ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ནོར་ཝེ་སོགས་ཀྱིས་པ་ལི་སི་ཐན་རྒྱལ་ཁབ་ངོས་འཛིན་བྱ་རྒྱུའི་ཐག་བཅད།


ནོར་ཝེ་དང་ཨར་ལན་ཌི། སི་པེན་གསུམ་གྱིས་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ངོས་འཛིན་བྱ་རྒྱུའི་ཐག་བཅད།
ནོར་ཝེ་དང་ཨར་ལན་ཌི། སི་པེན་གསུམ་གྱིས་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ངོས་འཛིན་བྱ་རྒྱུའི་ཐག་བཅད།

༄༅།། ཡུ་རོབ་རྒྱལ་ཁབ་ནོར་ཝེ་དང་ཨར་ལན་ཌི། སི་པེན་གསུམ་གྱིས་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ངོས་འཛིན་བྱ་རྒྱུའི་ཐག་བཅད། ཕྱི་ཟླ་༥་པའི་ཚེས་༢༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པ་ལི་སི་ཐན་བ་ཚོས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ངོས་འཛིན་དེར་དགའ་བསུ་ཞུས། ཨི་སི་རལ་གྱི་གོང་འཁོད་རྒྱལ་ཁབ་གསུམ་དུ་བཅའ་སྡོད་གཞུང་ཚབ་པ་རྣམས་ཕྱིར་འཐེན་བྱས་ནས་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ། པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ངོས་འཛིན་གྱི་དངོས་གཞིའི་གསལ་བསྒྲགས་དེ་ཟླ་བ་འདིའི་ཚེས་༢༨་ཉིན་བྱ་འཆར་ཡོད་ཅིང་། ཨི་སི་རལ་གྱིས་གྷ་ཛ་ཐང་གཤོངས་སུ་དཔུང་འཇུག་བྱས་ནས་པ་ལི་སི་ཐན་བ་ས་ཡ་མང་པོས་གདུག་རྩུབ་དྲག་པོ་མྱོང་གི་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པ་ལི་སི་ཐན་མི་དམངས་ལ་རྒྱབ་སྐྱོར་བྱས་ནས་ཨི་སི་རལ་གྲོགས་མེད་ཁེར་རྐྱང་དུ་ལུས་རྒྱུ་སྔར་ལས་སྡུག་ཏུ་སོང་།།

ནོར་ཝེ་ནི་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ངོས་འཛིན་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་མཁན་ཐོག་མ་དེ་ཡིན་པ་སྟེ། སྲིད་བློན་ཡོ་ན་སི་གྷར་སི་ཏོ་རས་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ངོས་འཛིན་མ་བྱས་པར་དཀྱིལ་ཤར་ས་ཁུལ་དུ་ཞི་བདེ་ཡོང་ཐབས་མི་འདུག ནོར་ཝེའི་གཞུང་གིས་ཨ་རབ་མཐུན་ཚོགས་ཀྱི་ཞི་བའི་གྲོས་འཆར་ལ་རྒྱབ་སྐྱོར་བྱས་ནས་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ངོས་འཛིན་བྱ་རྒྱུ་ཡིན། ང་ཚོས་པ་ལི་སི་ཐན་ལས་འགན་དང་ཐོབ་ཐང་གཉིས་ཀ་ཡོད་པའི་རང་བཙན་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱ་རྒྱུའི་ཐག་བཅད་ཟིན། ཧ་མ་སི་འཇིགས་སྐུལ་ཚོགས་པས་ཨི་སི་རལ་རྩ་མེད་གཏོང་རྒྱུའི་ལངས་ཕྱོགས་བཟུང་སྟེ་ཨི་སི་རལ་དང་པ་ལི་སི་ཐན་ཞེས་རང་བཙན་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་བྱ་དགོས་པའི་ཐབས་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པ་རེད། པ་ལི་སི་ཐན་མི་དམངས་ལ་རང་བཙན་རྒྱལ་ཁབ་ཅིག་འཛུགས་ཆོག་པའི་གཞི་རྩའི་ཐོབ་ཐང་ཡོད་པ་རེད་ཅེས་བསྒྲགས།།

ནོར་ཝེ་སྲིད་བློན་ཡོ་ན་སི་གྷར་སི་ཏོ་རས།
ནོར་ཝེ་སྲིད་བློན་ཡོ་ན་སི་གྷར་སི་ཏོ་རས།

ཨར་ལན་ཌིའི་སྲིད་བློན་སེ་མོན་ཧ་རི་སིས་དེ་རིང་གི་ཉིན་མོ་ནི་ཨར་ལན་ཌི་དང་པ་ལི་སི་ཐན་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉི་མ་གལ་ཆེན་ཞིག་ཡིན། ང་ཚོས་ཨི་སི་རལ་དང་པ་ལི་སི་ཐན་གྱི་འཁྲུག་རྩོད་འགོག་པར་རང་བཙན་རྒྱལ་ཁབ་གཉིས་ཀྱི་ཐབས་ལམ་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱལ་ཁབ་གཞན་ཁག་ཀྱང་ནོར་ཝེ་དང་ཨར་ལན་ཌི། སི་པེན་གསུམ་གྱི་རྗེས་སུ་འབྲངས་ནས་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ངོས་འཛིན་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་བཀྲལ། ན་ནིང་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གིས་སྐམ་མཚོ་གནམ་གསུམ་ནས་ཨི་སི་རལ་ལ་གློ་བུར་དུ་འཇབ་རྒོལ་བྱས་ནས་མི་༡༢༠༠་ལྷག་བསད་པ་དང་མི་༢༠༠་ཡས་མས་ཤིག་བཙན་ཁྲིད་བྱས་ནས་བཟུང་། ཨི་སི་རལ་གྱིས་གྷ་ཛ་ཐང་གཤོངས་སུ་དཔུང་འཇུག་བྱས་ནས་པ་ལི་སི་ཐན་བ་ཁྲི་ཚོ་མང་པོ་དམར་གསོད་དང་མུག་གསོད། གྷ་ཛའི་པ་ལི་སི་ཐན་བ་རྣམས་ནད་མནར་དང་བཀྲེས་ལྟོགས་ཀྱིས་མནར་བཞིན་ཡོད་པས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་ཨི་སི་རལ་ལ་མི་རིགས་གཙང་སེལ་གྱི་ནག་ཉེས་བཙུགས།།

ཨར་ལན་ཌིའི་སྲིད་བློན་སེ་མོན་ཧ་རི་སིས་
ཨར་ལན་ཌིའི་སྲིད་བློན་སེ་མོན་ཧ་རི་སིས་

སི་པེན་གྱི་སྲིད་བློན་སན་ཆེ་ཛིས་རྒྱལ་ཡོངས་གྲོས་ཚོགས་སུ་ཐབས་ཇུས་འདི་འདས་དོན་བསྐྱར་གསོ་དང་ཚེ་སྲོག་ཤོར་བའི་པ་ལི་སི་ཐན་བ་རྣམས་ཕྱིར་ཡོང་ཡོད་པ་ཞིག་མིན་མོད། འོན་ཀྱང་ད་ལྟ་དང་མ་འོངས་པར་པ་ལི་སི་ཐན་བ་ཚོར་ཆེ་མཐོང་ཐོབ་སྟེ་དང་རེ་བ་ཞིག་སྟེར་རྒྱུར་གལ་འགངས་ཆེན་པོ་རེད། ངོས་འཛིན་འདིས་སུ་གཅིག་ཀྱང་དགྲ་རུ་བཟུང་མེད། ཨི་སི་རལ་མི་དམངས་ལ་རྒྱབ་འགལ་བྱས་པ་མིན། ཞི་བདེ་དང་དྲང་སྙོམས། ཀུན་སྤྱོད་ཀྱི་འདུ་ཤེས་ཐོག་ཏུ་ངོས་འཛིན་བྱས་པ་ཡིན། ངས་བདུན་ཕྲག་དང་ཟླ་བ་བསྟུད་ནས་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་གྲོས་སྡུར་བྱས་པ་ཡིན། ཨི་སི་རལ་གྱིས་ཧ་མ་སི་འཇིགས་སྐུལ་ཚོགས་པར་འཐབ་རྒོལ་བྱེད་ཀྱི་ཡོད་པ་ལུགས་མཐུན་ཞིག་ཡིན་རུང་སྲིད་བློན་ནེ་ཐན་ཡ་ཧུར་ཞི་བདེ་བསྐྲུན་འདོད་མེད་པ་གསལ་པོ་རེད་ཅེས་བསྟན། ཟླ་བ་འདིའི་མགོ་སྟོད་དེར་སི་པེན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེར་སི་པེན་གཞུང་གིས་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ངོས་འཛིན་བྱ་རྒྱུ་ཡིན་ཞེས་བརྡ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

