ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༢/༠༥/༢༥

ཕུ་ཊིན་འུ་ཐུག་ན་རྡུལ་ཕྲན་མཆོན་ཆ་བཀོལ་རྒྱུའི་ཉེན་ཁ། 


༄༅།། ཕུ་ཊིན་གྱི་དམིགས་ཡུལ་ལྟར་ཡུཀ་རེན་བདེ་བླག་ཏུ་ལེན་མ་ཐུབ་པ་དང་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་དཔུང་ལ་ཇུས་ཉེས་ཆེན་པོ་བྱུང་། འཛམ་གླིང་གི་དམག་སྟོབས་ཨང་གཉིས་པར་བརྩི་བའི་ཨུ་རུ་སུའི་དམག་ལ་ཕམ་ཉེས་བྱུང་བ་བློ་ཡུལ་དུ་མ་ཤོང་། ཡུཀ་རེན་གྱི་དམག་འཁྲུག་ལ་བརྟེན་ནས་ཨུ་རུ་སུའི་བྱང་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀྱང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་གྲོས་སྡུར་བྱེད་དགོས་པ་ཞིག་ཏུ་གྱུར། དེས་ན་ཕུ་ཊིན་གྱིས་སྡུག་ནད་མ་ཐེག་པར་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུའི་ལམ་དུ་བསྐྱོད་དགོས་པ་ཞིག་ཏུ་འགྱུར་སྲིད་པའི་གནས་ཚུལ་ཐོན་འདུག ཟླ་༤་པའི་ཚེས་༡༨་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཕུ་ཊིན་འུ་ཐུག་ཐབས་ཟད་དུ་གྱུར་ན་རྡུལ་ཕྲན་མཚོན་ཆ་བཀོད་སྤྱོད་བྱེད་སྲིད་པའི་ཉེན་ཁ་ཆེ་ཞིང་། ཕྱི་ཟླ་༣་པའི་ཚེས་༡༣་ནས་ཨུ་རུ་སུའི་ཡུལ་དམག་གི་འགོ་ཁྲིད་ཝིཀ་ཊོར་ཛོ་ལོ་ཏོབ་ཀྱིས་ཡུཀ་རེན་གྱི་དམག་འཁྲུག་འདི་འཆར་གཞི་ལྟར་འགྲུབ་ཀྱི་མི་འདུག་ཅེས་རང་ཕྱོགས་ལ་བསད་རྨས་ཚབས་ཆེན་འཕོག་གི་ཡོད་པ་ཡོངས་གྲངས་སུ་ངོས་ལེན་བྱས་པ་དང་ཕུ་ཊིན་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་ལྷུང་། བདུན་ཕྲག་སྔོན་མར་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སིས་འཇོར་ཇཱི་ཡ་མངའ་སྡེའི་འཕྲུལ་རིག་སློབ་གྲྭ་ཆེན་མོར་གཏམ་བཤད་བྱས་པའི་སྐབས་སུ་ཕུ་ཊིན་ཅི་བྱ་གཏོལ་མེད་དུ་འགྱུར་གྱི་ཡོད་པ་དང་ཨུ་རུ་སུའི་དམག་ལ་ཇུས་ཉེས་ཚབས་ཆེན་འབྱུང་གི་ཡོད་པར་གཞིགས་ཚེ། ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུའི་ཉེན་ཁ་འདུག རྡུལ་ཕྲན་འབར་མདེལ་ཆུང་ཆུང་ཞིག་འཕངས་ཀྱང་ཤིན་ཏུ་ཉེན་ཁ་ཆེ། ང་ཚོས་དེ་ལ་སྣང་ཆུང་གཏན་ནས་བྱེད་མི་ཉན་ཞེས་ནན་བརྗོད་བྱས་ཤིང་། ༢༠༡༨་ལོར་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་རྡུལ་ཕྲན་མཚོན་ཆ་དང་བདེ་འཇགས་ཞིབ་འཇུག་གི་སྙན་ཐོ་བཏོན་པ་དེར་འཐབ་འཁྲུག་ཅིག་ལངས་ནས་ཨུ་རུ་སུ་ཕམ་པའམ། ཡང་ན་ཨུ་རུ་སུར་ཆག་སྒོ་བྱུང་ན་རྡུལ་ཕྲན་འབར་མདེལ་ཆུང་ཆུང་ཞིག་འཕེན་རྒྱུའི་ཉེན་ཁ་འདུག་ཅེས་འཁོད།།

