ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་ཏུ་རིམས་ནད་འཇོམས་ཀྱི་ཡོད་སྲིད་ཀྱང་ཉི་ཧོང་ལ་ཁྱབ་ཉེན་ཆེ།


༄༅།། འདས་པའི་བདུན་ཕྲག་མང་པོར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་ཀྱིས་མི་ལ་འཆི་སྐྱོན་དང་ནད་མནར་ཆེན་པོ་བྱུང་། ད་ལྟ་རྒྱ་ནག་དབུས་ཕྱོགས་སུ་རིམས་ནད་དེའི་ངར་ཤུགས་ཆག་གི་ཡོད་པ་ལྟ་བུ་ཞིག་སྣང་རུང་ཉི་ཧོང་ལ་ཚབས་ཆེའི་འགོས་ནད་དེ་ཁྱབ་གདལ་འགྲོ་སྲིད་པའི་ཉེན་ཁ་ཇེ་ཆེར་སོང་། དཔེར་ན་ཉི་ཧོང་གི་ཡོ་ཁཱོ་ཧ་མ་གྲུ་ཁར་ཉིན་༡༤་ལ་བཀག་པའི་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་ཤིག་གི་ནང་དུ་ཏོག་དབྱིབས་རིམས་ནད་འགོས་པའི་མི་གཉིས་འདས་གྲོངས་སུ་གྱུར། ཕྱི་ཟླ་༢་པའི་ཚེས་༢༠་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་མི་༢༡༢༩་ལ་འཆི་སྐྱོན་དང་ནད་པའི་གྲངས་འབོར་མི་༧༤༥༧༦་ཟིན། ཁ་སང་ཉི་མ་གཅིག་ལ་མི་༡༠༨་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཀྱང་ནད་པ་གསར་པ་༣༤༩་མ་གཏོགས་འཕར་སྣོན་བྱུང་མ་སོང་། ཧུ་པེ་ཞིང་ཆེན་གྱི་སྨན་ཁང་ཁག་ཏུ་ནད་པ་དྲག་སྐྱེད་བྱུང་སྟེ་རང་ཁྱིམ་དུ་ལོག་པའི་མི་༡༠༣༣༠་བྱུང་ཡོད། ད་དུང་ནད་པ་༤༣༠༠༠་ཡས་མས་ཤིག་ལ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད། ནད་པ་༢༠༥༠་ཐམ་པ་ཛ་དྲག་གི་གནས་སུ་ལྷུང་འདུག་ཅེས་བསྒྲགས། ཉམས་ཞིབ་པ་ཚོས་རྒྱ་ནག་གི་ཧུ་པེ་ཞིང་ཆེན་དུ་མི་ལ་སྨན་བཅོས་བྱེད་སྟངས་དང་ནད་པའི་གྲངས་འབོར་རྩིས་སྟངས་ལ་གཅིག་གྱུར་གྱི་ངེས་གཏན་ཞིག་མི་འདུག་ཅེས་གླེང་། རྒྱ་ནག་གི་ནད་རིགས་བཀག་སྡོམ་དང་སྔོན་འགོག་ཁང་གིས་ཕྱི་ཟླ་དང་པོའི་ཟླ་མཇུག་ཏུ་རིམས་ནད་ཀྱི་ངར་ཤུགས་ཆག་ཐུབ་པའི་ཚོད་དཔག་བྱས་ཀྱང་ཕྱི་ཟླ་༢་པའི་ཟླ་སྨད་ལའང་རིམས་ནད་དེའི་ངར་ཤུགས་ཆག་མི་ཐུབ་པའི་གནས་སུ་ཟད།

བོད་ཀྱི་ས་ཁུལ་ཁག་ལ་མཚོན་ན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་༦༧་ཐོན། འདི་ནི་ཉི་མ་གཅིག་གི་སྔོན་དང་བསྡུར་ན་ནད་པ་༢་མང་དུ་ཕྱིན་འདུག དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྟའུ་རྫོང་གཅིག་པུར་ནད་པ་༦༢་ཡོད་པ་དེ་རྣམས་ཁྱིམ་ཚང་གསུམ་གྱི་མི་ཡིན་པར་མ་ཟད། ཁྱིམ་ཚང་གཅིག་ལ་ནད་པ་མི་༡༠་ཡོད་འདུག ད་དུང་རྟའུ་རྫོང་གི་མི་༣༩༠་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་དོགས་པ་བྱས་ནས་ཟུར་དུ་བཀག མི་༡༩༠༨་རང་ཁྱིམ་དུ་བཀག་སྟེ་བརྟག་དཔྱད་བྱེད་ཀྱི་ཡོད་ཅིང་། མི་༨༤༦༣་ལ་ཏོག་དབྱིབས་ནད་རྟགས་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་འགོ་ཚུགས། རྟའུ་རྫོང་ལ་ཁྱོན་བསྡོམས་མི་གྲངས་ཁྲི་ཚོ་༦་ལྷག་ཡོད་པ་དང་གཟའ་ལྷག་པ་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་འགའ་ཞིག་ལ་སྐྱེལ་འདྲེན་དང་འགྲིམ་འགྲུལ་སླར་གསོ་བྱུང་འདུག

མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ས་ཟི་ལིང་གྲོང་ཁྱེར་དུ་ནད་པ་༡༥་ཡོད་པ་དེའི་ཁོངས་ཀྱི་ནད་པ་༤་དྲག་སྐྱེད་བྱུང་། ད་ལྟ་ནད་པ་༡༡་ལས་མེད་པ་དང་མཚོ་བྱང་ཁུལ་དུ་ནད་པ་༣་ཡོད་པ་དེའི་ནང་གི་མི་༢་དྲག་སྐྱེད་བྱུང་། ད་ལྟ་ནད་པ་༡་ཡོད་པ་དེར་སྨན་བཅོས་བྱེད་བཞིན་ཡོད་པ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ནད་པ་༨་ཡོད་པ་དེའི་གྲས་ཀྱི་ནད་པ་༤་དྲག་སྐྱེད་བྱུང་། ད་ལྟ་ནད་པ་༤་ལས་མེད་པ་དེ་དག་ལ་སྨན་བཅོས་བྱེད་བཞིན་ཡོད་ཅེས་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ། ཕྱི་ཟླ་༢་ཚེས་༢༠་ཀྱི་མཚམས་སུ་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་༨༣་ཡོད་ཀྱང་ནད་པ་ཚང་མ་བོད་པ་ཡིན་མིན་གྱི་གནས་ཚུལ་གསལ་པོ་ཞིག་རྩད་གཅོད་བྱེད་དཀའ། དེང་སྐབས་རྟའུ་རྫོང་ལ་རིམས་ནད་ཁྱབ་ནས་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་པ་སེལ་ཐབས་སུ་བོད་པ་སྤྱི་སྒེར་གཉིས་དང་སྐྱ་སེར་ལ་དབྱེ་བ་མེད་པར་དངུལ་སྒོར་ཞལ་འདེབས་དང་ཁ་རས་ཉོ་བ། སྨན་པ་དང་སྨན་ཞབས་པ་རྣམས་དངོས་སུ་རྟའུ་རྫོང་དུ་རོགས་སྐྱོར་ལ་བསྐྱོད་པ། བོད་པ་སྒྱུ་རྩལ་བ་ཚོས་རྟའུ་རྫོང་གི་ནད་པ་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་མཚོན་པའི་ལས་འགུལ་སྣ་མང་ཞིག་སྤེལ་ནས་བོད་པ་ཚོས་སྐྱིད་སྡུག་མཉམ་མྱོང་གི་རྣམ་པ་སྟོན་རྒྱུ་ཤུགས་ཆེ་རུ་ཕྱིན་འདུག

ཉམས་ཞིབ་པ་ཚོས་རྒྱ་ནག་གི་བཟོ་གྲྭ་ཁག་གི་བཟོ་བ་ས་ཡ་མང་པོ་བསྐྱར་དུ་རང་གི་ལས་གནས་སུ་འབྱོར་ན་རྒྱ་ནག་གི་སྤྱི་ཚོགས་སུ་སླར་ཡང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་འགྲོ་སྲིད་པའི་ཉེན་ཁ་ཆེ། རྒྱ་ནག་གི་ཕྱི་ལོགས་སུ་ཏོག་དབྱིབས་ནད་དུག་འགོས་ནས་འདས་གྲོངས་སུ་གྱུར་པ་དང་འགོས་ནད་ཕོག་ཡོད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་འདུག དཔེར་ན་ཕྱི་ཟླ་༢་ཚེས་༢༠་ཉིན་ལྷོ་ཀོ་རི་ཡར་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་གསར་པ་༣༡་བྱུང་ཡོད་པས་རྒྱལ་ཁབ་དེར་ཁྱོན་བསྡོམས་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་༨༡་ལ་སླེབས། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་ལའང་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པའི་གྲངས་འབོར་མུ་མཐུད་དུ་འཕར་སྣོན་སོང་། ཧོང་ཀོང་དམིགས་བསལ་ས་ཁུལ་དུ་ནད་པ་༦༣་དང་མི་གཉིས་ལ་འཆི་སྐྱོན་བྱུང་། ད་ལྟ་འཛམ་གླིང་ཁྱོན་ཡོངས་ཀྱིས་དོགས་ཟོན་དང་འཇིགས་སྣང་བྱ་ཡུལ་ནི་ཉི་ཧོང་གི་མཚོ་ཁར་བཀག་པའི་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་ཤིག་གི་འགྲུལ་པ་དང་ལས་བྱེད་པ་བཅས་མི་༣༧༠༠་རང་རང་གི་རྒྱལ་ཁབ་སོ་སོར་ཕྱིར་སློག་བྱས་ཡོད་པ་དེ་དག་གིས་རིམས་ནད་ཁྱབ་གདལ་གཏོང་སྲིད། ཉི་ཧོང་གཞུང་གིས་གྲུ་གཟིངས་དེའི་ནང་གི་འགྲུལ་པ་དང་ལས་བྱེད་པ་ཚོར་ཉིན་༡༤་རིང་ལ་བརྟག་དཔྱད་བྱས་ནས་ནད་རྟགས་ཐོན་མ་སོང་། ནད་དུག་འགོས་ཡོད་པ་ཚོ་དྲག་སྐྱེད་མ་བྱུང་བར་དུ་ཉི་ཧོང་གི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་ཀྱི་ཡོད་ཅེས་བཤད་མོད། འོན་ཀྱང་ཨ་མི་རི་ཀས་རང་གི་སྤྱི་དམངས་༣༠༠་ལྷག་གྲུ་གཟིངས་དེའི་ནང་ནས་སྐྱོབ་ལེན་བྱས་པ་དེ་དག་གི་གྲས་ཀྱི་མི་༡༤་ལ་ཕྱིས་སུ་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་། དེར་བརྟེན་ཐོག་མར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་འཛམ་གླིང་ཡོངས་ལ་ཁྱབ་སྲིད་པའི་བློ་འཚབ་བྱེད་ཀྱི་འདུག

ཏོག་དབྱིབས་རིམས་ནད་ཁྱབ་པའི་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་དེར་རྒྱལ་ཁབ་༥༧་ཀྱི་འགྲུལ་པ་ཡོད་པས་རྒྱལ་ཁབ་ཕལ་མོ་ཆེས་གནམ་གྲུ་བཏང་ནས་རང་རང་གི་སྤྱི་དམངས་རྣམས་སྐྱོབ་ལེན་བྱས་ཤིང་། ད་སྔ་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་༢༨་ལ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་ཁྱབ་ཟིན། ཉི་ཧོང་གི་ཁོ་བྷེ་སློབ་གྲྭ་ཆེན་མོའི་འགོས་ནད་ཉམས་ཞིབ་པ་ཁན་ཏ་རོ་ཨི་ཝ་ཏ་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་དེར་གཟིགས་ཞིབ་ཏུ་ཕེབས་ནས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་འདི་ལྟར་བཤད། ནད་དུག་གང་དུ་ཁྱབ་ཡོད་པ་ཤེས་རྟོགས་མི་ཐུབ་པ་དང་མི་ཚང་མས་དོགས་ཟོན་བྱེད་ཀྱི་མི་འདུག གྲུ་གཟིངས་དེར་འགོས་ནད་སྔོན་འགོག་བྱེད་མཁན་སྨན་པ་གཅིག་ཀྱང་མེད་པས་འགོས་ནད་ཁྱབ་གདལ་འགྲོ་སྲིད་པའི་དོགས་པ་ཆེན་པོ་ཡོད་ཅེས་བཤད། གཟའ་ཕུར་བུའི་ཉིན་ཨི་རན་གཞུང་གིས་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་གསར་པ་གསུམ་བྱུང་སོང་། ཨི་རན་གྱི་ཁུམ་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་པའི་མི་གཉིས་འདས་གྲོངས་སུ་གྱུར་པས་གྲོང་ཁྱེར་དེའི་སློབ་གྲྭ་ཁག་དང་སློབ་ཆེན་ཁག་སྒོ་བརྒྱབ་ནས་ཆོས་ལུགས་ཀྱི་བྱེད་སྒོ་རྣམས་མཚམས་འཇོག་བྱས་ཡོད་ཅེས་བསྒྲགས། ཉེ་ཆར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་སློབ་སྦྱོང་བྱེད་བཞིན་པའི་ཨི་རན་གྱི་སློབ་ཕྲུག་༨༦་ཡོད་པ་རྣམས་ཨི་རན་གཞུང་གིས་རང་ཡུལ་དུ་བླངས། ཨི་རན་གཞུང་གིས་འགོས་ནད་དེ་ཨི་རན་ལ་ཇི་ལྟར་ཁྱབ་པ་ཡིན་མིན་རྩད་གཅོད་བྱེད་ཀྱི་ཡོད་ཅིང་། ཁོ་ཚོས་པ་ཀི་སི་ཐན་ནས་ཨི་རན་ལ་གནས་སྐོར་དུ་ཡོང་བའི་མཇལ་སྐོར་བ་རྣམས་བརྒྱུད་ནས་རིམས་ནད་ཁྱབ་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG