ངོ་འཕྲད་བདེ་བའི་དྲ་འབྲེལ།

ནེའུ་ཛི་ལན་ཌིའི་འཇིགས་སྐུལ་བ་དེ་ཁྱིམ་མཚེས་ཀྱིས་དྲག་སྤྱོད་པར་བསྒྱུར་སྐད། 


༄༅།། ཉེ་ཆར་སིངྒ་ལའི་ཁ་ཆེ་ཞིག་གིས་ནེའུ་ཛི་ལན་ཌིའི་ཚོང་ཁང་ཆེན་པོ་ཞིག་གི་ནང་དུ་མི་བདུན་ལ་གྲི་བཙུགས་ནས་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་བྱས་ཤིང་། དེ་རིང་ཕྱི་ཟླ་༩་པའི་ཚེས་༦་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཇིགས་སྐུལ་རིང་ལུགས་པ་དེའི་ཨ་མས་རང་གི་བུ་ལ་སི་རི་ཡ་དང་ཨི་རཀ་ནས་ཕྱིར་ལོག་བྱས་པའི་ཁ་ཆེ་རྒྱལ་ཁམས་ཀྱི་མཐའ་ལྷུང་རིང་ལུགས་པ་གཉིས་ཀྱི་ཤུགས་རྐྱེན་ཐེབས་ནས་བློ་ཁ་བསྒྱུར་སོང་ཞེས་བཤད་འདུག ལོ་ན་༣༢་ལ་སོན་པའི་ཏ་མིལ་མི་རིགས་ཀྱི་ཁ་ཆེ་དེའི་མིང་ལ་ཨྷ་མེ་ཐེ་སམ་སུ་དྷིན་ཟེར་ཞིང་། ཁོ་པ་སིངྒ་ལའི་སྤྱི་དམངས་ཤིག་ཡིན་པ་དང་ལོ་བཅུའི་གོང་དུ་སློབ་ཕྲུག་གི་ཐོངས་མཆན་ཞུས་ནས་ནེའུ་ཛི་ལན་ཌིར་སློབ་སྦྱོང་ལ་སོང་། ནེའུ་ཛི་ལན་ཌིར་འབྱོར་བའི་རྗེས་སུ་སམ་སུ་དྷིན་གྱིས་སིངྒ་ལའི་གཞུང་གིས་ཏ་མཱིལ་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱེད་ཀྱི་འདུག་ཅེས་སྲིད་དོན་སྐྱབས་བཅོལ་ཞུས། བདུན་ཕྲག་སྔོན་མར་སམ་སུ་དྷིན་མི་ཚོགས་འདུས་པའི་ནེའུ་ཛི་ལན་ཌིའི་ཚོང་ཁང་ཆེན་པོ་ཞིག་གི་ནང་དུ་སོང་སྟེ་མི་ལྔ་ལ་གྲི་བཙུགས་པ་དང་མི་གཞན་པ་གཉིས་ལ་རྨས་སྐྱོན་བཟོས་པས་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་སམ་སུ་དྷིན་བསད།།

འཇབ་རྒོལ་བྱུང་སའི་ནེའུ་ཛི་ལན་ཌིའི་ཚོང་ཁང་ཆེན་པོའི་མདུན།
འཇབ་རྒོལ་བྱུང་སའི་ནེའུ་ཛི་ལན་ཌིའི་ཚོང་ཁང་ཆེན་པོའི་མདུན།