ཡུག་ཀེ་རན་གྱི་དམག་འཐབ་པ་ཞིག་དང་ཁོང་གི་ལྕགས་ཁྲབ་འཁོར་ལོ་གཏོར་བྱེད་ཀྱི་མཚོན་ཆ།
ཡུག་ཀེ་རན་གྱི་དམག་འཐབ་པ་ཞིག་དང་ཁོང་གི་ལྕགས་ཁྲབ་འཁོར་ལོ་གཏོར་བྱེད་ཀྱི་མཚོན་ཆ།

ད་ལོའི་ཕྱི་ཟླ་༣་པའི་ཟླ་དཀྱིལ་དུ་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་པོ་ལན་ཌིའི་སྲིད་འཛིན་ནས་ཕུ་ཊིན་གྱིས་རྡུལ་ཕྲན་འབར་མདེལ་ཆུང་གྲས་ཤིག་བརྒྱབ་ན་དམག་འཁྲུག་ཆེན་པོ་ཞིག་སློང་མི་ཐུབ་བསམ་སྲིད་ཀྱང་དེ་ནི་ནོར་འཁྲུལ་རེད། ཨུ་རུ་སུས་གཏོར་ཚབས་ཆེ་བའི་མཚོན་ཆ་གང་འདྲ་ཞིག་བཀོལ་སྤྱོད་བྱས་ཀྱང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་རྒོལ་ལན་སློག་དགོས་ངེས་རེད་ཅེས་བྷི་བྷི་སི་གསར་འགྱུར་ལས་ཁང་གི་བཅར་འདྲི་ཞིག་གི་སྐབས་སུ་ལན་བཏབ། ཕྱི་ཟླ་༣་པའི་ཚེས་༢༣་ཉིན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་གིས་གསར་འགོད་ལྷན་ཚོགས་བསྐོངས་ནས་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་ན་མཇུག་འབྲས་ངན་པ་ཞིག་མྱོང་གི་རེད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འགེབས་སྐྱོང་དང་སྲུང་སྐྱོབ་བྱ་རྒྱུ་ཡིན། རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་ན་འཐབ་འཁྲུག་འདིར་གཞི་རྩའི་ཆ་ནས་འགྱུར་བ་ཐེབས་པ་རེད། ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུ་དེར་ཚོད་འཛིན་བྱ་དགོས། རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ཅིག་བསླངས་ན་ཨུ་རུ་སུར་ནམ་ཡང་རྒྱལ་ཁ་འཐོབ་མི་སྲིད་པ་ངོས་ཟིན་དགོས་ཞེས་ཉེན་བརྡ་བཏང་འདུག ཨ་རིའི་གནམ་དམག་གི་རྡུལ་ཕྲན་མཚོན་ཆའི་ཉམས་ཞིབ་པ་ཞིག་གིས་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པར་ཨུ་རུ་སུས་རྡུལ་ཕྲན་རྩེ་མདེལ་ཅན་གྱི་འཕུར་མདེལ་ཞིག་འཕེན་སྲིད་པའི་ཉེན་ཁ་འདུག རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་ཀྱི་དམག་འཁྲུག་ཅིག་ལངས་ན་བསམ་ཡུལ་ལས་འདས་པའི་གནོད་འཚེ་འཕོག་གི་རེད། ཨུ་རུ་སུ་གྲུ་ཟུར་དུ་བཀར་དྲགས་ན་རྡུལ་ཕྲན་འབར་མདེལ་འཕེན་རྒྱུ་མིན་པའི་ངེས་པ་མེད། ཨུ་རུ་སུའི་དབང་འཛིན་པ་ཚོར་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱས་ནས་རྒྱལ་ཁ་ཐོབ་ཐབས་བྱ་དགོས་པའི་བསམ་བློ་འཁོར་གྱི་ཡོད་པ་རེད་ཅེས་ཨ་རིའི་གསང་བའི་ལས་ཁུངས་ཁག་གི་ལས་སྣེ་ཚོས་ནང་མོལ་བྱས་འདུག

