ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་དཀར་ནག་གི་དམག་དཔོན་རིམ་པའི་གྲོས་མོལ་ལ་གྲུབ་འབྲས་མ་ཐོན་པ། 


སྤང་ཀོང་མཚོ།
སྤང་ཀོང་མཚོ།

༄༅།། ཁ་སང་ཕྱི་ཟླ་༡༠་པའི་ཚེས་༡༢་ཉིན་རྒྱ་དཀར་ནག་གི་མཐོ་རིམ་དམག་དཔུང་བཀོད་འདོམས་པ་རིམ་པའི་གྲོས་མོལ་ཐེངས་བདུན་པ་བྱས་ཀྱང་གྲོས་མོལ་དེར་གྲུབ་འབྲས་གང་ཡང་མ་ཐོན། རྒྱ་གར་གྱིས་རྒྱ་ནག་གི་དམག་དཔུང་རྣམས་ལ་དྭགས་ཀྱི་ས་མཚམས་ཁག་དང་སྤང་ཀོང་མཚོ་ཁ་སོགས་ནས་གཅིག་ཀྱང་མ་བཞག་པར་ཕྱིར་འཐེན་བྱས་ཏེ་ཕྱི་ཟླ་༤་པའི་སྔོན་གྱི་ས་མཚམས་ཀྱི་གནས་བབ་དེར་ཕྱིར་ལོག་བྱ་དགོས་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་། རྒྱ་ནག་གིས་སྤང་ཀོང་མཚོའི་ལྷོ་ཕྱོགས་ཀྱི་རི་རྩེ་ཁག་ཏུ་རྒྱ་གར་གྱི་དམག་གིས་བཙན་ས་བཟུང་ཡོད་པ་དེ་ནས་ཕྱིར་འཐེན་བྱ་དགོས་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་སྟེ་ཕྱོགས་གཉིས་ཀྱི་དམག་དོན་མི་སྣ་དང་ཕྱི་འབྲེལ་མི་སྣ་ཁག་མཉམ་ཞུགས་བྱས་པའི་གྲོས་མོལ་དེར་གྲུབ་འབྲས་ཡག་པོ་ཞིག་ཐོན་མེད་པ་རེད། ཕྱི་ཟླ་༡༠་པའི་ཚེས་༩་ཉིན་རྒྱ་གར་གྱི་ལྡི་ལི་གསར་པར་རྒྱལ་སྲུང་བློན་ཆེན་དང་ཕྱི་སྲིད་བློན་ཆེན། རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་དང་རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ། རྒྱ་གར་གྱི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གསུམ་བཅས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་དང་དམག་དོན་འཐབ་ཇུས་ཀྱི་གནད་ཡོད་མི་སྣ་ཁག་ལྷན་འཛོམས་གྲོས་མོལ་བྱས་ནས་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་རིམ་པའི་གྲོས་མོལ་ཐེངས་བདུན་པའི་གྲོས་གཞི་ཁག་ཐག་བཅད།།

རྒྱ་དཀར་ནག་གི་དམག་དོན་མི་སྣ་དང་ཕྱི་འབྲེལ་མི་སྣ་སོགས་ཀྱི་གྲོས་མོལ་དེར་གྲུབ་འབྲས་མ་ཐོན་པའི་འགག་རྩ་གཙོ་བོ་ནི་རྒྱ་གར་གཞུང་གིས་བོད་དམག་བཏང་སྟེ་སྤང་ཀོང་མཚོའི་ལྷོ་ཕྱོགས་སུ་ཆགས་པའི་རེ་ཆེན་ལ་དང་རེ་བཟང་ལ། སྨུག་པོ་རི་དང་ཅོག་ཙེ་སྒང་བཅས་ཀྱི་རི་རྩེ་ཁག་བླངས་ཏེ་རྒྱ་གར་གྱིས་རི་རྩེ་དེ་དག་གི་བཙན་ས་ཁག་ལ་དམག་དཔུང་ཁ་སྣོན་བཏང་ནས་དམག་ས་དེ་རྣམས་གློད་ཀྱི་མེད་པར་ཐུག་ཡོད་པའི་གནས་ཚུལ་ཐོན་འདུག ཉེ་ཆར་ཕྱི་ཟླ་༨་པའི་ཚེས་༢༩་དང་ཚེས་༣༠་ཐམ་པའི་དགོང་མོར་རྒྱ་ནག་གིས་དམག་བཏང་ནས་གོང་གི་རི་རྩེ་དེ་རྣམས་ལེན་ཐབས་བྱས་ཀྱང་རྒྱ་གར་གྱི་དམག་ཁོངས་སུ་ཡོད་པའི་བོད་དམག་གིས་རྒྱ་དམག་རྣམས་ཆམ་ལ་ཕབ་སྟེ་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཤིན་ཏུ་གནད་འགག་ཆེ་བའི་རི་རྩེ་དེ་རྣམས་བླངས། རྒྱ་དཀར་ནག་གི་གྲོས་མོལ་ཐེངས་དྲུག་པའི་སྐབས་སུ་ཕྱོགས་གཉིས་ཀས་ས་མཚམས་སུ་དམག་དཔུང་ཁ་སྣོན་གཏོང་རྒྱུ་མིན་པ་དང་ཕྱོགས་གཅིག་རྐྱང་པས་ས་མཚམས་ཀྱི་གནས་བབ་ལ་འགྱུར་བ་གཏོང་མི་ཆོག་པའི་གྲོས་མཐུན་བྱུང་། ཡིན་ནའང་རྒྱ་དཀར་ནག་གཉིས་ཀས་བོད་དང་ལ་དྭགས་ཀྱི་ས་མཚམས་ཁག་ཏུ་དམག་དཔུང་༡༠༠༠༠༠་ཡས་མས་ཤིག་བཀྲམ་ཡོད་པ་རྣམས་ཕྱིར་འཐེན་བྱེད་ཀྱི་མེད་པ་དང་། ཁོ་ཚོས་མཐའ་མཚམས་ཀྱི་དམག་ལ་ཟླ་བ་མང་པོར་འདང་བའི་བཟའ་བཏུང་དང་སྨན། དགུན་ལྭ་དང་ཉལ་ཆས། གངས་རིའི་སྟེང་དུ་མཁོ་བའི་དགུན་ལྷམ། འབུད་སྣུམ་དང་ལྕགས་ཐབ་སོགས་སྐྱེལ་འདྲེན་བྱས་ནས་ཡུན་རིང་གི་འཐབ་རྩོད་ཅིག་ལ་གྲ་སྒྲིག་བྱས་འདུག

རྒྱ་དཀར་ནག་གི་འགོ་ཁྲིད་ཚོས་ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་ས་མཚམས་ཁག་ནས་ཕྱིར་འཐེན་བྱ་དགོས་ཞེས་གྲོས་མོལ་བྱེད་པའི་ཞོར་དུ་ས་མཚམས་སུ་དམག་དཔུང་འགྲེམ་འཇོག་དང་དམག་འཁྲུག་གི་གྲ་སྒྲིག རྒྱ་ནག་གིས་བོད་ཀྱི་སྟོད་མངའ་རིས་ས་ཁུལ་དུ་གཏན་འཇགས་ཀྱི་དམག་སྒར་འཛུགས་སྐྲུན་དང་རྒྱ་སྐྱེད། བོད་ཀྱི་ས་ཐོག་ཏུ་མེ་འཁོར་ལྕགས་ལམ་དང་རྒྱ་ལམ་གསར་པ་འཛུགས་སྐྲུན་བྱས་ནས་རྒྱ་གར་གྱི་མཐའ་མཚམས་བར་དུ་སྐྱེལ་འདྲེན་དང་འགྲིམ་འགྲུལ་གྱི་རྨང་གཞིའི་མཐུན་རྐྱེན་ཡར་རྒྱས་གཏོང་གི་ཡོད་པར་མ་ཟད། རྒྱ་གར་གྱིས་ཀྱང་རོ་ཐང་ལའི་ཕུག་ལམ་སྒོ་འབྱེད་དང་ལ་དྭགས་ཀྱི་ས་མཚམས་ཁག་ལ་རྒྱ་ལམ་གསར་པ། ཆུ་དང་གྲོག་རོང་སོགས་ལ་ཟམ་པ་གསར་པ་འཛུགས་སྐྲུན། ལ་དྭགས་ཀྱི་ས་ཐོག་ཏུ་རྒྱ་གར་གྱི་གནམ་དམག་དང་སྐམ་དམག་གི་རྟེན་གཞི་ཁག་ཡར་རྒྱས་དང་རྒྱ་སྐྱེད། དཔེར་ན་རྒྱ་གར་གྱིས་ལ་དྭགས་གཅིག་པུར་ཟམ་པ་གསར་པ་༨་དང་ཨ་རུ་ན་ཅལ་མངའ་སྡེའི་ས་ཐོག་ཏུ་ཟམ་པ་གསར་པ་༨་བཅས་ཁྱོན་བསྡོམས་ཟམ་པ་གསར་པ་༡༦་འཛུགས་སྐྲུན་ལེགས་གྲུབ་བྱུང་ཞིང་། རྒྱ་དཀར་ནག་གཉིས་ཀས་མེ་འཁོར་ལྕགས་ལམ་དང་རྒྱ་ལམ། ཕུག་ལམ་དང་ཟམ་པ་སོགས་འཛུགས་སྐྲུན་བྱས་པའི་སྟབས་ཀྱིས་བོད་དང་ལ་དྭགས། མོན་ཡུལ་བཅས་ཀྱི་མཐའ་མཚམས་ཁག་ཏུ་དམག་དཔུང་དང་ལྕགས་ཁྲབ་འཁོར་ལོའི་དཔུང་སྡེ། མེ་ཤུགས་འཕུར་མདེལ་གྱི་རུ་ཁག་དང་མེ་སྒྱོགས་རུ་ཁག འཐབ་འཛིང་གནམ་གྲུ་བཅས་པ་བདེ་བླག་ཏུ་སྐྱེལ་འདྲེན་བྱས་ནས་དམག་འཁྲུག་གི་མཐུན་རྐྱེན་རྣམས་མཁོ་སྒྲུབ་བྱེད་ཐུབ། རྒྱ་གར་གྱི་རྒྱལ་སྲུང་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ལོ་རྗེས་མར་རྒྱ་གར་གྱིས་༢༠༡༧་ལོར་རྒྱ་དཀར་ནག་གཉིས་ཀྱིས་དམག་འཁྲུག་རྒྱག་གྲབས་བྱ་ཡུལ་བོད་ཀྱི་འབྲོག་ལམ་ས་ཁུལ་གྱི་ཉེ་འཁོར་དུ་ཟམ་པ་གསར་པ་༤་འཛུགས་སྐྲུན་བྱ་འཆར་ཡོད་ཅེས་བསྒྲགས།།

རྒྱ་གར་གྱི་དམག་སྤྱི་གཞོན་པ་ཧར་པལ་སིང་གིས་ས་མཚམས་ཀྱི་ཟམ་པ་དེ་རྣམས་ས་མཚམས་ཁག་ལ་དམག་དཔུང་འདྲེན་གཏོང་དང་མི་དམངས་ཀྱི་འགྲིམ་འགྲུལ་སོགས་སྟབས་བདེ་རུ་གཏོང་བའི་ཆེད་དུ་ཡིན་ཞེས་བཤད། སྲིད་བློན་མོ་དྷིའི་གཞུང་གིས་ས་མཚམས་ཁག་ལ་འཛུགས་སྐྲུན་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་རྒྱ་གར་ཤར་ཕྱོགས་སུ་དམག་དོན་འཐབ་ཇུས་ལ་མཁོ་བའི་རྒྱ་ལམ་གསར་པ་༧༤་འཛུགས་སྐྲུན་བྱས་ཟིན། ད་དུང་ཡང་རྒྱ་ལམ་གསར་པ་༢༠་ཐམ་པ་འཛུགས་སྐྲུན་བྱ་རྒྱུའི་ཐག་གཅོད་བྱས་འདུག དེར་བརྟེན་ཕྱི་ཟླ་༡༠་པའི་ཚེས་༡༣་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་རྒྱ་གར་ལ་ས་མཚམས་ཁག་ཏུ་འཛུགས་སྐྲུན་བྱ་རྒྱུ་མཚམས་འཇོག་བྱ་དགོས། རྒྱ་གར་གྱི་ཟམ་པ་དང་རྒྱ་ལམ་སོགས་འཛུགས་སྐྲུན་བྱས་ནས་ཕྱོགས་གཉིས་ཀྱི་ས་མཚམས་ཁག་གི་འཁྲུག་རྩོད་ཇེ་ཆེ་དང་ཛ་དྲག་ཆེ་རུ་གཏོང་གི་འདུག ང་ཚོས་རྒྱ་གར་གཞུང་ལ་ཕྱོགས་གཉིས་ཀས་འཁྲུག་རྩོད་མི་སློང་བའི་གྲོས་མཐུན་བཞག་པ་ཁག་ལ་བརྩི་འཇོག་བྱ་དགོས། རྒྱ་གར་གྱིས་ངེས་པར་དུ་ས་མཚམས་ཁག་གི་ཞི་བདེ་དང་བརྟན་ལྷིང་སླར་གསོ་བྱས་ནས་ལྷིང་འཇགས་བསྐྲུན་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཤད། ད་ལོའི་ཕྱི་ཟླ་༦་པའི་ཚེས་༡༥་ནས་རྒྱ་དཀར་ནག་གི་དམག་དཔུང་རྣམས་བོད་དང་ལ་དྭགས་ཀྱི་ས་མཚམས་ཁག་ཏུ་མདའ་རྒྱང་གང་རེའི་མཚམས་སུ་སླེབས་ཏེ་༡༩༦༢་ལོར་རྒྱ་དཀར་ནག་གཉིས་ཀས་དམག་འཁྲུག་བརྒྱབ་པ་དེ་འདྲ་ཞིག་བསྐྱར་ཟློས་འབྱུང་སྲིད་པའི་ཉེན་ཁ་འཕྲད་ཀྱི་ཡོད་པ་རེད།།

གལ་སྲིད་རྒྱ་དཀར་ནག་གཉིས་ཀས་སླར་ཡང་དམག་འཁྲུག་ཆེན་པོ་ཞིག་བརྒྱབ་ན་༡༩༦༢་ལོ་དང་མ་འདྲ་བར་ཕྱོགས་གཉིས་ཀས་དེང་རབས་ཅན་གྱི་མཚོན་ཆ་གསར་པ་སྟེ། མེ་ཤུགས་འཕུར་མདེལ་དང་འཐབ་འཛིང་གནམ་གྲུ་སོགས་བཀོལ་སྤྱོད་བྱ་རྒྱུ་ཉག་ཅིག་ཡིན་པས་ཕྱོགས་གཉིས་ཀས་རང་རང་གི་མེ་ཤུགས་འཕུར་མདེལ་ཡར་རྒྱས་གཏོང་གི་ཡོད་ཅིང་། དཔེར་ན་རྒྱ་གར་གྱི་རྒྱང་ཐག་སྤྱི་ལེ་༡༠༠༠་ལ་སྙོབ་པའི་ནིར་བྷ་ཡེ་ཞེས་པའི་འཕུར་མདེལ་གསར་པ་ཞིག་ཚོད་ལྟ་བྱས་པ་དེར་ལམ་ལྷོངས་བྱུང་མེད་པའི་གནས་ཚུལ་ཐོན། ཉེ་ཆར་ཕྱི་ཟླ་༧་པའི་ནང་དུ་རྒྱ་གར་གྱི་རྒྱལ་སྲུང་ལྷན་ཁང་གིས་ནིར་བྷ་ཡེ་མེ་ཤུགས་འཕུར་མདེལ་༣༠༠་མངགས་ཉོ་བྱས་ཀྱང་འཕུར་མདེལ་དེ་རྣམས་རྒྱ་གར་གྱི་དམག་ལ་མ་བཀྲམ་སྔོན་དུ་ཉུང་མཐར་ཡང་ཚོད་ལྟ་ཐེངས་༢༠་ཙམ་བྱ་དགོས་པས་རྒྱ་གར་གྱི་ཚན་རིག་པ་ཚོས་རྡུལ་ཕྲན་རྩེ་མདེལ་འཁྱེར་ཐུབ་པའི་འཕུར་མདེལ་དེ་ལེགས་འགྲུབ་འབྱུང་བར་ལོ་གསུམ་ནས་ལོ་ལྔ་ཡས་མས་ཤིག་འགོར་རྒྱུའི་རྩིས་རྒྱག་གི་ཡོད་པ་རེད། རྒྱ་གར་གྱི་ནིར་བྷ་ཡེ་འཕུར་མདེལ་ནི་ཨ་རིའི་ཊོ་མ་ཧོཀ་དང་ཨ་རུ་སུའི་SS-N-27་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་གྱི་ཚབ་དེ་ཡིན་ཞིང་། ད་སྔ་རྒྱ་གར་གྱི་ནིར་བྷ་ཡེ་འཕུར་མདེལ་གྱི་འཕྲུལ་ཆས་ཨ་མ་ནི་ཨུ་རུ་སུ་ནས་ནང་འདྲེན་བྱས་པ་ཞིག་ཡིན་རུང་༢༠༠༧་ནས་འཕུར་མདེལ་དེ་ཉིད་རྒྱ་གར་གྱི་རྒྱལ་སྲུང་མཚོན་ཆ་ཞིབ་འཇུག་ཁང་གིས་བཟོ་སྐྲུན་བྱེད་འགོ་ཚུགས། ཉམས་ཞིབ་པ་ཚོས་རྒྱ་ནག་ལ་རྒྱ་གར་རྒྱལ་ཡོངས་སུ་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདེལ་ཡོད་པ་དང་རྒྱ་གར་ལའང་རྒྱ་ནག་གི་གྲོང་ཁྱེར་ཕལ་མོ་ཆེར་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདེལ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG