་ཨ་རིའི་སྲིད་གཞུང་གཅིག་པུས་རྒྱ་ནག་ལ་ཁ་གཏད་བཅགས་པ་རེད། ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀའི་གཞུང་སྒེར་གཉིས་དང་མཐུན་གྲོགས་རྒྱལ་ཁབ་ཁག་བཅས་ཕྱོགས་ཡོངས་ལ་སྐུལ་ལྕག་བཏང་ནས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་སྲིད་ཇུས་ཤིག་འཛིན་ས་རེད་ཅེས་བཤད་འདུག

XS
SM
MD
LG