ཕྱི་ཟླ་༣་པའི་ཚེས་༢༢་ཉིན་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་དགོས་པའི་དུས་སྐབས་ཤིག་འཆར་སྲིད། ང་ཚོས་རང་གི་རྒྱལ་ཁབ་སྲུང་སྐྱོབ་བྱེད་དགོས་པའི་སྲིད་ཇུས་ཤིག་བཟུང་ཡོད་པ་དང་རྒྱལ་སྲུང་སྲིད་ཇུས་དེར་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་ཆོག་ཅེས་བཀོད་ཡོད། གལ་སྲིད་ང་ཚོར་ཕྱི་ནས་ཉེན་ཁ་བྱུང་ན་རྒྱལ་སྲུང་སྲིད་ཇུས་ཀྱི་འབྲུ་དོན་ལྟར་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་དགོས་ཐུག་གི་རེད་ཅེས་བཤད། དེ་བཞིན་ཨུ་རུ་སུའི་སྲིད་འཛིན་ཟུར་པ་དང་བདེ་འཇགས་ལྷན་ཁང་གི་གཙོ་འཛིན་གཞོན་པ་མེ་ཌི་ཝེ་ཌེབ་ཀྱིས་ཀྱང་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་གྱི་གསར་འགོད་པར་ཨུ་རུ་སུར་རྡུལ་ཕྲན་འབར་མདེལ་གྱིས་ཚུར་རྒོལ་བྱུང་བ་དང་ཨུ་རུ་སུའི་མཐུན་གྲོགས་ཁག་ལ་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་ཕོག་པ། ཨུ་རུ་སུ་དང་དེའི་མཐུན་གྲོགས་ཚོར་རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་བྱུང་བ། ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆའི་མ་ལག་གི་རྨང་གཞིའི་མཐུན་རྐྱེན་ཁག་ལ་གཏོར་རྒོལ་བྱུང་བ། རྡུལ་ཕྲན་མཚོན་ཆ་བཀོད་སྤྱོད་མ་བྱས་ཀྱང་ཨུ་རུ་སུ་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་བཙན་འཛུལ་བྱུང་སྟེ་འཚོ་གནས་མི་ཐུབ་པའི་ཉེན་ཁ་འཕྲད་ན་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཕྱི་ཟླ་༣་པའི་ནང་དུ་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བྷ་ཌན་གྱི་སྲིད་གཞུང་གིས་ཚོགས་ཆུང་ཞིག་ཟུར་དུ་བཙུགས་ནས་ཨུ་རུ་སུས་ཡུཀ་རེན་ལ་རྡུལ་ཕྲན་མཚོན་ཆ་དང་རྫས་འགྱུར་མཚོན་ཆ། ནད་འབུ་ཕྲ་མོའི་མཚོན་ཆ་སོགས་ཀྱིས་གཏོར་རྒོལ་བྱེད་ན་ལན་པ་ཇི་ལྟར་སློག་དགོས་མིན་ཞིབ་འཇུག་དང་འཆར་འགོད་བྱེད་དུ་བཅུག་ཡོད་པའི་གནས་ཚུལ་ཐོན།།

ཡུག་ཀེ་རན་གྱི་སྲིད་འཛིན་གྱིས་ཕྱི་ཚེས་༡༨ ཉིན་གྱི་དགོང་མོར་རྒྱལ་ཡོངས་གསུང་བཤད་གནང་སྟེ་ཌོན་བྷ་སི་ས་ཁུལ་གྱི་དམག་འཁྲུག་འགོ་བརྩམས་པ་བསྒྲགས།
ཡུག་ཀེ་རན་གྱི་སྲིད་འཛིན་གྱིས་ཕྱི་ཚེས་༡༨ ཉིན་གྱི་དགོང་མོར་རྒྱལ་ཡོངས་གསུང་བཤད་གནང་སྟེ་ཌོན་བྷ་སི་ས་ཁུལ་གྱི་དམག་འཁྲུག་འགོ་བརྩམས་པ་བསྒྲགས།