འཇིགས་སྐུལ་རིང་ལུགས་པ་དེའི་ཨ་མ་ཧྥ་རི་ཏས་༢༠༡༦་ལོར་ངའི་བུ་སློབ་ཆེན་འགྲིམ་བཞིན་པའི་སྐབས་སུ་ཁང་པ་ཐོག་བརྩེགས་འགའ་ཞིག་གི་སྟེང་ནས་མར་ལྷུང་སྟེ་རྨས་སྐྱོན་ཕོག་པ་རེད། ཁོ་པར་ནེའུ་ཛི་ལན་ཌིར་ངོ་ཤེས་དང་གཉེན་འབྲེལ་སོགས་མེད་པས་སི་རི་ཡའི་མི་ཞིག་དང་ཨི་རཀ་པ་ཞིག་གིས་ནད་གཡོག་བརྒྱུགས་ནས་རོགས་སྐྱོར་བྱས་འདུག ཁོ་ཚོས་ངའི་བུ་ལ་ཀླད་བཀྲུ་བྱས་ཡོད་པའི་དོགས་པ་ཆེན་པོ་ཡོད། དེ་ནས་བཟུང་སྟེ་ངའི་བུས་ངོ་དེབ་ནང་དུ་འཕྲིན་ཐུང་སྤེལ་རྒྱུ་མགོ་བརྩམས་སོང་། ཁོ་པ་ཕྱི་རྒྱལ་ལ་ཕྱིན་པའི་རྗེས་སུ་འགྱུར་བ་ཐེབས་པ་དང་༢༠༡༧་ལོར་འཛིན་བཟུང་བྱས་ནས་བཟུང་སྟེ་ང་ལ་ཁ་པར་ཡོང་རྒྱུ་ཡང་ཇེ་ཉུང་དུ་ཕྱིན་སོང་། བུས་ང་ལ་ཟླ་བ་གསུམ་རེའི་མཚམས་སུ་ཁ་པར་ཐེངས་རེ་བཏང་ཡོང་གི་འདུག ངའི་བུ་གཞན་གཉིས་ཁོང་ཁྲོ་ལངས་ནས་གཤེ་གཤེ་བཏང་མྱོང་ཞེས་སིངྒ་ལའི་ས་གནས་བརྙན་འཕྲིན་ལས་ཁང་ཞིག་གི་བཅར་འདྲིའི་སྐབས་སུ་འགྲེལ་བཤད་བརྒྱབ། སམ་སུ་དྷིན་གྱིས་༢༠༡༦་ནས་དྲྭ་ལམ་དུ་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་གྱི་རྩོམ་ཡིག་སྤེལ་རྒྱུ་འགོ་བཙུགས་པར་ནེའུ་ཛི་ལན་ཌིའི་ཉེན་རྟོག་པ་ཚོས་དོ་སྣང་བྱུང་། ༢༠༡༧་ལོར་ཁོ་པ་སི་རི་ཡའི་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པའི་སྒྲིག་ཁོངས་སུ་མཉམ་ཞུགས་བྱེད་དུ་བསྐྱོད་ཀྱི་ཡོད་པའི་དོགས་གཞིའི་འོག་ཨོཀ་ལན་ཌི་རྒྱལ་སྤྱིའི་གནམ་ཐང་དུ་འཛིན་བཟུང་བྱས་ཀྱང་ཕྱིས་སུ་གན་རྒྱ་བཞག་ནས་གློད་གྲོལ་ཐོབ།།