སི་པེན་གྱི་སྲིད་བློན་སན་ཆེ་ཛིས་་རྒྱལ་ཡོངས་གྲོས་ཚོགས་སུ་
སི་པེན་གྱི་སྲིད་བློན་སན་ཆེ་ཛིས་་རྒྱལ་ཡོངས་གྲོས་ཚོགས་སུ་

དེ་རིང་གཟའ་ལྷག་པ་ནི་༡༩༩༣་ལོར་ཨི་སི་རལ་དང་པ་ལི་སི་ཐན་གྱི་སྐུ་ཚབ་ཚོས་ནོར་ཝེའི་རྒྱལ་ས་ཨོ་སོ་ལོར་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ནས་ལོ་༣༠་འཁོར་བའི་དུས་དྲན་ཡིན་ཞིང་། འདས་པའི་ལོ་༣༠་ཐམ་པའི་རིང་པ་ལི་སི་ཐན་བ་ཚོ་རང་བཙན་རྒྱལ་ཁབ་ཅིག་འཛུགས་རྒྱུའི་ཕྱོགས་སུ་མདུན་སྐྱོད་བྱུང་། ནོར་ཝེ་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་སུ་ཞུགས་མེད་ཀྱང་ཐག་གཅོད་དེས་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་གཞན་ཁག་གི་བསམ་བློ་གཏོང་ཕྱོགས་མཚོན། ཡུ་རོབ་རྒྱལ་ཁབ་འགའ་ཞིག་གིས་དཀྱིལ་ཤར་ས་ཁུལ་དུ་ཡུན་བརྟན་གྱི་ཞི་བདེ་བསྐྲུན་དགོས་ན་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ངོས་འཛིན་བྱ་དགོས་པའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མངོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་༡༤༠་ཐམ་པས་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ངོས་འཛིན་མ་བྱས་པར་ལུས།།

ཕྱི་ཟླ་༥་པའི་ཚེས་༢༢་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པ་ལི་སི་ཐན་གྱི་སྲིད་འཛིན་མྷ་མུ་དཱ་ཨ་བྷ་སིས་ནོར་ཝེ་དང་ཨར་ལན་ཌི། སི་པེན་གསུམ་གྱི་ངོས་འཛིན་ལ་དགའ་བསུ་ཡོད། ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་གཞན་ཁག་གིས་ཀྱང་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ངོས་འཛིན་བྱ་དགོས། སི་པེན་གྱི་ཐག་གཅོད་དེས་པ་ལི་སི་ཐན་མི་དམངས་ལ་ཁྲིམས་མཐུན་དང་འཕྲོག་ཐབས་མེད་པའི་ཐོབ་ཐང་ཡོད་པར་ངོས་འཛིན་ཐོབ་པ་རེད། ནོར་ཝེ་དང་ཨར་ལན་ཌི་གཉིས་ནི་སྔ་མོ་ནས་རྒྱལ་སྤྱིའི་གླེང་སྟེགས་ཁག་ཏུ་པ་ལི་སི་ཐན་མི་དམངས་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་གཙོ་གྲས་གཉིས་ཡིན་པར་མ་ཟད། ད་ཐེངས་ཀྱི་ཐག་གཅོད་ཀྱིས་བཙན་གནོན་དང་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ། པ་ལི་སི་ཐན་བ་རྣམས་རང་དབང་དང་དྲང་བདེན། རང་བཙན་གྱི་གནས་བབ་ཐོག་ཏུ་འཚོ་གནས་བྱེད་ཆོག་པའི་རྩ་དོན་ལ་རྒྱབ་སྐྱོར་བྱས་པ་མཚོན་ཐུབ་ཅེས་བསྔགས་བརྗོད་ཞུས་འདུག

པ་ལི་སི་ཐན་གྱི་སྲིད་འཛིན་མྷ་མུ་དཱ་ཨ་བྷ་སིས་
པ་ལི་སི་ཐན་གྱི་སྲིད་འཛིན་མྷ་མུ་དཱ་ཨ་བྷ་སིས་

ཕྱི་ཟླ་༥་པའི་ཚེས་༢༢་ཉིན་ཇཱེ་རུ་ས་ལམ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨི་སི་རལ་གྱི་ཕྱི་སྲིད་བློན་ཆེན་ཁ་ཛིས་ནུབ་ཕྱོགས་རྒྱལ་ཁབ་ནོར་ཝེ་དང་ཨར་ལན་ཌི། སི་པེན་བཅས་སུ་བཅའ་སྡོད་ཨི་སི་རལ་གྱི་གཞུང་ཚབ་པ་རྣམས་རང་ཡུལ་ལ་འཕྲལ་དུ་ཕྱིར་ལོག་བྱ་དགོས་པའི་བཀོད་ཁྱབ་བཏང་ཡོད། ཡུ་རོབ་རྒྱལ་ཁབ་དེ་དག་གིས་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ངོས་འཛིན་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ཨི་སི་རལ་གྱི་བདེ་འཇགས་དང་བདག་དབང་ལ་སྣང་མེད་བཏང་ན་ནམ་ཡང་བཟོད་སྒོམ་བྱ་རྒྱུ་མིན་ཞེས་ངས་ཨར་ལན་ཌི་དང་ནོར་ཝེ་སོགས་ལ་གོ་ནོར་ཐེབས་ས་མེད་པའི་བརྡ་ཞིག་བཏང་ཡོད། དེ་རིང་གི་ཐག་གཅོད་ཀྱིས་པ་ལི་སི་ཐན་བ་དང་འཛམ་གླིང་ཡོངས་ལ་གོ་བརྡ་ལོག་པ་སྤྲད་པ་རེད། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་དགོས་པ་དང་ཨི་སི་རལ་ལ་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་རྒོལ་རྡུང་བྱུང་བའི་རྗེས་སུ་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ངོས་འཛིན་བྱས་པ་འོས་འཚམས་ཤིག་མ་རེད་ཅེས་དགག་པ་བརྒྱབ།།

ཨི་སི་རལ་གྱི་ནོར་སྲིད་བློན་ཆེན་སི་མོ་ཊི་རི་ཆིས་
ཨི་སི་རལ་གྱི་ནོར་སྲིད་བློན་ཆེན་སི་མོ་ཊི་རི་ཆིས་

གཟའ་ལྷག་པའི་ཉིན་ཨི་སི་རལ་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨི་སི་རལ་གྱི་ནོར་སྲིད་བློན་ཆེན་སི་མོ་ཊི་རི་ཆིས་པ་ལི་སི་ཐན་དབང་འཛིན་ལྷན་ཁང་ལ་འགྲོ་གྲོན་བརྒྱུད་སྤྲོད་བྱ་རྒྱུ་འགོག་དགོས། སྲིད་བློན་ནེ་ཐན་ཡ་ཧུས་ངེས་པར་དུ་པ་ལི་སི་ཐན་དབང་འཛིན་ལྷན་ཁང་ལ་ཉེས་ཆད་དྲག་པོ་གཅོད་དགོས། བློན་ཆེན་ལྷན་ཁང་གི་ཚོགས་འདུའི་ཐོག་ཏུ་ང་རང་ཚུད་པའི་བློན་ཆེན་མང་པོར་པ་ལི་སི་ཐན་དབང་འཛིན་ལྷན་ཁང་ལ་དཔལ་འབྱོར་གྱི་ཉེས་ཆད་ནན་པོ་གཅོད་དགོས་པའི་བསམ་ཚུལ་འདུག་ཅེས་སྲིད་བློན་ནེ་ཐན་ཡ་ཧུར་སྙན་ཞུ་ཕུལ། གཟའ་འཁོར་འདིར་ཡུ་རོབ་རྒྱལ་ཁབ་གསུམ་གྱིས་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ངོས་འཛིན་བྱས་ཤིང་། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུ་དང་རྒྱལ་སྲུང་བློན་ཆེན། པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་སིན་ཝལ་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་བསླེབས་ན་འཛིན་བཟུང་བྱ་དགོས་ཞེས་བཅད་ཁྲ་བསྒྲགས་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG