༄༅།། ར་ཤི་ཡར་དཔུང་གྲོགས་སུ་བཏང་བའི་བྱང་ཀོ་རི་ཡའི་དམག་མི་ཚོར་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་ཚབས་ཆེན་ཕོག ད་ལྟ་ཡུཀ་རེན་གྱི་དམག་ས་ཁག་ནས་བྱང་ཀོ་རི་ཡའི་དམག་མི་དེ་རྣམས་ཕྱིར་འཐེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་དང་པོའི་ཚེས་༣༠་ཉིན་སི་ཨེན་ཨེན་གསར་ཁང་གིས་ཨ་རི་དང་ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། ཉེ་ཆར་ཕྱི་ཟླ་༡༠་པའི་ཟླ་མཇུག་ཏུ་བྱང་ཀོ་རི་ཡའི་དམག་མི་༡༢༠༠༠་ར་ཤི་ཡར་དཔུང་གྲོགས་སུ་བསླེབས་པར་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་དངངས་སྐྲག་ལངས། ཕྱི་ཟླ་༡༢་པ་ནས་བྱང་ཀོ་རི་ཡའི་དམག་མི་དེ་རྣམས་ཀོར་སི་ཀ་མངའ་ཁུལ་དུ་བཏང་སྟེ་ཡུཀ་རེན་གྱི་དམག་ལ་འཐབ་རྒོལ་བྱས་ནས་དམག་འཁྲུག་ལ་ཞུགས། ད་ལྟའི་བར་དུ་བྱང་ཀོ་རི་ཡའི་དམག་མི་༤༠༠༠་ཡས་མས་ཤིག་བསད་རྨས་བྱུང་། བདུན་ཕྲག་གཉིས་ཀྱི་སྔོན་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བྱང་ཀོ་རི་ཡའི་དམག་མི་མཐོང་ཐོས་མེད་པར་གྱུར།།
བྱང་ཀོ་རི་ཡའི་དམག་མི་ཚོར་བསམ་བློའི་སློབ་གསོ་ཐོབ་སྟེ་དམག་སར་རྨས་སྐྱོན་ཕོག་ན་རང་གིས་རང་ལ་མེ་མདའ་བརྒྱབ་ནས་གསོད་པའམ། ཡང་ན་མ་ནེའི་འོག་ཏུ་འབར་མདེལ་བཀད་དུ་བཅུག་སྟེ་རང་སྲོག་བཅད། དེ་མིན་ན་ཁྲབ་རྨོག་ཕུད་ནས་རྐང་ཐང་ལ་བརྒྱུགས་ཏེ་ཡུཀ་རེན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུའི་མདུན་དུ་ཐོན། འཐབ་གྲོགས་པ་ཚོར་མེ་མདའ་རྒྱག་ཏུ་བཅུག་སྟེ་ཡུཀ་རེན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུ་གཏོར། ཁོ་ཚོས་ཉིན་དེབ་ནང་དུ་རླབས་ཆེན་གྱི་དབུ་ཁྲིད་ཀིམ་ཇོང་ཨུན་ལ་གཞུང་དྲང་བློ་དཀར་ཡིན་ཞེས་ཁ་ཆེམས་བྲིས། བྱང་ཀོ་རི་ཡའི་དམག་མི་རྨས་མ་ཕལ་ཆེ་བས་ཡུཀ་རེན་གྱི་དམག་ལ་གསོན་པོར་འཛིན་བཟུང་བྱེད་དུ་མ་བཅུག་པར་ཤི། ཁོ་ཚོའི་འཐབ་ཇུས་རྣམས་དུས་རབས་སྔོན་མའི་ལོ་རབས་༨༠་པའི་དམག་འཁྲུག་གི་འཐབ་ཇུས་ཡིན་པའི་གསར་འགྱུར་ཐོན་འདུག
ར་ཤི་ཡས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ཏེ་དམག་འཁྲུག་བསླངས་ནས་ལོ་༤་འགྲོ་གྲབས་ཡོད་ཅིང་། མཐར་ཡུཀ་རེན་གྱི་དམག་འཁྲུག་དེ་ཞི་བའི་གྲོས་མོལ་བྱས་ནས་མཇུག་བསྒྲིལ་དགོས་པས་ཕུ་ཊིན་གྱིས་ཞི་བའི་གྲོས་མོལ་མ་བྱས་གོང་དུ་འཐབ་འཁྲུག་ཤུགས་ཆེ་རུ་བཏང་ནས་ཡུཀ་རེན་གྱི་ས་ཆ་གང་མང་ཞིག་འཕྲོག་ཐབས་སུ་འབད། འོན་ཀྱང་ར་ཤི་ཡར་དམག་མི་འདང་ངེས་མེད་པར་བྱང་ཀོ་རི་ཡར་དཔུང་གྲོགས་གཏང་དགོས་ཞེས་ནན་གྱིས་བསྐུལ། སི་ཨེན་ཨེན་གསར་ཁང་ལ་བརྙན་ཐུང་ཞིག་རག་པ་དེའི་ནང་དུ་བྱང་ཀོ་རི་ཡའི་དམག་མི་ཞིག་རྨས་ནས་ཁ་སྦུབ་ཏུ་རིལ། ཡུཀ་རེན་གྱི་དམག་མི་ཞིག་འཇབ་ནས་ཕྱིན་པ་དང་བྱང་ཀོ་རི་ཡའི་དམག་མི་དེའི་རྐང་ནས་འཐེན་ཏེ་ཤི་ཡོད་མེད་བལྟས། བྱང་ཀོ་རི་ཡའི་དམག་མི་དེས་ཀི་སྒྲ་སྒྲོགས། ཡུཀ་རེན་གྱི་དམག་མི་དེ་འཕྲལ་དུ་ཕྱི་ནུད་བྱས་ནས་མེ་མདའ་བརྒྱབ། བྱང་ཀོ་རི་ཡའི་དམག་མི་དེས་ལག་པའི་ནང་དུ་འབར་མདེལ་བཟུང་སྟེ་མགོ་ལ་སྦྱར་ནས་བཀད། ཁོ་པའི་མཐའ་མཇུག་གི་འབོད་ཚིག་ནི་སྤྱི་ཁྱབ་ཆེན་མོ་ཀིམ་ཇོང་ཨུན་ཞེས་བསྒྲགས་སོང་ཟེར།།
ལྷོ་ཀོ་རི་ཡའི་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཞིག་གིས་ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་ལ་སྐད་སྒྱུར་གྱི་སྲི་ཞུ་བསྒྲུབས། ཁོ་པས་རང་གི་མཐོང་ཐོས་རྣམས་ལྷོ་ཀོ་རི་ཡའི་གྲོས་ཚོགས་ལ་སྙན་སེང་ཞུས། ཡུཀ་རེན་གྱི་དམིགས་བསལ་དཔུང་སྡེ་༦་པའི་བཀོད་འདོམས་པ་ཞིག་གིས་བྱང་ཀོ་རི་ཡའི་དམག་མི་ཚོས་རང་སྟེང་དུ་འབར་མདེལ་སྦར་ནས་ལུས་པོ་གཙབས་རལ་ཏུ་གཏོང་གི་འདུག ཁོ་ཚོར་མགོ་སྒུར་ཞེས་ཅི་ཙམ་སྐུལ་ལྕག་བཏང་ཡང་ཉན་གྱི་མི་འདུག ཁོ་ཚོ་མ་བསད་བར་དུ་འཐབ་འཛིང་བྱེད་ཀྱི་འདུག དེང་རབས་ཀྱི་འཐབ་ཇུས་ཅི་ཡང་ཤེས་ཀྱི་མི་འདུག དེང་རབས་ཀྱི་འཐབ་ཇུས་མ་ཤེས་པའི་སྟབས་ཀྱིས་བྱང་ཀོ་རི་ཡའི་དམག་མི་དེ་ཚོར་བསད་རྨས་ཆེན་པོ་འཕོག་གི་ཡོད་པ་རེད། བྱང་ཀོ་རི་ཡའི་དམག་མི་དེ་ཚོ་ཕོ་གསར་དང་སྦྱོང་བརྡར་ཐོབ་པ། འཐབ་འཁྲུག་གི་དཔའ་སྟོབས་ལྡན་ཡང་ཁ་ལོ་བ་མེད་པའི་འཕུར་གྲུ་སོགས་ལ་ཇི་ལྟར་འཐབ་རྒོལ་བྱེད་དགོས་པ་ཤེས་ཀྱི་མི་འདུག་ཅེས་བཀྲལ།།
ལྷོ་ཀོ་རི་ཡར་མགོ་བཏགས་པའི་བྱང་ཀོ་རི་ཡའི་དམག་མི་ཟུར་པ་ཚོས་ནེའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པར་བྱང་ཀོ་རི་ཡའི་དམག་མི་དེ་ཚོ་དཔའ་བོ་མ་རེད། ཁོ་ཚོར་དམར་ཤོག་གི་བསམ་བློའི་སློབ་གསོ་བཏང་སྟེ་དགྲ་ལ་གསོན་པོར་འཛིན་དུ་འཇུག་མི་ཉན། ཡུཀ་རེན་ལ་མགོ་སྒུར་ཏེ་བརྙན་འཕྲིན་ནང་དུ་བསྟན་ནས་རྒྱལ་སྤྱིའི་ཐོག་ཏུ་ཁྱབ་ཚེ། བྱང་ཀོ་རི་ཡར་ལུས་ཡོད་པའི་ཕ་མ་སྤུན་མཆེད་སོགས་བཙོན་དུ་བཅུག ཐ་ན་སྲོག་ཁྲིམས་བཅད་ནས་གསོད་སྲིད་ཅེས་སྡིགས་ར་བསྐུལ་ཡོད་པ་རེད། བྱང་ཀོ་རི་ཡའི་དམག་མི་ཚོས་མི་ཚེ་ཧྲིལ་པོར་དམར་ཤོག་གི་སློབ་གསོ་ལས་ཅི་ཡང་ཐོས་མྱོང་མེད་པས་རང་སྲོག་གཅོད་རྒྱུ་དེ་རླབས་ཆེན་ཞིག་ཏུ་རྩི་ཡི་ཡོད་པ་རེད་ཅེས་བསྟན། ཡུཀ་རེན་གྱིས་བྱང་ཀོ་རི་ཡའི་དམག་མི་གཉིས་འཛིན་བཟུང་ཐུབ་པ་དེའི་གཅིག་གིས་རང་ཡུལ་དུ་ཕྱིར་ལོག་བྱ་འདོད་ཡོད་ཟེར་བ་དང་གཞན་དེས་གདམ་ཀ་ཡོད་ན་བྱང་ཀོ་རི་ཡར་ལོག་གི་མིན་ཞེས་ལན་བཏབ།།
ཡུཀ་རེན་གྱི་དམག་དོན་མི་སྣ་ཚོས་བྱང་ཀོ་རི་ཡའི་དམག་ལ་བསད་རྨས་ཅི་ཙམ་བྱུང་ཡང་ས་གནས་གཅིག་དེར་དཔུང་འཇུག་བྱེད་ཀྱི་འདུག ཁོ་ཚོས་ས་ཆ་བརྗེས་ནས་འཐབ་ཇུས་ལ་འགྱུར་བ་གཏོང་རྒྱུ་དེ་ཤེས་ཀྱི་མེད་པ་འདྲ། བྱང་ཀོ་རི་ཡའི་དམག་མི་དེ་ཚོ་རྐང་ཐང་ལ་རྒྱུག་དགོས་ན་ཧ་ཅང་མགྱོགས་པོ་འདུག ཁོ་ཚོ་བརྒྱུགས་པའི་སྐབས་སུའང་དྲང་ཐད་དུ་བརྒྱུགས་པ་དང་གཡས་གཡོན་ལ་བསྐྱོག་རྒྱུ་དེ་ཤེས་ཀྱི་མི་འདུག བྱང་ཀོ་རི་ཡའི་དམག་མིའི་རྒྱབ་ཁུག་ནང་དུ་ཆུ་འགྱིག་དམ་ཆུང་ཆུང་རེ་ཟུང་དང་བག་ལེབ་སྐམ་པོ་ཅུང་ཟད། མདེའུ་འགའ་རེ་མ་གཏོགས་ཅི་ཡང་མི་འདུག ཁོ་ཚོར་གྱོན་གོས་དྲོན་པོ་དང་ཞྭ་མོ། སྐེ་དཀྲི་སོགས་ཅི་ཡང་མི་འདུག ཁོ་ཚོས་ལམ་སྟེང་དུ་ས་དོང་བྲུས་ནས་ལྕགས་ཁྲབ་འཁོར་གཏོར་ཐུབ་པའི་འབར་མདེལ་སྦས། ལམ་འགྲམ་དུ་ཡོད་པའི་རླངས་འཁོར་དང་ཁང་པ་མཐོང་ཚད་མེར་བསྲེགས། དམག་སར་ཤི་བའི་བྱང་ཀོ་རི་ཡའི་དམག་མི་དེ་དག་ལ་ཐུ་བ་དང་བྷུ་རི་ཡ་ཐེ། ཀལ་མུག་བ་སོགས་སོག་རིགས་ཡིན་ཞེས་ར་ཤི་ཡའི་དམག་གི་ལག་འཁྱེར་རྫུན་མ་བཀྲམ་འདུག་ཟེར།།
ཡུཀ་རེན་གྱི་དམག་དོན་མི་ཚོས་བྱང་ཀོ་རི་ཡའི་དམག་མི་ཤི་བོ་ཞིག་གི་གློག་ཁུག་ནས་ཡིག་ཆུང་ཞིག་རྙེད་བྱུང་། ཡིག་ཆུང་དེའི་ནང་དུ་རླབས་ཆེན་གྱི་དབུ་ཁྲིད་ཀིམ་ཇོང་ཨུན་ལ་གཞུང་དྲང་བློ་དཀར་ཡིན། དམག་འཁྲུག་གི་རྒྱལ་ཁ་ཐོབ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ཅེས་འཁོད། བྱང་ཀོ་རི་ཡས་དམག་མི་འདས་པོ་དེ་ཚོས་ཕ་མ་སྤུན་མཆེད་རྣམས་སྲུང་སྐྱོབ་བྱེད་པའི་ཆེད་དུ་གློ་ཁུག་ནང་དུ་ཁ་ཆེམས་ཡི་གེ་རྫུན་མ་བཞག་པ་ཡིན་ནམ། ཡང་ན་ཁོ་ཚོ་ཁ་ཞེ་གཉིས་མེད་ཀྱིས་བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་ཀིམ་ཇོང་ཨུན་ལ་དགའ་བ་ཡིན་མིན་བཤད་དཀའ། ཁ་ཆེམས་ཀྱི་ཡིག་ཆུང་གཞན་ཞིག་གི་ནང་དུ་འཆི་བདག་གི་ཐོ་བ་སྡར་མའི་མགོ་རུ་གཞུ་རྒྱུ་དེ་ཡུན་མི་རིང་། ང་ཚོས་དཔུང་ཤུགས་ངོམས་དགོས་པ་དང་ཕོ་རོལ་པོ་སྐྲག་ནས་འདར་དུ་འཇུག་དགོས། རྒྱལ་ཁ་ཐོབ་རྒྱུ་ལྡོག་ཏུ་མེད་ཅེས་བཀོད། ཡུཀ་རེན་དམག་གི་འགོ་ཁྲིད་ཚོས་བྱང་ཀོ་རི་ཡའི་དམག་མི་རྣམས་ར་ཤི་ཡར་དཔུང་གྲོགས་སུ་བཏང་བ་ཉམས་མྱོང་ཐོབ་རྒྱུའི་ཆེད་དུ་རེད་ཅེས་བརྗོད།།
ཕྱི་ཟླ་དང་པོའི་ཚེས་༣༠་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཀིམ་ཇོང་ཨུན་གྱིས་ར་ཤི་ཡར་དཔུང་གྲོགས་བཏང་བ་དེར་དམིགས་ཡུལ་ངེས་ཅན་ཞིག་ཡོད་སྲིད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་ཚོང་ལས་བཀག་ཡོད་པ་དང་རྒྱལ་སྤྱིའི་ཐོག་ཏུ་བྱང་ཀོ་རི་ཡ་གྲོགས་མེད་ཁེར་རྐྱང་དུ་ལུས་ཡོད་པར་གཡོལ་ཐབས། བྱང་ཀོ་རི་ཡའི་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆའི་འཕྲུལ་རིག་ལག་རྩལ་རྗེས་ལུས་ཡིན་པ་ཡར་རྒྱས་གཏོང་ཐབས། ར་ཤི་ཡ་ནས་རྡོ་སྣུམ་དང་སོལ་རླངས། འབྲུ་རིགས་དང་དམག་ཕོགས་ཐོབ་ཐབས། མ་འོངས་པར་བྱང་ཀོ་རི་ཡར་བཙན་འཛུལ་བྱུང་ན་ར་ཤི་ཡས་དཔུང་གྲོགས་གཏང་རྒྱུ་བཅས་ལ་དམིགས་ཡོད་པ་རེད། དེང་སྐབས་ར་ཤི་ཡའི་དམག་གིས་འཕེན་གྱི་ཡོད་པའི་སྒྱོགས་མདེལ་མང་ཆེ་བ་བྱང་ཀོ་རི་ཡ་ནས་ནང་འདྲེན་བྱས་འདུག བྱང་ཀོ་རི་ཡའི་གཞུང་གིས་ར་ཤི་ཡར་མཚོན་ཆ་བཙོངས་པ་དང་དཔུང་གྲོགས་བཏང་ནས་ཚོང་ལས་གཉེར་གྱི་འདུག་ཅེས་ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་ཐེར་འདོན་བྱས་འདུག
གླེང་སྟེགས།