ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

བཙོན་ཁང་ནང་ནས་ནོར་སྦེལ་ཞི་བདེའི་གཟེངས་རྟཊ་ཐོབ་པའི་དགའ་ཚོར།


ནོར་སྦེལ་ཞེ་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་ནར་ཇེ་སི་མུ་ཧན་མོ་དྷི་ལགས།
ནོར་སྦེལ་ཞེ་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་ནར་ཇེ་སི་མུ་ཧན་མོ་དྷི་ལགས།

དབྱི་རན་ནང་དུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་གནང་མཁན། དམངས་གཙོའི་ལས་འགུལ་བ་གྲགས་ཅན་ལྕམ་ནར་ཇེ་སི་མུ་ཧན་མོ་དྷི་ལགས་ཀྱི་ནང་མི་ཚོས་རེས་གཟའ་སྤེན་པའི་ཉིན་ AFP གསར་ཁང་ལ། ད་ལོའི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དོ་བདག་ཁོང་དང་བཙོན་གྲོགས་ཚོས་ཐེ་ཧེ་རའི་བཙོན་ཁང་ནང་ནས་གཟེངས་རྟགས་ཐོབ་པར་དགའ་ཚོར་ཆེན་པོས"རྟེན་འབྲེལ"གནང་ཡོད་པར་བརྗོད་འདུག།

རེས་གཟའ་པ་སངས་ཉིན་ལྕམ་ནར་ཇེ་སི་མུ་ཧན་མོ་དྷི་ལགས་ཀྱིས་བཙོན་ཁང་ནང་རང་ཉིད་ལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་ཅིང་། ཉིན་དེར་གཞུང་འབྲེལ་གྱི་བརྙན་འཕྲིན་ཁང་གིས་དགོང་མོའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་ཐོག་གསར་འགྱུར་བཏང་ཡོད་པར་མ་ཟད། ལྕམ་ནར་ཇེ་སི་མུ་ཧན་མོ་དྷི་ལགས་སུ་བརྙས་བཅོས་དང་སྒྲོ་འདོགས་སྐུར་འདེབས་ཀྱི་འདྲ་པར་སྤེལ་བྱུང་ཞེས་ཁོང་མོའི་ནང་མིས་བརྗོད་ཡོད་པ་དང་། དེ་དང་དུས་མཚུངས་སུ་ནར་ཇེ་སི་མུ་ཧན་མོ་དྷི་ལགས་དང་མོའི་བཙོན་གྲོགས་ཚོས་བཙོན་ཁང་ནས་དགའ་སྤྲོས་ཁེངས་ཏེ་དེ་མུར་གཟེངས་རྟགས་ཐོབ་པར་དགའ་སྟོན་རྟེན་འབྲེལ་གནང་ཡོད་པ་རེད།

ལྕམ་མུ་ཧན་མོ་དྷི་ལགས་ནི་དགུང་ལོ་ལྔ་བཅུ་ང་གཅིག་ལ་སོན་པའི་གསར་འགོད་པ་ཞིག་དང་ལས་འགུལ་བ་ཞིག་ཡིན་ཞིང་། མོས་བུད་མེད་ཚོར་བཙན་ཤེད་ཀྱིས་མགོ་རས་དཀྲི་བཅུག་པ་དང་སྲོག་ཁྲིམས་གཅོད་པར་ངོ་རྒོལ་གནང་རྐྱེན་འདས་པའི་ལོ་ངོ་ཉི་ཤུའི་རིང་ལ་དུས་ཚོད་མང་ཆེ་བ་བཙོན་ཁང་ནང་ཡར་འཛུལ་མར་འབུད་གནང་དགོས་བྱུང་ཡོད་པ་རེད། མུ་ཧན་མོ་དྷི་ལགས་སུ་ད་ལོའི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་གསལ་བསྒྲགས་གནང་རྗེས། ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་མཆོག་གིས་དབྱི་རན་གཞུང་ལ་ཁོང་མོ་གློད་གྲོལ་གཏོང་དགོས་པའི་སྐུལ་མ་གནང་ཡོད་པར་མ་ཟད། མོའི་ཆོད་སེམས་བརྟན་པོར་ཡི་རངས་བསྔགས་བརྗོད་གནང་ཡོད་པ་རེད།

ནོར་སྦེལ་གཟེངས་རྟཊ་ལྷན་ཚོགས་ཀྱི་འགན་འཛིན་བྷེ་རི་ཊི་རེ་སི་ཨན་ཌེར་སེན་ལགས་ཀྱིས་དཔལ་དང་གཟི་བརྗིད། མཚན་སྙན་ལྡན་པའི་ཞི་བདེའི་གཟིངས་རྟགས་འདི་བཞིན་ལྕམ་མུ་ཧན་མོ་དྷི་ལགས་སུ་འབུལ་དོན་ནི། མོས་དབྱི་རན་གྱི་བུད་མེད་ཚོར་ཕོག་པའི་སྡུག་སྦྱོང་མནར་གཅོད་ཐེབས་པར་གདོང་ལེན་གནང་ཡོད་པར་མ་ཟད། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་དོན་དུ་སྐུ་ལས་བསྐྱོན་ཡོད་པ་རེད་ཅེས་གསུངས་འདུག།

ལྕམ་ནར་ཇེ་སི་མུ་ཧན་མོ་དྷི་ལགས་ནི་དབྱི་རན་གྱི་མི་སེར་ནང་ནས་འཛམ་གླིང་ནོར་སྦེལ་གཟེངས་རྟཊ་ཐོབ་མཁན་ཨང་གཉིས་པ་དེ་ཡིན་པ་དང་། ཨང་དང་པོ་དེ་ལོ་ངོ་ཉི་ཤུའི་གོང་དུ་དམངས་གཙོ་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་སྐུ་ལས་བསྐྱོན་མཁན་གྱི་ཁྲིམས་རྩོད་པ་ཞི་རིན་ཨེ་བྷ་ཌི་Shirin Ebadi ལགས་སུ་ཐོབ་ཡོད་ཅིང་། ད་ལན་༢༠༢༣ ལོའི་ཞི་བདེའི་གཟིངས་རྟགས་ཐོབ་མཁན་ནར་ཇེ་སི་མུ་ཧན་མོ་དྷི་ལགས་ནི་ཁྲིམས་རྩོད་པ་ཞི་རིན་ཨེ་བྷ་ཌི་ལགས་ཀྱིས་བཙུགས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལྟེ་གནས་ཀྱི་འགན་འཛིན་གཞོན་པ་ཡིན་པ་རེད།

རེས་གཟའ་པ་སངས་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཨན་ཐོ་ནི་ཨོ་གྷུ་ཐེར་སི་Antonio Guterres ལགས་ཀྱིས་ད་ལོའི་ཞི་བདེའི་གཟེངས་རྟགས་དེ་བཞིན་རང་དབང་དང་བདེ་ཐང་། ཐ་ན་ཚེ་སྲོག་ཉེན་ཁའི་མ་འཛེམས་པར་ཁེ་དབང་བརྩོན་ལེན་གནང་མཁན་གྱི་བུད་མེད་རྣམས་ལ་གུས་འདུད་མཚོན་པ་ཞིག་རེད་གསུངས་ཏེ། རྒྱལ་ཚོགས་ཀྱི་ངོས་ནས་དབྱི་རན་གཞུང་ལ་ད་ལྟ་བཙོན་འོག་ཏུ་ཡོད་པའི་ནར་ཇེ་སི་མུ་ཧན་མོ་དྷི་ལགས་ཀྱིས་མཚོན་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཐམས་ཅད་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག།

འོན་ཏེ་དབྱི་རན་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། ད་རེས་ནོར་སྦེལ་གཟེངས་རྟཊ་ལྷན་ཚོགས་ཀྱིས་ཁྲིམས་འགལ་ལན་མང་བྱེད་མཁན་དང་ནག་ཉེས་ཅན་གྱི་མི་ཞིག་ལ་ཞི་བདེའི་གཟེངས་རྟཊ་ཕུལ་བ་དེ་ནི། ནོར་སྦེལ་གཟེངས་རྟཊ་ལྷན་ཚོགས་ཀྱིས་ཕྱོགས་ལྷུང་གིས་ཀུན་ནས་བསླངས་པའི་ཆབ་སྲིད་འཁྲབ་སྟོན་གྱི་སྤྱོད་སྟངས་ཤིག་རེད་ཅེས་སྐྱོན་བརྗོད་བྱས་འདུག།

ལོ་ན་བཅུ་བདུན་ལ་སོན་པའི་མུ་ཧན་མོ་དྷི་ལགས་ཀྱི་བུ་ཨ་ལི་རཱ་ཧི་མ་ནེ་ལགས་ཀྱིས་ཧྥ་རན་སི་རྒྱལ་ས་ཕེ་རི་སི་ནས་སྤེལ་བའི་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་སུ། ཨ་མ་ལགས་སུ་གཟེངས་རྟགས་ཐོབ་པར་དཔེར་མི་སྲིད་པའི་དགའ་པོ་བྱུང་། གཟེངས་རྟགས་འདི་ནི་མོས་དབྱི་རན་ནས་སྐུ་ལས་བསྐྱོན་པར་ཐོབ་པའི་གཟེངས་རྟགས་ཤིག་རེད་ཅེས་གསུངས་འདུག། མུ་ཧན་མོ་དྷི་ལགས་ཀྱི་ཁྱོ་ག་ཐཱ་ཇི་རཱ་ཧི་མ་ནེ་ལགས་ཀྱང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་གནང་མཁན་ཞིག་དང་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པ་དང་། ཁོང་གིས་ངའི་ཟླ་མོ་ནར་ཇེ་སི་མུ་ཧན་མོ་དྷི་ལགས་ཀྱིས་གཟེངས་རྟགས་འདི་དང་འབྲེལ་ནས་སོ་སོ་དཀའ་རྙོག་ནང་ཚུད་རྒྱུ་ཡིན་པ་མཁྱེན་གྱི་ཡོད་ཀྱང་། མོས་ཉེན་ཁ་དེའི་རིགས་ལ་སྔ་ས་ནས་དང་ལེན་གནང་ཚར་ཡོད་བ་རེད་ཅེས་གསུངས་འདུག།

XS
SM
MD
LG