ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་ནད་འགོག་སྲིད་ཇུས་གཞན་ཞིག་མ་རྙེད་པའི་དཀའ་ངལ། 


༄༅།། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར། དེ་ནི་འཛམ་གླིང་རྒྱལ་ཁབ་གཞན་ཁག་གི་ནད་འགོག་སྲིད་ཇུས་ལ་མི་མཐུན་པ་ཞིག་ཏུ་གྱུར། དེང་སྐབས་རྒྱ་ནག་གིས་ལག་ལེན་བསྟར་གྱི་ཡོད་པའི་ནད་འགོག་སྲིད་ཇུས་དེ་ཁུངས་འཁྱོལ་ཐབས་མེད་པ་དང་དཔལ་འབྱོར་ཉམས་རྒུད་གཏོང་རྒྱུའི་ཉེན་ཁའང་ཆེ། ཕྱི་ཟླ་༡་པོའི་ཚེས་༢༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་འགོ་ཁྲིད་ཚོས་རང་གི་ནད་འགོག་སྲིད་ཇུས་དེ་རྒྱུན་འཁྱོངས་ཐུབ་རྒྱུ་མིན་པ་ངོས་ཟིན། གལ་སྲིད་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལྟར་སྒོ་རྒྱ་མ་བསྡམས་པར་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ན་རྒྱ་ནག་ལ་གློ་བུར་དུ་ནད་པ་ས་ཡ་མང་པོ་ཐོན་ཏེ་སྨན་ཁང་ཁག་གིས་ཨར་བརྟེན་ཐུབ་རྒྱུ་མིན་པའི་འཇིགས་སྣང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ན་ནིང་རྒྱ་ནག་གི་སྨན་པ་མཁས་པ་ཚོས་མི་དམངས་ལ་སྨན་ཁབ་བརྒྱབ་ན་ནད་དུག་འགོག་ཐུབ། མི་གྲངས་ས་ཡ་མང་པོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་ཀྱང་བྱེད་མི་དགོས། སྤྱི་ཚོགས་ཀྱི་འགྲིམ་འགྲུལ་ཡང་འགོག་མི་དགོས་པ་དང་རྒྱལ་ནང་གི་དཔལ་འབྱོར་དང་ཚོང་ལས་རྣམས་རྒྱུན་སྐྱོང་བྱེད་ཐུབ་ཅེས་རེ་ལྟོས་འཆང་། ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་ལ་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགོག་རྐྱེན་ཞིག་ལ་འགྱུར་སྲིད་ཅེས་གླེང་། ཉམས་ཞིབ་པ་འགའ་ཤས་ཀྱིས་རྒྱ་ནག་ལ་ལག་ལེན་བསྟར་བཞིན་ཡོད་པའི་ཐབས་ཇུས་འདི་མ་གཏོགས་ཐབས་ཇུས་གཞན་པ་མི་འདུག རྒྱ་ནག་གི་སྨན་བཅོས་དང་འཕྲོད་བསྟེན་ལམ་ལུགས་དེ་ཉིད་མི་གྲངས་ས་ཡ་མང་པོར་སྨན་བཅོས་བྱེད་ཐུབ་པའི་ལམ་ལུགས་ཤིག་མ་རེད་ཅེས་བརྗོད།།

པེ་ཅིང་ཨོ་རྩེད་གསར་འགོད་གསལ་བསྒྲགས་གནང་སའི་ཕྱི་ལོགས།
པེ་ཅིང་ཨོ་རྩེད་གསར་འགོད་གསལ་བསྒྲགས་གནང་སའི་ཕྱི་ལོགས།

ཉེ་ཆར་གཟའ་སྤེན་པའི་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གི་ནད་ཡམས་སྔོན་འགོག་སྡེ་ཚན་གྱི་འགན་འཛིན་ལེང་ཝན་ནེན་གྱིས་མི་འབོར་དུང་ཕྱུར་༡༤་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་ཆ་ནས་བཤད་ཚེ། རྒྱ་ནག་གི་ནད་འགོག་སྲིད་ཇུས་དེར་ནུས་པ་ཧ་ལས་པའི་ཆེན་པོ་ཐོན་ཡོད་ཅེས་བཀྲལ། རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གི་འཛིན་སྐྱོང་འགན་འཛིན་ཁེ་རི་སི་ཊ་ལི་ན་འཇོར་ཇཱི་ཝས་རྒྱ་ནག་གི་ནད་འགོག་སྲིད་ཇུས་ལ་བསྐྱར་ཞིབ་བྱ་དགོས། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་རྒྱ་ནག་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་ཞིག་ཏུ་འགྱུར་གྱི་འདུག་ཅེས་ནན་གྱིས་བསྐུལ། རྒྱ་ནག་གཞུང་གིས་སྒོ་རྒྱ་བསྡམས་ནས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་རྒྱུ་འགོག་གི་ཡོད་པ་ལྷོད་ཡངས་བཏང་ན་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་ལམ་ལུགས་སྦོ་ལུག་སྲིད་པའི་སྐྲག་སྣང་གིས་འཛེམ་ཟོན་བྱེད་ཀྱི་ཡོད་ཅིང་། ཨོ་གླིང་གི་ཁར་ཊིན་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་མི་འབོར་འཕྲོད་བསྟེན་སློབ་གླིང་གི་སློབ་དཔོན་ཇཱ་ཡ་ཌན་ཏ་སི་ཞེས་པ་ཞིག་གིས་རྒྱ་ནག་ལ་མི་འབོར་མང་དྲགས་པའི་སྟབས་ཀྱིས་ནད་དུག་ཁྱབ་ཞོར་དང་འགོག་བཅོས་བྱེད་ཞོར་གྱི་སྲིད་ཇུས་ཤིག་འཛིན་ཐུབ་ཀྱི་མེད་པ་རེད་ཅེས་བཤད། ༢༠༢༠་ཐམ་པའི་ལོ་མཇུག་དེར་རྒྱ་ནག་ལ་ཚད་ལྡན་གྱི་སྨན་ཞབས་པ་ས་ཡ་༤་དང་འབུམ་༧་ཡོད་ཅེས་གཞི་གྲངས་སུ་བཀོད། དེ་ནི་ཆ་མཉམ་མི་༡༠༠༠་རེར་ལྟ་རྟོག་བྱེད་མཁན་སྨན་ཞབས་པ་༣.༣༥་ལས་མི་ཐེམས། ཨ་མི་རི་ཀར་སྨན་ཞབས་པའི་ལག་འཁྱེར་ཡོད་པའི་སྨན་ཞབས་པ་ས་ཡ་༣་ཡས་མས་ཤིག་ཡོད་པ་ཆ་བགོ་བྱེད་ན་མི་༡༠༠༠་རེར་ལྟ་རྟོག་བྱེད་མཁན་སྨན་ཞབས་པ་༩་རེ་ཐེམས་ཀྱི་ཡོད་པའི་གནས་ཚུལ་ཐོན།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ནད་འགོག་སྲིད་ཇུས་ལ་འགྱུར་བ་གཏོང་ཐུབ་ཀྱི་མེད་པ་ནི་རྒྱ་ནག་གིས་བཟོས་པའི་སྨན་ཁབ་ཁག་ལ་ནུས་པ་ཆུང་བ་ངོས་ལེན་བྱེད་ཐུབ་ཀྱི་མེད་པ་དང་ཕྱི་རྒྱལ་གྱི་སྨན་ཁབ་ནང་འདྲེན་བྱ་རྒྱུར་ངོ་གནོང་། རྒྱ་ནག་གིས་ཨ་རི་དང་དབྱིན་ཇི། འཇར་མན་ཎི་བཅས་ཀྱིས་བཟོས་པའི་སྨན་ཁབ་དེའི་རིགས་བཟོ་ཐུབ་ཀྱི་མེད་པ་བཅས་ལ་ཐུག་འདུག ཚན་རིག་པ་ཚོས་བརྟག་དཔྱད་བྱས་པའི་རྗེས་སུ་རྒྱ་ནག་གིས་བཟོས་པའི་སྨན་ཁབ་དེ་དག་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོག་ཐུབ་པའི་ནུས་པ་ཆུང་བ་ཡོད་པ་ཤེས་རྟོགས་བྱུང་། རྒྱ་ནག་གི་ནད་རིགས་བཀག་སྡོམ་དང་སྔོན་འགོག་ལྟེ་གནས་ཁང་གི་ནད་ཡམས་རིག་པའི་མཁས་པ་ཝུ་ཙུན་ཡུག་གིས་ང་ཚོའི་སྨན་བཅོས་ཀྱི་མཐུན་རྐྱེན་དང་ནུས་པ་སོགས་ཨ་རི་དང་དབྱིན་ཇི་སོགས་ཀྱི་ཚད་གཞི་དེར་བསླེབས་མེད། ཡིན་ནའང་རྒྱ་ནག་གི་ཏོག་དབྱིབས་ནད་དུག་བཀག་སྡོམ་གྱི་གྲུབ་འབྲས་ནི་ཨ་རི་དང་དབྱིན་ཇི་སོགས་ལས་ལྡབ་འགྱུར་གྱི་ཡག་ག་བྱུང་ཡོད། ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་འབྱུང་བའི་ཉེན་ཁ་ཆུང་བ་ཡོད་ཀྱང་རྒྱ་ནག་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་ན་མི་ལ་འཆི་སྐྱོན་གྱི་ཉེན་ཁ་ཆེ་བ་འབྱུང་སྲིད་ཅེས་ཉེན་བརྡ་བཏང་ཞིང་། རྒྱ་ནག་གཞུང་གིས་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཆམ་ནད་ལྟ་བུ་ཞིག་རེད་ཟེར་གྱི་ཡོད་པ་དེར་སྣང་འཇོག་བྱེད་མི་ཉན། ཨོ་མི་ཁོ་རོན་ལ་ཏོག་དབྱིབས་ནད་དུག་སྔོན་མ་རྣམས་ཇི་བཞིན་འཛེམ་ཟོན་དང་དོགས་ཟོན་བྱ་དགོས་ཞེས་བསྒྲགས། ཁ་སང་གཟའ་ལྷག་པའི་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་རྒྱ་ནག་གི་ནད་འགོག་སྲིད་ཇུས་ཀྱིས་མིའི་ཚེ་སྲོག་བསྐྱབས་ཡོད་ཅེས་ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁང་ཁག་གིས་རྒྱ་ནག་གི་ནད་འགོག་སྲིད་ཇུས་ལ་འཕྱ་སྨོད་བྱེད་ཀྱི་ཡོད་པར་དགག་པ་བརྒྱབ།།

རྒྱ་ནག་ཕྱི་ནང་གཉིས་ཀྱི་མཁས་པ་ཚོས་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཀྱང་ངོ་བོ་གཞན་ལ་འགྱུར་ནས་ནད་དུག་གསར་པ་འཐོན་སྲིད། ཏོག་དབྱིབས་ནད་དུག་ནི་༢༠༠༣་ལོར་རྒྱ་ནག་ལ་གློ་ཚད་ཀྱི་ནད་ཡམས་ཤིག་ཁྱབ་པ་ལྟར་དུས་ཡུན་གང་འཚམ་རྗེས་སུ་འདར་ཚད་ལྟ་བུ་ཞིག་ལ་འགྱུར་རྒྱུའི་རྟགས་མཚན་བྲལ་ཞེས་བཤད། ཨོ་གླིང་གི་ལྷོ་ཝེལ་སི་གསར་པ་སློབ་ཆེན་གྱི་ནད་འབུ་ཕྲ་མོ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་རེ་ན་མེཀ་ཨིན་ཊི་ཡེར་ཞེས་པ་ཞིག་གིས་ཏོག་དབྱིབས་ནད་དུག་འདིས་ནད་རླབས་གསར་པ་བསླངས་ནས་འགོག་ཁབ་ཀྱིས་འགོག་མི་ཐུབ་པའམ། འགོག་ཁབ་བརྒྱབ་མེད་པའི་མི་ཚོར་ནད་དུག་འགོས་ནས་རྩ་འཇོམས་འགྲོ་ཐུབ་རྒྱུ་ཁག་པོ་རེད། རྒྱ་ནག་ལ་སྒོ་རྒྱ་བསྡམས་པ་དང་སྒོ་མོ་འབྱེད་པ་གཉིས་ཀྱི་གདམ་ཀ་འབའ་ཞིག་ལས་མེད་པ་ནི་ག་ལ་ཡིན། རྒྱ་ནག་གིས་མཐའ་གཅིག་ཏུ་ནད་དུག་དེར་མགོ་བོ་སྒུར་དགོས་པ་ཞིག་ཀྱང་མིན། ཨ་རི་དང་ཡུ་རོབ་ལ་ཁྱབ་པ་ལྟར་རྒྱ་ནག་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་ཏུ་མ་བཅུག་ན་རྒྱ་ནག་གིས་དམ་དྲག་བྱེད་ཀྱི་ཡོད་པ་ལྷོད་ཡངས་གཏོང་ཆོག ནད་དུག་གང་འཚམ་རེ་འགོས་ན་མ་འོངས་པར་རྒྱ་ནག་མི་དམངས་ཀྱི་ལུས་པོར་ནད་འགོག་གི་ཟུངས་ཤུགས་རྒྱས་ཐུབ་པའི་ཕན་ཐོགས་ཡོད་ཅེས་བསྟན། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་རྒྱལ་ནང་གི་བཟོ་གྲྭ་ཁག་སྒོ་བརྒྱབ་སྟེ་ཕྱི་རྒྱལ་ལ་དངོས་ཟོག་གཏོང་རྒྱུ་མཚམས་ཆད། རྒྱལ་ནང་ལ་འགྲིམ་འགྲུལ་བཀག་ནས་ཚོང་ལས་ལ་འགོག་རྐྱེན་འཕྲད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གི་ནད་འགོག་སྲིད་ཇུས་དེས་ཧོང་ཀོང་གི་ཚོང་ལས་དང་དཔལ་འབྱོར་གཉིས་ཀྱང་ཉམས་རྒུད་འགྲོ་རྒྱུ་འགོ་ཚུགས། ཧོང་ཀོང་གིས་རྒྱ་ནག་ལྟར་སྒོ་རྒྱ་བསྡམས་ཀྱང་གཟའ་ཕུར་བུའི་ཉིན་མངའ་ཁུལ་དེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༦༤་ཐོན།།

ཕྱི་འབྲེལ་ལས་དོན་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་རྒྱུ་དེར་ཉི་མ་འགའ་ཞིག་ལས་མེད་ཀྱང་རྒྱ་ནག་ལ་ཨོ་མི་ཁོ་རོན་དང་ཏོག་དབྱིབས་ནད་དུག་མགོ་འཇོམས་རྒྱུ་ནི་རྨི་ལམ་ལྟ་བུ་ཞིག་རེད། ཁ་སྔོན་ཕྱི་ཟླ་༡༢་པའི་ཚེས་༩་ནས་རྒྱ་ནག་ནང་ཁུལ་དུ་མི་༣༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས། ཞི་ཨན་གྲོང་ཁྱེར་གཅིག་པུར་མི་༢༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་རྒྱ་ནག་གི་ཞིང་ཆེན་༡༤་ལ་ཏོག་དབྱིབས་ནད་དུག་ཁྱབ། རྒྱ་ནག་གཞུང་གིས་སྒོ་རྒྱ་བསྡམས་ནས་མི་ས་ཡ་༢༠་ལྷག་རང་གནས་སུ་བཀག པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་དུས་སུ་ཕྱི་རྒྱལ་གྱི་རྩེད་འགྲན་པ་དང་དེ་དག་གི་ལས་བྱེད་པ་སོགས་མི་སྟོང་ཕྲག་མང་པོ་མཉམ་དུ་འདུས་ནས་ནད་དུག་ཁྱབ་ཉེན་ཆེ། པེ་ཅིང་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་ཤེས་རྟོགས་བྱུང་སྟེ་རྒྱ་ནག་གཞུང་གིས་རྩེད་འགྲན་གྱི་ལྟད་མོའི་པ་སི་ཡང་བཙོང་རྒྱུ་མཚམས་བཞག སྔོན་ཆད་ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌི། སིངྒ་པུར་བཅས་ཀྱིས་ཀྱང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་ལག་ལེན་བསྟར་ཀྱང་རྒྱལ་ཁབ་དེ་དག་གིས་ནད་འགོག་སྲིད་ཇུས་དེ་རྒྱུན་འཁྱོངས་བྱེད་ཐུབ་ཐབས་མེད་པ་ངོས་ཟོན་ནས་སྲིད་ཇུས་བསྒྱུར། ཉམས་ཞིབ་པ་ཚོས་རྒྱ་ནག་གི་ནད་འགོག་སྲིད་ཇུས་ལ་འགྱུར་བ་བཏང་ན་ཐོག་མའི་སྲིད་ཇུས་དེ་ནོར་འཁྲུལ་ཡིན་པ་ངོས་ལེན་བྱ་དགོས་པ་དང་རྒྱ་ནག་གིས་བཟོས་པའི་སྨན་ཁབ་ཁག་ལ་ནུས་པ་ཆུང་བ་ངོས་ལེན་བྱས་པ་མཚོན་ཐུབ། གལ་ཏེ་རྒྱ་ནག་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་མིག་དཔེ་བལྟས་ནས་ལྷོད་ཡངས་བཏང་ན་མི་གྲངས་དུང་ཕྱུར་མང་པོར་ནད་དུག་འགོས་ནས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་རྒྱུའི་འཇིགས་སྣང་བྱེད་ཀྱི་འདུག་ཅེས་བཤད། རྒྱ་ནག་གི་མི་འབོར་བརྒྱ་ཆ་༨༥་ལ་འགོག་ཁབ་སྨན་ཐུན་གཉིས་ཀ་བརྒྱབ། མི་ཁག་ཅིག་ལ་སྨན་ཐུན་གསུམ་པ་བརྒྱབ་པ་དང་ཁྱོན་བསྡོམས་རྒྱ་ནག་གིས་འགོག་ཁབ་སྨན་ཐུན་དུང་ཕྱུར་༣༠་ཡས་མས་ཤིག་བརྒྱབ་ཡོད་པའི་གནས་ཚུན་ཐོན་འདུག

XS
SM
MD
LG