ཕྱི་ཟླ་༤་པའི་ཚེས་༡༨་ཉིན་མེ་ལོང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་རབས་༩༠་ནང་དུ་ཨུ་རུ་སུའི་སྲིད་འཛིན་བྷོ་རེ་སི་ཡེལ་སན་སྐབས་ཀྱི་མཐོ་རིམ་ཕྱི་འབྲེལ་མི་སྣ་ཨན་ཌི་རེ་ཀོ་ཛི་རེབ་ཀྱིས་ཕུ་ཊིན་ལ་རྡུལ་ཕྲན་མཆོན་ཆ་འཕེན་ཐུབ་པའི་བློ་ཁོག་བསྐྱེད་ཐུབ་ཀྱི་མ་རེད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་བཙན་འཛུལ་བྱས་ནས་མོ་སི་ཀོའི་མཐའ་མཚམས་སུ་དམག་དཔུང་དྲངས་ན་ཕུ་ཊིན་གྱིས་རྡུལ་ཕྲན་མཆོན་ཆ་བཀོལ་སྤྱོད་བྱེད་ངེས་རེད། ཡིན་ནའང་ད་ལྟའི་སྐབས་འདིར་ཨུ་རུ་སུར་ཕྱི་ནས་བཙན་འཛུལ་འབྱུང་གི་མ་རེད་ཅེས་བསྟན། རྒྱལ་སྤྱིའི་མཁས་པ་ཚོས་ཡུཀ་རེན་གྱི་བཙན་འཛུལ་ལ་གྲུབ་འབྲས་ཐོན་གྱི་མེད་པས་ཕུ་ཊིན་ལ་ཅི་བྱེད་ངེས་གཏན་མེད་པའི་ཚོད་དཔག་བྱེད་མཁན་དང་དེའི་ལྡོག་ཕྱོགས་ཀྱི་ལྟ་ཚུལ་འཛིན་མཁན་བཅས་ཤོག་ཁག་གཉིས་སུ་ཆད། གཟའ་མཇུག་དེར་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཕུ་ཊིན་གྱིས་རྫས་འགྱུར་མཚོན་ཆའམ། ཡང་ན་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུའི་ཉེན་ཁ་འདུག འདི་ནི་ང་གཅིག་པུས་སེམས་ཁྲལ་བྱེད་དགོས་པ་ཞིག་མིན་པར་འཛམ་གླིང་ཧྲིལ་པོས་བློ་འཚབ་བྱེད་དགོས་པ་ཞིག་རེད། ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུའི་བསམ་ཞིབ་བྱེད་ཀྱི་འདུག་ཟེར་བ་བདེན་པ་ཡིན་མིན་མི་ཤེས་ཀྱང་དེ་ལ་སྣང་ཆུང་གཏོང་མི་ཉན། ཁོ་ཚོས་རྫས་འགྱུར་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུ་ཡིན་པ་དང་བཀོལ་སྤྱོད་ཀྱང་བྱེད་ཐུབ་ཀྱི་རེད། ཅིའི་ཕྱིར་ཞེ་ན་ཕུ་ཊིན་གྱིས་མིའི་ཚེ་སྲོག་གི་རིན་ཐང་མི་བརྩི། ང་ཚོ་དེ་ལ་མ་སྐྲག་པར་གྲ་སྒྲིག་ཚུལ་བཞིན་བྱ་དགོས། ང་ཚོ་ཡུཀ་རེན་འབའ་ཞིག་གིས་ལས་དོན་འདི་སྒྲུབ་མི་ཐུབ་པ་དང་འཛམ་གླིང་ཡོངས་ཀྱིས་དེ་ལ་གྲ་སྒྲིག་བྱ་དགོས་ཞེས་འབོད་སྐུལ་ཞུས། ཨུ་རུ་སུའི་ཉམས་ཞིབ་པ་དང་ཨུ་རུ་སུ་དམར་ཤོག་སྐབས་ཀྱི་མཐོ་རིམ་འགོ་ཁྲིད་ཚོའི་བུ་རབས་ཚ་རྒྱུད་ཁག་ཅིག་གིས་ཀྱང་ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་སྲིད་པའི་སྔོན་བརྡ་བཏང་འདུག

སི་ཏ་ལིན་གྱི་རྗེས་འཛིན་པ་དང་ཨུ་རུ་སུ་དམར་ཤོག་གི་འགོ་ཁྲིད་གསུམ་པ་ཁུ་རུ་ཤི་ཆོབ་ཀྱི་ཚ་མོ་སློབ་དཔོན་ཎི་ན་ཁུ་རུ་ཤི་ཆོབ་ཀྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཨུ་རུ་སུར་རྒྱལ་ཁ་ཇི་ལྟར་འཐོབ་དགོས་པའི་བསམ་ཞིབ་བྱེད་ཀྱི་ཡོད་པ་དེའི་ཁོངས་སུ་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུའི་གདམ་ཀ་ཡང་ཚུད་ཡོད་པ་རེད། དེ་ནི་ནུབ་ཕྱོགས་རྒྱལ་ཁབ་དང་ཨུ་རུ་སུ་གཉིས་ཀ་གཅིག་མཚུངས་རེད་ཅེས་བཤད། ཕུ་ཊིན་གྱིས་ཡུཀ་རེན་གྱི་དམག་འཁྲུག་སྐབས་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ཉེས་ཆད་བཙན་འགེལ་བྱས་ནས་དཔལ་འབྱོར་ཉམས་ཉེས་གཏོང་གི་འདུག་ཅེས་ལན་ཁག་དཀྲིས། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུའི་དམག་མིར་བསད་རྨས་འབྱུང་རྒྱུ་ཅི་ཙམ་མང་དུ་སོང་ན་ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་སྲིད་པའི་ཉེན་ཁ་དེ་བས་ཀྱང་ཆེ། ཕུ་ཊིན་ལ་རྒྱལ་སྤྱིའི་སྤྱི་ཚོགས་དང་ཨུ་རུ་སུའི་མི་དམངས་ཀྱི་མིག་མདུན་དུ་རྒྱལ་ཁ་ཞིག་འཐོབ་དགོས་ཀྱི་ཡོད་པ་རེད་ཅེས་བཀྲལ། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་དམག་མི་༡༢༥༡་ལ་སྲོག་སྐྱོན་བྱུང་བ་ངོས་ལེན་བྱས་ཀྱང་ཡུཀ་རེན་གྱིས་ཨུ་རུ་སུའི་དམག་མི་༡༩༠༠༠་ནས་༢༠༠༠༠་ཡས་མས་ཤིག་དམག་ས་ཁག་ཏུ་བསད་ཡོད། ཡུཀ་རེན་གྱི་དམག་མི་༢༥༠༠་ནས་༣༠༠༠་ཡས་མས་ཤིག་ལ་སྲོག་སྐྱོན་ཕོག་ཡོད་པ་དང་དམག་མི་༡༠༠༠༠་ཡས་མས་ཤིག་ལ་རྨས་སྐྱོན་ཕོག་སོང་། ཁོ་ཚོའི་གྲས་ཀྱི་མི་ཅི་ཙམ་གསོན་གནས་ཐུབ་མིན་བཤད་དཀའ། ཡུཀ་རེན་གྱི་ཞི་བའི་མི་མང་ལ་འཆི་རྨས་ཚབས་ཆེན་འཕོག་གི་འདུག ལྷག་པར་དུ་ཡུཀ་རེན་གྱི་ལྷོ་ཕྱོགས་སུ་ཆགས་པའི་ཁར་སན་དང་བྷེར་ཌི་ཡན་སིཀ མ་རི་ཨུ་པུལ་དང་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཝོལ་ནོ་ཝ་ཀ་སོགས་མཐའ་བསྐོར་ཡོད་པས་གྲོང་ཁྱེར་དེ་དག་གི་ནང་དུ་ཡུཀ་རེན་གྱི་མི་མང་དཀྱུས་མ་ཅི་ཙམ་ལ་འཆི་སྐྱོན་ཕོག་ཡོད་མེད་ཤེས་རྟོགས་ཐུབ་རྒྱུ་ཁག་པོ་འདུག ང་ཚོར་གཞན་གྱི་ས་ཆ་བཙན་འཕྲོག་བྱེད་འདོད་མེད། ང་ཚོའི་ས་ཆ་གཞན་ལའང་སྤྲོད་རྒྱུ་མིན། ང་ཚོ་ཚང་མར་འཐབ་འཁྲུག་རྒྱག་འདོད་ཡོད། ཡིན་ནའང་རྫོགས་མཐའ་མེད་པའི་དམག་འཁྲུག་ཅིག་རྒྱག་འདོད་མེད། དམག་འཁྲུག་གི་དུས་ཡུན་ཅི་ཙམ་རིང་ན་དེ་ཙམ་གྱིས་ཡུཀ་རེན་མི་དམངས་ཀྱི་ཚེ་སྲོག་འཆོར་གྱི་རེད་ཅེས་སི་ཨེན་ཨེན་གསར་འགྱུར་ལས་ཁང་གི་དམིགས་བསལ་བཅར་འདྲི་ཞིག་གི་སྐབས་སུ་ལན་འདེབས་བྱས་འདུག

XS
SM
MD
LG