གཟའ་སྤེན་པའི་ཉིན་ཧྥ་རི་ཏའི་བུ་གཞན་པ་ཨུ་རུ་ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། ཁོ་ཚོས་སམ་སུ་དྷིན་ལ་ཁ་ཆེའི་རྒྱལ་ཁམས་ལ་རྒྱབ་སྐྱོར་བྱ་རྒྱུ་གཡུག་ཤོག རྩ་དོན་དེའི་རིགས་ལ་མགོ་བོ་མ་འཁོར་ན་ལེགས་ཞེས་ཁ་ཏ་བྱས་པ་ཡིན། ཁོ་པ་ཁོང་ཁྲོ་ལངས་ནས་ཁ་པར་མཚམས་འཇོག་གི་འདུག དེ་ནས་ཁོ་པས་ཁ་པར་མཚམས་བཅད་པ་འགྲིག་མེད་པ་ངོས་ཟིན་ནས་ང་ཚོར་བསྐྱར་དུ་ཁ་པར་བཏང་ཡོང་གི་འདུག ཁོ་པས་མི་ལ་གྲི་བཙུགས་པ་ནི་ནོར་འཁྲུལ་ཆེན་པོ་རེད། ང་ཚོས་སམ་སུ་དྷིན་ལམ་ལོག་ཏུ་འཕྱན་པ་སྐྱོབ་མ་ཐུབ་པ་ཧ་ཅང་གི་ཕངས་པོ་རེད་ཅེས་བཀྲལ། ༢༠༡༨་ལོར་སམ་སུ་དྷིན་གྱི་ལག་ནས་ཁ་ཆེ་རྒྱལ་ཁམས་ཀྱི་ཡིག་ཆ་དང་གྲི་སོགས་ཐོན་ཏེ་ལོ་གསུམ་ལ་བཙོན་དུ་བཅུག ལོ་གཞུག་མ་དེར་ནེའུ་ཛི་ལན་ཌིའི་གཞུང་གིས་སམ་སུ་དྷིན་གྱིས་རྫུན་བཤད་ནས་སྲིད་དོན་སྐྱབས་བཅོལ་ཞུས་ཡོད་པ་ཤེས་རྟོགས་བྱུང་སྟེ་སྐྱབས་བཅོལ་བའི་གནས་ཐོབ་ཕྱིར་བསྡུ་བྱས་པར་མ་ཟད། ནེའུ་ཛི་ལན་ཌིའི་ཕྱི་མི་གཞིས་ཆགས་ལས་ཁུངས་ཀྱིས་སམ་སུ་དྷིན་མུ་མཐུད་དུ་བཙོན་འཇུག་བྱེད་དགོས་པའི་ནན་སྐུལ་བྱས་ཀྱང་ཉེ་ཆར་ཕྱི་ཟླ་༧་པའི་ནང་དུ་བཙོན་ཁང་ནས་གློད་གྲོལ་བཏང་འདུག ཉེན་རྟོག་པས་ཉིན་མཚན་གཉིས་ཀར་སམ་སུ་དྷིན་ལ་རྗེས་འདེད་བྱས་ཀྱང་གྲི་འཛུགས་ཀྱི་གཏོར་རྒོལ་འགོག་མ་ཐུབ། སྲིད་བློན་ཇཱ་སིན་ཌ་ཨར་ཌེན་གྱིས་ཟླ་བ་འདིར་ནེའུ་ཛི་ལན་ཌིའི་གཞུང་གིས་འཇིགས་སྐུལ་རིང་ལུགས་པའི་ལྐོག་ཇུས་ལ་ཁྲིམས་གཅོད་དྲག་པོ་བྱེད་ཆོག་པའི་བཅའ་ཁྲིམས་ལ་འགྱུར་བཅོས་གཏོང་རྒྱུ་ཡིན་ཞེས་བསྒྲགས།།

མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སམ་སུ་དྷིན་གྱི་ཕ་ཁྱིམ་ནི་སིངྒ་ལའི་རྒྱལ་ས་ཀོ་ལིམ་བྷོ་གྲོང་ཁྱེར་གྱི་བྱང་ཤར་ཕྱོགས་སུ་སྤྱི་ལེ་༢༢༠་ཐམ་པའི་མཚམས་དེར་ཆགས་ཡོད་པའི་ཀ་ཐན་ཀུ་ཌི་གྲོང་ཁྱེར་ཡིན་ཞིང་། སིངྒ་ལའི་ཉེན་རྟོག་པ་ཚོས་ས་གནས་དེ་མཐའ་ལྷུང་རིང་ལུགས་པའི་ཚང་ཞིག་ལ་ངོས་འཛིན་བྱས་ནས་རྟག་ཏུ་དོགས་ཟོན་བྱ་དགོས་པ་ཞིག་ཏུ་གྱུར། སིངྒ་ལར་མི་རིགས་དང་ཆོས་ལུགས་གྲུབ་མཐའི་འཐེན་འཁྱེར་ཐོག་ཏུ་ལོ་བཅུ་ཕྲག་མང་པོར་ནང་འཁྲུག་ལངས། ༢༠༠༩་ལོར་སིངྒ་ལའི་གཞུང་གིས་ཏ་མིལ་གྱེན་ལོག་པ་རྣམས་ཆམ་ལ་ཕབ། ༢༠༡༩་ནས་ཀ་ཐན་ཀུ་ཌི་ས་གནས་ཀྱི་ཁ་ཆེའི་ཆོས་དཔོན་མྷོ་མེ་ཐེ་ཛ་རན་ཞེས་པའི་ཞིག་གིས་ཁ་ཆེའི་ཆོས་ལ་དད་པ་མི་བྱེད་མཁན་རྣམས་བསད་ན་ཆོག་ཅེས་མཐའ་ལྷུང་གི་ལྟ་གྲུབ་ཁྱབ་སྤེལ་བཏང་སྟེ་ཡེ་ཤུའི་ལྷ་ཁང་ཞིག་ལ་གཏོར་རྒོལ་ཕོག ས་གནས་དེའི་ཁ་ཆེའི་ཚོགས་པ་གཉིས་ཀྱིས་ཁ་ཆེ་རྒྱལ་ཁམས་ལ་གཞུང་དྲང་བློ་དཀར་ཡིན་ཞེས་དམ་བཅག་བཞག ཁ་ཆེའི་ཚོགས་པ་དེ་དག་གིས་ཉིན་གཅིག་ལ་ཡེ་ཤུའི་ལྷ་ཁང་གསུམ་དང་མགྲོན་ཁང་གསུམ་དམིགས་འབེན་དུ་བཟུང་སྟེ་ས་གནས་ཁག་དྲུག་ལ་དུས་གཅིག་ཏུ་གཏོར་རྒོལ་བྱས་མོད། འོན་ཀྱང་སམ་སུ་དྷིན་གཏོར་རྒོལ་དེ་ཚོར་འབྲེལ་བ་ཡོད་མེད་དང་ཕ་ཡུལ་གྱི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེ་དག་ལ་འབྲེལ་བ་ཡོད་མེད་ཁ་ཚོན་གཅོད་དཀའ། སིངྒ་ལའི་ཆོས་མེད་ཚོགས་པ་ཞིག་གི་མགྲིན་ཚབ་པ་རི་ཤི་ཝྭིན་ཨི་སི་མ་ཐེས་སྲིད་གཞུང་གིས་ཆོས་ལུགས་འཆད་ཁྲིད་ཀྱི་ཁྲིམས་ལུགས་འགྱུར་བཅོས་དང་སློབ་དེབ་ལ་ལེགས་བཅོས་གཏོང་དགོས་ཀྱི་འདུག ཁ་ཆེའི་ལྷ་ཁང་ཁག་དང་སློབ་དེབ་ནང་དུ་མཐའ་ལྷུང་རིང་ལུགས་ཀྱི་ལྟ་གྲུབ་ཁྱབ་སྤེལ་གཏོང་གི་ཡོད་པ་འགོག་དགོས། སིངྒ་ལའི་གཞུང་གིས་འཇིགས་སྐུལ་རིང་ལུགས་པ་ངོ་ཐག་བཅད་པ་གཅིག་པུས་འགྲིག་ཐབས་མེད་ཅེས་བསྟན།།

སིངྒ་ལའི་རྒྱལ་ཡོངས་བདེ་འཇགས་ཉམས་ཞིབ་ཁང་གི་འགོ་ཁྲིད་ཟུར་པ་ཨ་བྷི་ཡ་གུ་ན་སེ་ཀེ་ར་ཡིས་བཤད་པ་ལྟར་ན། ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱས་པའི་རྗེས་སུ་ཏ་ལི་བྷན་ཤོག་ཁག་གིས་དཀའ་ངལ་མེད་པར་ཨབ་གྷ་ཎི་སི་ཐན་ལ་དབང་སྒྱུར་བྱས་པ་རེད། དེ་ནས་བཟུང་སྟེ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་མཐའ་ལྷུང་རིང་ལུགས་པ་རྣམས་བློ་ཁོག་ཆེ་རུ་ཕྱིན་སོང་། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀས་མངའ་ཁུལ་དེའི་ཞི་བདེ་དོ་མཉམ་ལ་འབད་བརྩོན་བྱེད་ཀྱི་མི་འདུག ཨ་མི་རི་ཀ་ཕྱིར་འཐེན་བྱས་ནས་ཨབ་གྷ་ཎི་སི་ཐན་ལ་སྟོང་ཆ་ཆེན་པོ་ཞིག་ལུས་ཡོད་པ་དེར་ཚབ་ཤུལ་སྟོབས་ཤུགས་ཅན་ཞིག་མེད་ན་ཏ་ལི་བྷན་གྱི་ཤུགས་རྐྱེན་ལྡབ་འགྱུར་གྱི་འཕེལ་ཉེན་ཆེ། ནེའུ་ཛི་ལན་ཌིའི་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་གྱི་སྒྲིག་ཁྲིམས་དམ་དུ་གཏོང་མི་ཉན། ཅིའི་ཕྱིར་ཞེ་ན་མཐའ་ལྷུང་རིང་ལུགས་པ་རྣམས་དྲག་ཐལ་གྱི་ལམ་དུ་རྫོང་ཉེན་ཆེ། མི་བརྒྱ་ཕྲག་མང་པོ་བཙོན་དུ་བཅུག་ན་བཙོན་ཁང་རྣམས་མཐའ་ལྷུང་རིང་ལུགས་པ་སྐྱེད་སྲིང་བྱ་ཡུལ་ཞིག་ཏུ་འགྱུར་སྲིད་ཅེས་བཤད། ཨོ་གླིང་རྒྱལ་ཁབ་ཀྱི་སེམས་ཁམས་ཉམས་ཞིབ་ཁང་གི་སྨན་པ་ཇཱོན་སི་ཡིས་བཤད་པ་ལྟར་ན། ཁ་ཆེ་ན་གཞོན་པ་ཚོར་བསམ་བློའི་སློབ་གསོ་བཏང་ནས་བློ་ཁ་བསྒྱུར་རྒྱུ་གནད་འགག་ཆེན་པོ་རེད། པར་ཆས་སོགས་ཀྱིས་དྲག་སྤྱོད་པ་ཚོར་ལྟ་རྟོག་བྱེད་ཐུབ་ཀྱང་བློ་ཁ་བསྒྱུར་མི་ཐུབ། ཁོ་ཚོ་སྤྱི་ཚོགས་ཀྱི་མཐའ་ཟུར་དུ་ཕུད་ནས་མི་གྲས་སུ་ཚུད་ཀྱི་མེད་པའི་ཚོར་བ་ཤུགས་ཆེན་པོ་ཞིག་མྱོང་གི་འདུག དེར་བརྟེན་ཁ་ཆེའི་ན་གཞོན་ཚོས་དྲྭ་ལམ་དུ་སེམས་ཀྱི་དཀའ་ངལ་རྣམས་ཕྱི་ལ་སྟོན་པ་དང་མཐའ་ལྷུང་རིང་ལུགས་པའི་གཡོ་འོག་ཏུ་ཚུད་སླ་བ་ཞིག་ཏུ་འགྱུར་གྱི་ཡོད་པ་རེད་ཅེས་བཤད་འདུག

XS
SM
MD
LG