ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་ལ་འགྱུར་བ་མ་བཏང་ན་འཛམ་གླིང་ལ་ཞི་བདེ་མི་འབྱུང་ཟེར། 


ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ལི་ཀྲི་དབྱིན།
ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ལི་ཀྲི་དབྱིན།

༄༅།། ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚོགས་པར་གྱི་བདག་པོ་ལི་ཀྲི་དབྱིན་གྱིས་ང་ཚོས་རྒྱ་ནག་ལ་འགྱུར་བ་ཞིག་གཏོང་མ་ཐུབ་ན་འཛམ་གླིང་འདིར་ཞི་བདེ་གཏན་ནས་མི་འབྱུང་། ང་ཚོ་རྩིག་གྱང་མཐོན་པོ་ཞིག་གི་མདུན་དུ་ཡོད་པའི་སྒོ་ང་ལྟར་ཡིན་པས་རང་གི་ལས་འགུལ་སྤེལ་ཕྱོགས་ལ་གཟབ་ནན་དང་ཐབས་མཁས། བཟོད་བསྲན་དང་ཐབས་ཇུས་ལ་འགྱུར་བ་གཏོང་ཆོག་ཆོག་ཞིག་བྱ་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲད་ན་རྒྱ་ནག་གི་སྤྱོད་ངན་དེ་ཚོར་འགྱུར་བ་གཏོང་ཐུབ་པའི་ཡིད་ཆེས་ཡོད། རྒྱ་ནག་གི་སྤྱོད་པ་འདི་རྣམས་རྒྱལ་སྤྱིའི་རང་དབང་དང་དམངས་གཙོའི་ལྟ་གྲུབ་ལ་རྒྱབ་འགལ་རེད། རྒྱ་ནག་གིས་རང་ཡུལ་དུ་རང་དབང་དང་དམངས་གཙོའི་ལམ་སྲོལ་ཞིག་དར་སྤེལ་མ་བཏང་བར་ཞི་བདེ་དང་རྒྱལ་སྤྱིའི་ཚོང་ལས། ཆབ་སྲིད་དང་དཔལ་འབྱོར། ཕྱི་འབྲེལ་སོགས་གླེང་སློང་བྱས་ནས་འཛིན་ཐུབ་ཐབས་མེད་ཅེས་བཤད། བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་ཧོང་ཀོང་གཞུང་གིས་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ལི་ཀྲི་དབྱིན་གྱིས་ཕྱི་རྒྱལ་ལ་ངན་འབྲེལ་བྱས་པ་རེད་ཅེས་ནག་ཉེས་བཙུགས་ནས་འཛིན་བཟུས་བྱས། ཕྱི་ཉིན་དེར་ལི་ཀྲི་དབྱིན་དང་ཀུ་ཤུ་ཉིན་རེའི་ཚོགས་པར་གྱི་འཛིན་བཟུང་བྱས་པའི་ལས་བྱེད་པ་རྣམས་དངུལ་སྒོར་གཏའ་མར་བཞག་སྟེ་གློད་གྲོལ་ཐོབ། ལི་ཀྲི་དབྱིན་གྱིས་ཨ་མི་རི་ཀར་ཧོང་ཀོང་གི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་དགོས། རྒྱ་ནག་གི་སྤྱོད་ངན་རྣམས་རྒྱལ་སྤྱིའི་ལམ་སྲོལ་དང་རང་དབང་གི་ལྟ་གྲུབ་སོགས་ལ་རྒྱབ་འགལ་རེད་ཅེས་འབོད་སྐུལ་ཞུས། ཁོང་གིས་སྔར་བཞིན་ཧོང་ཀོང་མི་དམངས་ཀྱི་གཏམ་བརྗོད་རང་དབང་དང་གསར་འགོད་རང་དབང་། འདུ་འཛོམས་རང་དབང་དང་ཞི་བའི་སྒོ་ནས་ངོ་རྒོལ་བྱེད་ཆོག་པའི་ཐོབ་ཐང་རྣམས་རྩོད་རྒྱུ་དེར་འཇིགས་ཞུམ་མེད་ཅེས་བཤད།།

གོང་གི་སྐད་ཆ་དེ་རྣམས་ཕྱི་ཟླ་༨་ཚེས་༡༣་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཤུལ་བཞག་ཐེབས་རྩ་ཁང་གིས་དྲྭ་ལམ་དུ་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་བྱས་པའི་སྐབས་སུ་ལི་ཀྲི་དབྱིན་གྱིས་ཧོང་ཀོང་ནས་བཤད་པ་ཞིག་ཡིན་པར་མ་ཟད། ཁོང་གིས་ཧོང་ཀོང་མི་དམངས་རྣམས་ཐལ་སྐྱོད་ཀྱི་ལམ་དུ་ཞུགས་མི་ཉན་པ་དང་རང་ཉིད་དྭངས་ལྕགས་ལྟར་ཇེ་མཁྲེགས་སུ་བཏང་སྟེ་ཡུན་རིང་གི་འཐབ་རྩོད་ཅིག་ལ་གྲ་སྒྲིག་བྱ་དགོས། ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་བཙན་འཕྲོག་བྱེད་ཀྱི་ཡོད་པར་འགོག་རྒོལ་བྱ་དགོས་ཞེས་ནན་སྐུལ་བྱས་འདུག ལི་ཀྲི་དབྱིན་དང་ཁོང་གི་བུ་གཉིས། དེ་མིན་གྱི་མཐོ་རིམ་ལས་བྱེད་པ་བཞི་བཅས་མི་བདུན་གྱིས་གཙོ་འགན་ཁུར་ནས་ཀུ་ཤུ་ཉིན་རེའི་ཚགས་པར་གྱིས་རྒྱ་ནག་དབུས་གཞུང་ལ་སྐྱོན་བརྗོད་དང་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར། རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཚམས་འཇོག་བྱེད་ཀྱི་ཡོད་པ་རྣམས་ཐེར་འདོན་བྱས་ནས་གསར་འགྱུར་སྤེལ། དེར་བརྟེན་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་རྒྱ་ནག་གི་དམར་ཤོག་འགོ་ཁྲིད་ཚོ་དང་ཧོང་ཀོང་ས་གནས་ཀྱི་འགོ་ཁྲིད་ཚོའི་མིག་ནང་གི་ཚེར་མ་ལྟ་བུ་ཞིག་ཏུ་གྱུར། ཕྱི་ཟླ་༨་ཚེས་༡༡་ཉིན་ཧོང་ཀོང་གཞུང་གིས་ཉེན་རྟོག་པ་༢༠༠་ལྷག་བཏང་སྟེ་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་ལ་དཔུང་འཛུལ་བྱས་ནས་ལི་ཀྲི་དབྱིན་ལ་ལག་ལྕགས་བརྒྱབ་ནས་ཁྲིད། ཕྱི་ཉིན་དེར་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གིས་གསར་ཤོག་ཡ་ས་ཕྱེད་ཀ་དཔར་འགྲེམ་བྱས་ནས་ལི་ཀྲི་དབྱིན་འཛིན་བཟུང་བྱས་པར་ངོ་རྒོལ་བྱེད་ཀྱི་ཡོད་པའི་རྣམ་པ་མཚོན་ཐབས་བྱས་འདུག ལི་ཀྲིན་དབྱིན་འཛིན་བཟུང་བྱས་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་དང་རྒྱ་ནག་གཞུང་ལ་ཁ་རྡུང་དྲག་པོ་བཏང་མོད། འོན་ཀྱང་ཉེ་ཆར་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པའི་ཁྲིམས་གསར་པ་ཞིག་ལག་ལེན་བསྟར་ནས་བཟུང་སྟེ་མངའ་ཁུལ་དེའི་དམངས་གཙོ་དོན་གཉེར་བ་ཚོར་ནག་ཉེས་འདྲ་མིན་ཞིག་བཙུགས་ནས་འཛིན་བཟུང་བྱ་རྒྱུ་སྟབས་བདེ་རུ་ཕྱིན་འདུག

ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གིས་ཧོང་ཀོང་གི་ཉེན་རྟོག་པ་ཚོ་གང་བྱུང་དུ་གསར་འགྱུར་ལས་ཁང་ལ་དཔུང་འཛུལ་བྱས་ནས་གསར་འགོད་པའི་ལས་དོན་སྒྲུབ་ཕྱོགས་ལ་ལྟ་རྟོག་དང་ཡིག་ཆ་སྔོག་བཤེར། གསར་ཁང་གི་ཡིག་ཆ་སོགས་ལ་བརྟག་ཞིབ་བྱས་ནས་བཙན་འཕྲོག་བྱེད་མི་ཆོག་ཅེས་མཐོ་རིམ་ཁྲིམས་ཁང་ལ་གཏུགས་ནས་ཁ་མཆུ་བཙུགས། ཉིན་དེར་ཧོང་ཀོང་གི་ཉེན་རྟོག་པ་ཚོས་དུས་ཡུན་ཆུ་ཚོད་༨་ལ་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་ལ་སྔོག་བཤེར་བྱས་ནས་ཡིག་ཆ་ཤོག་གྲངས་མང་པོར་བརྟག་ཞིབ་བྱས་འདུག དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་མི་དམངས་ཉིན་རེའི་ཚགས་པར་ལ་ལི་ཀྲི་དབྱིན་གྱིས་དངུལ་སྒོར་གཏའ་མར་བཞག་ནས་གློད་གྲོལ་ཐོབ་པ་ནི་ཁོ་པས་ཧོང་ཀོང་གི་ཁྲིམས་ལ་འགལ་འཛོལ་བྱུང་བར་ཁྲིམས་གཅོད་བྱ་དགོས་པ་དེ་ནས་ཐར་པ་ཞིག་མིན་ཞེས་ཉེན་བརྡ་བཏང་འདུག གཟའ་ཕུར་བུའི་སྔ་དྲོར་ཨ་རིའི་ཤུལ་བཞག་ཐེབས་རྩ་ཁང་གི་དུས་ཡུན་སྐར་མ་༤༠་ཐམ་པའི་བགྲོ་གླེང་གི་དུས་སུ་ལོ་ན་༧༢་ལ་སོན་པའི་ལི་ཀྲི་དབྱིན་གྱིས་ཨ་མི་རི་ཀའི་ཉན་མཁན་ཚོར་བལྟས་ནས་ངའི་མི་ཚེའི་ནང་དུ་འདི་འདྲའི་སེམས་འགུལ་ཞིག་ཐེབས་མྱོང་མེད། ང་ཚོའི་དཀའ་ངལ་དང་གདོང་ལེན་བྱ་དགོས་པ་རྣམས་ཅི་ཙམ་ཆེ་ཡང་ང་ཚོས་འཐབ་རྩོད་བྱེད་ཀྱི་ཡོད་པ་འདི་འགྲིག་འདུག་སྙམ་ཞེས་ཐེངས་འགའ་ཞིག་བརྣངས་ནས་མིག་མཐར་མཆི་མ་འཁོར་ཏེ་སྐད་ཆ་བཤད་མཚམས་འཇོག་དགོས་ཐུག་འདུག ཁོང་གིས་རྒྱལ་སྤྱིའི་ཐོག་ཏུ་ཧོང་ཀོང་ལ་རྒྱབ་སྐྱོར་ཡོད་ན་སྲིད་དོན་པ་ཚོས་མཉན་དགོས་ཐུག་གི་རེད། འདི་ནི་ང་ཚོའི་སྟོབས་ཤུགས་རྒྱུན་འཁྱོངས་དང་སླར་གསོ་བྱེད་པར་དགོས་ངེས་ཤིག་ཡིན། ཧོང་ཀོང་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་མཐའ་གཅིག་ཏུ་ཚོང་ལས་བཀག་སྡོམ་དང་འགྲིམ་འགྲུལ་བཀག་སྡོམ་སོགས་ཀྱི་ཉེས་ཆད་ཁོ་ན་ཡིན་མི་དགོས་ཞེས་བརྗོད།།

ལི་ཀྲིན་དབྱིན་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱས་ནས་ལག་ལེན་བསྟར་འགོ་ཚུགས་པར་རྒྱལ་སྤྱིའི་ཐོག་ཏུ་ངོ་རྒོལ་བྱས་སོང་། ང་ཚོས་ཧོང་ཀོང་གི་ཉེན་རྟོག་པ་རྣམས་འཕྲལ་དུ་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་ལ་དཔུང་འཛུལ་བྱས་ནས་ང་ཚོ་འཛིན་ཕོད་ཀྱི་རེད་བསམས་མ་བྱུང་ཞེས་བཤད། ཁོང་ལ་ཧོང་ཀོང་གཞུང་གིས་ཕྱི་རྒྱལ་ལ་ངན་འབྲེལ་དང་གཡོ་ཁྲམ་སོགས་ཀྱི་ནག་ཉེས་བཙུགས་ཀྱང་ལི་ཀྲི་དབྱིན་གྱིས་ཨ་རིའི་གཞུང་དམངས་གཉིས་ཀས་ཧོང་ཀོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་རྗེས་སུ་ཡི་རངས་ཡོད། ད་དུང་ཡང་ཨ་རིའི་གཞུང་དམངས་གཉིས་ཀས་ཧོང་ཀོང་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱ་དགོས་ཞེས་འབོད་སྐུལ་ཞུས། ཨ་རིའི་ཤུལ་བཞག་ཐེབས་རྩ་ཁང་གི་མཐོ་རིམ་ཉམས་ཞིབ་པ་མེཀ་གྷོན་ཟ་ལེ་སི་བགྲོ་གླེང་འདིར་མཉམ་ཞུགས་བྱས་ནས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ད་ལྟ་ཨ་མི་རི་ཀ་ཤོག་ཁག་གཉིས་སུ་མཆེད་ནས་གཅིག་སྒྲིལ་མེད་པ་ལྟ་བུ་ཞིག་ལ་སྣང་གི་ཡོད་ཀྱང་ཧོང་ཀོང་ལ་རྒྱབ་སྐྱོར་དང་མངའ་ཁུལ་དེའི་འགོ་ཁྲིད་ཁེ་རི་ལམ་སོགས་ལ་ཉེས་ཆད་གཅོད་དགོས་པ་དེར་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་དང་གྲོས་ཚོགས་གོང་འོག སྲིད་འཛིན་གྱི་ཕོ་བྲང་དཀར་པོ་བཅས་པ་ལངས་ཕྱོགས་གཅིག་གྱུར་རེད། ཨ་རིའི་རྒྱ་ཆེའི་མང་ཚོགས་ཀྱིས་ཧོང་ཀོང་མི་དམངས་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ཀྱི་འདུག་ཅེས་བཤད། བདུན་ཕྲག་སྔོན་མར་སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་འཛིན་ལྷན་ཁང་གིས་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གཙོས་མངའ་ཁུལ་དེའི་འགོ་ཁྲིད་༡༡་ལ་དཔལ་འབྱོར་དང་ཚོང་ལས། ཁོ་ཚོ་ཨ་མི་རི་ཀར་ཡོང་མི་ཆོག་པའི་ཐོངས་མཆན་བཀག་སྡོམ་བྱ་དགོས་པའི་ཉེས་ཆད་བཅད།།

ལི་ཀྲི་དབྱིན་འཛིན་བཟུང་བྱས་པའི་རྗེས་སུ་ཧོང་ཀོང་མི་དམངས་ཀྱིས་ཀུ་ཤུ་ཉིན་རེའི་ཚགས་པར་ལ་རྒྱབ་སྐྱོར་དང་གསར་ཤོག་དེ་མངགས་ཉོ་བྱེད་མཁན་ཇེ་མང་དུ་སོང་ཡོད་པ་སྟེ། ཕྱི་ཟླ་༨་ཚེས་༡༣་གཅིག་པུར་ཀུ་ཤུ་ཉིན་རེའི་ཚགས་པར་༡༣༨༠༠༠་བྲིན་ཡོད་པ་ནི་གསར་ཤོག་དེའི་འགྲེམ་སྤེལ་གྱི་གྲངས་འབོར་ལྡབ་གཅིག་འཕར་འདུག ལི་ཀྲི་དབྱིན་འཛིན་བཟུང་བྱས་ནས་བཟུང་སྟེ་གསར་ཤོག་གི་རིན་འབབ་སྔོན་ནས་སྤྲད་པའི་མངགས་ཉོ་བྱེད་མཁན་༢༠༠༠༠་ཇེ་མང་དུ་ཕྱིན་སོང་། ད་ལྟ་ཉིན་ལྟར་ཀུ་ཤུ་ཉིན་རེའི་ཚགས་པར་མངགས་ཉོ་བྱེད་མཁན་༦༠༠༠༠༠་ལྷག་བརྒལ་ཡོད་ཅེས་བཤད། ཧོང་ཀོང་མི་དམངས་ཀྱིས་ཀུ་ཤུ་ཉིན་རེའི་ཚགས་པར་ལྟ་ཀློག་ཆེད་དུ་མངགས་ཉོ་བྱེད་ཀྱི་ཡོད་པ་ཁོ་ན་མིན་པར་ཚགས་པར་དེར་ཚོང་ལས་སོགས་ཀྱི་དྲིལ་བསྒྲགས་ཀྱང་ཇེ་མང་དུ་བཏང་འདུག དྲིལ་བསྒྲགས་གཅིག་ནི་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་ཤོག་ངོས་སྟོང་པར་བཞག་ནས་དཔར་འགྲེམ་བྱས་ཀྱང་ང་ཚོས་རྒྱབ་སྐྱོར་བྱ་རྒྱུ་ཞེས་བྲིས། མཱོང་ཀོག་ལྷམ་གོས་ཚོང་ཁང་གིས་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་དྲིལ་བསྒྲགས་ཤོག་ངོས་གཅིག་གི་བཞི་ཟུར་ཞིག་ཉོས་ནས་དངུལ་སྒོར་གྱིས་ལྷམ་གོས་ཉོ་ཐུབ་ཀྱང་དམངས་གཙོ་དང་རང་དབང་ཉོ་མི་ཐུབ་ཅེས་ཚོང་བསྒྲགས་སྤེལ། ཧོང་ཀོང་མི་དམངས་ཀྱིས་ཀུ་ཤུ་ཉིན་རེའི་ཚགས་པར་མངགས་ཉོ་བྱས་པ་དང་ཚགས་པར་དེར་ཚོང་ལས་ཀྱི་དྲིལ་བསྒྲགས་སྤེལ་ནས་རྒྱབ་སྐྱོར་བྱེད་འགོ་ཚུགས། ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ལི་ཀྲི་དབྱིན་འཛིན་བཟུང་བྱས་པའི་རྗེས་སུ་རྒྱ་ནག་དང་ཧོང་ཀོང་གི་འགོ་ཁྲིད་ཚོར་ཉེས་ཆད་གཅོད་ཅེས་ལས་འགུལ་སྤེལ་མཁན་ཚོར་དྲྭ་ལམ་དུ་དངུལ་སྒོར་ཞལ་འདེབས་སྤྲོད་རྒྱུ་ཇེ་མང་དུ་སོང་། དེས་ན་རྒྱ་ནག་གཞུང་གིས་དྲྭ་ལམ་དུ་ཞལ་འདེབས་སྤྲོད་མཁན་ཚོར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ལ་འགལ་འཛོལ་བྱུང་སོང་ཞེས་ནག་ཉེས་བཙུགས་ནས་བཀག་འགོག་བྱེད་པའམ། ཡང་ན་ཀུ་ཤུ་ཉིན་རེའི་ཚགས་པར་ལྟ་བུའི་གསར་འགྱུར་ལས་ཁང་ཁག་ལ་རྒྱབ་སྐྱོར་བྱེད་མི་ཆོག་པའི་བཀག་སྡོམ་བྱ་ཉེན་ཆེ། རྒྱ་ནག་གཞུང་གིས་པེ་ཅིང་གི་ཕྱོགས་གཏོགས་ཧོང་ཀོང་གི་ཏ་གུང་པའོ་ལྟ་བུའི་ཉིན་རེའི་ཚགས་པར་ཁག་ཅིག་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ཧོང་ཀོང་གི་རང་དབང་དང་དམངས་གཙོ། མངའ་ཁུལ་དེའི་མང་ཚོགས་ཀྱི་བདེ་སྡུག་གླེང་བའི་གསར་འགྱུར་ལས་ཁང་ཁག་འཚོ་གནས་མི་ཐུབ་པ་ཞིག་ལ་སྒྱུར་ཐབས་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG