ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༦/༡༩

ཐེ་ཝན་གྱི་སྲིད་འཛིན་གསར་པས་རྒྱ་ནག་གི་སྡིགས་སྐུལ་མཚམས་འཇོག་དགོས་པའི་འབོད་སྐུལ།


ཐེ་པེ་གྲོང་ཁྱེར་གྱི་སྲིད་འཛིན་ཕོ་བྲང་དུ་དམ་འབུལ་མཛད་སྒོ་སྤེལ་སྐབས།
ཐེ་པེ་གྲོང་ཁྱེར་གྱི་སྲིད་འཛིན་ཕོ་བྲང་དུ་དམ་འབུལ་མཛད་སྒོ་སྤེལ་སྐབས།

༄༅། །སྤྱི་ཟླ་༥ པའི་ཚེས་༢༠ ཡི་ཞོགས་པར་ཐེ་ཝན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོ་དངོས་སུ་འགོ་ཚུགས་ཏེ། སྐུ་ཞབས་ལའེ་ཆིང་ཏེ་མཆོག་གིས་སྲིད་འཛིན་གྱི་མཛད་འགན་བཞེས་ཡོད་ཅིང་། ཁོང་གིས་གཏམ་བཤད་ལས། རྒྱ་ནག་གིས་ཐེ་ཝན་ལ་དམིགས་ནས་སྤེལ་བའི་དམག་དོན་དང་ཆབ་སྲིད་ཀྱི་སྡིགས་སྐུལ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་པར་མ་ཟད། ཐེ་ཝན་གྱི་གཞུང་འཛིན་གསར་པས་ཁེངས་མེད་ཞུམ་མེད་དང་། སྔར་རྒྱུན་ད་འཇགས་སུ་གནས་ངེས་ཀྱང་། རྒྱ་ནག་མི་སེར་རྒྱལ་ཁབ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ཕན་ཚུན་གཅིག་འོག་ལ་གཅིག་འདུས་མེད་ཅེས་ཞལ་གསལ་གསུངས་ཡོད་པ་དང་། ཞི་བདེ་ནི་གདམ་ཀ་ཉག་ཅིག་སྟེ། པེ་ཅིང་གཞུང་གིས་ངེས་པར་དུ་ཐེ་ཝན་མི་དམངས་ཀྱི་གདམ་ཀར་བརྩི་བཀུར་བྱ་དགོས་ཞེས་གསུངས་འདུག།

ཆེད་མཁས་པས་དེ་དོན་ཐད་ཨ་རིའི་རླུང་འཕྲིན་ཁང་ལ། སྐུ་ཞབས་ལའེ་ཆིང་ཏེ་ལགས་ཀྱིས་ཐེ་ཝན་རང་བཙན་ཐད་ཀྱི་བཀའ་མོལ་གསུངས་མེད་ཀྱང་། རྒྱ་ནག་ལ་མཐུན་ལམ་གྱི་བཀའ་མོལ་དེ་ཙམ་མང་བ་གསུངས་མེད་པས། ད་ནི་རྒྱ་ནག་གཞུང་གིས་འགྲེལ་བརྗོད་དང་ལན་འདེབས་ཇི་ལྟར་བྱ་ཡོང་མིན་ལ་གཞི་ནས་བལྟ་རྒྱུ་རེད། ཅེས་བརྗོད་འདུག། དེ་བཞིན་ཡང་ཐེ་པེ་དཔལ་འབྱོར་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཝང་གོ་ཁྲེན་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ། ཐེ་ཝན་གྱི་ཕྱོགས་ནས་བལྟས་ན། སྐུ་ཞབས་ལའེ་ཆིང་ཏེ་ལགས་ཀྱིས་སྔར་ལས་ལྷག་པར་འཛམ་གླིང་གི་ཐེ་ཝན་ཞེས་ནན་གསུང་གནང་བ་ཇེ་མང་ནས་ཇེ་མང་ཡིན་པ་ལས། དེ་ལས་ལྡོག་སྟེ་རྒྱ་ནག་གི་ཐེ་ཝན་དང་མཚོ་འགག་ཕྱོགས་གཉིས་ཀྱི་ཐེ་ཝན་ཞེས་གླེང་སློང་གནང་གི་མི་འདུག། ཐེ་ཝན་དེ་བཞིན་ཨ་མེ་རི་ཀ་དང་རྒྱ་ནག་དབར་གྱི་འགྲན་རྩོད་དང་། རྒྱ་གར་ཞི་བདེའི་རྒྱ་མཚོའི་འཐབ་ཇུས་དང་གོ་ལའི་ཁྱོན་ཡོངས་ཀྱི་ཚོང་མཁོ་རྒྱུན་ཐག་གི་རྒྱབ་ལྗོངས་ཆེན་པོའི་ནང་ལ་བཞག་དང་འཇོག་གི་ཡོད་པ་དེ་ནི། སྲིད་འཛིན་ཟུར་པ་མཱ་དབྱིང་ཇུའུ་ཡི་དུས་སྐབས་དང་རྩ་བ་ནས་ཐ་དད་རེད། ཅེས་གསུངས་འདུག།

༢༠༢༤ ལོའི་ཟླ་བ༥ པའི་ཚེས་༢༠ ཉིན་སྲིད་འཛིན་གསར་པ་སྐུ་ཞབས་ལའེ་ཆིང་ཏེ་མཆོག་གིས་མཛད་འགན་དམ་བཅའ་འབུལ་བཞིན་པའི་ངང་ཚུལ།
༢༠༢༤ ལོའི་ཟླ་བ༥ པའི་ཚེས་༢༠ ཉིན་སྲིད་འཛིན་གསར་པ་སྐུ་ཞབས་ལའེ་ཆིང་ཏེ་མཆོག་གིས་མཛད་འགན་དམ་བཅའ་འབུལ་བཞིན་པའི་ངང་ཚུལ།

རྒྱ་ནག་གིས་རྟག་པར་ལའེ་ཆིང་ཏེ་ནི་ཁ་བྲལ་རིང་ལུགས་པ་ཞིག་རེད། ཅེས་བརྗོད་ཀྱི་ཡོད་ཅིང་། དགུང་ལོ་༦༤ ཡིན་པའི་སྐུ་སྐབས་ལའེ་ཆིང་ཏེའམ་དབྱིན་སྐད་དུ་ཝི་ལེམ་ལའེ་ཞེས་མཚན་སྙན་རྒྱས་འགོ་ཚུགས་པ་ནས་བཟུང་། ད་བར་ཐེ་ཝན་ལ་དུས་དང་རྣམ་པ་ཀུན་ཏུ་ཐེ་ཝན་གླིང་ཕྲན་གྱི་ཉེ་འཁྲིས་སུ་འཆར་ཅན་གནམ་དམག་དང་མཚོ་དམག་གི་བསྐོར་གཡེང་སྡིགས་ར་ཐེ་བའི་རྒྱ་ནག་གི་གནོན་ཤུགས་ཡོད་མུས་ཡིན་པ་དང་། ཁོང་གིས་ང་ཚོར་ཞི་བདེ་འཚོལ་སྙེག་བྱེད་པའི་ཕུགས་བསམ་ཡོད་འོས་ཀྱང་། ང་ཚོས་སྟོང་བསམ་འཆང་ཉན་གྱི་མ་རེད། ཅེས་དང་། རྒྱ་ནག་གིས་དྲག་པོ་བེད་སྤྱོད་ཀྱི་སྒོ་ནས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུུ་དེ་མ་དོར་གྱི་བར་དུ། ཐེ་ཝན་གྱི་ཆབ་འབངས་ཚང་མས་ངེས་དགོས་པ་ཞིག་ལ། ང་ཚོའི་ངོས་ནས་རྒྱ་ནག་གིས་བཏོན་པའི་འདོད་བློ་ཡོངས་རྫོགས་ཁས་ལེན་བྱས་ནས་བདག་དབང་བློས་བཏང་བའི་དབང་དུ་བཏང་ཡང་། རྒྱ་ནག་གིས་ཐེ་ཝན་ཁྱུར་མིད་གཏོང་བར་བྱ་རྒྱུའི་འདོད་ཧམ་དེ་མེད་པར་ཆགས་ཀྱི་མ་རེད། རྒྱུ་མཚན་དེའི་ཕྱིར་ན། མི་ཚང་མས་དངོས་ཡོད་ལ་ངོས་ཟིན་གསལ་པོའི་ཐོག་ནས་ངེས་པར་དུ་ཐེ་ཝན་གྱི་རང་སྡེ་རང་སྲུང་གི་ཆོད་སེམས་བརྟན་པོར་འཛིན་དགོས་པ་བསྟན་འདུག།

ཐེ་ཝན་གྱི་བདག་དབང་གི་གནད་དོན་ཐད། སྐུ་ཞབས་ལའེ་ཆིང་ཏེ་ལགས་ཀྱི་སྐར་མ་༣༠ ཐམ་པ་རིང་གི་གཏམ་བཤད་དེའི་མཇུག་ཏུ། བདག་དབང་ཡོད་ན་ད་གཟོད་རྒྱལ་ཁབ་ཡོད་ཅིང་། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་རྩ་ཁྲིམས་དགོངས་དོན་ལྟར་ན། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་བདག་དབང་དེ་བཞིན་ཆབ་འབངས་སྤྱི་ལ་ཡོད་དེ། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་ཐོབ་ཁོངས་མི་སེར་ཡིན་པ་ཐམས་ཅད་རྒྱལ་ཁབ་འདིའི་ཆབ་འབངས་ཡིན་ཞེས་ནན་བརྗོད་གནང་འདུག། གོང་ཞུས་ལྟར་སྐུ་ཞབས་ལའེ་ཆིང་ཏེ་ལགས་ཀྱིས་ནན་གསུངས་གནང་དོན་དུ། རྒྱ་ནག་མི་སེར་རྒྱལ་ཁབ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ཕན་ཚུན་གཅིག་འོག་ལ་གཅིག་འདུས་མེད་པར་ནན་བརྗོད་གནང་ཡོད་པ་དང་། དམ་འབུལ་མཛད་སྒོའི་སར་སྲིད་འཛིན་ཟུར་པ་ལྕམ་ཚའེ་དབྱིན་ཝེན་མཆོག་གིས་ཀྱང་དེ་མཚུངས་ཀྱི་ལངས་ཕྱོགས་འཛིན་བཞིན་ཡོད་པར་མི་དམངས་ཀྱི་ཐལ་མོ་རྡེབ་སྒྲས་དགའ་བསུ་གནང་ཡོད་པ་རེད།

སྲིད་འཛིན་གསར་རྙིང་གཉིས་ལྷན་བཞུགས།
སྲིད་འཛིན་གསར་རྙིང་གཉིས་ལྷན་བཞུགས།

ཐེ་ཝན་རྒྱལ་སྲུང་ལས་ཁུངས་ཀྱིས་རེས་གཟའ་ཟླ་བའི་ཉིན་ལ་མཚོ་དམག་བཏང་ནས་ཐེ་ཝན་ཉེ་འཁྲིས་སུ་སླེབས་ཡོད་པའི་རྒྱ་ནག་གི་དམག་གྲུ་བརྒྱད་ཀྱི་བྱ་སྤྱོད་ལ་བྱ་ར་བྱས་ཡོད་ཅིང་། རྒྱ་ནག་གིས་ཉེ་བའི་ལོ་ཤས་རིང་ནས་དུས་རྟག་ཏུ་དེ་ལྟར་བྱེད་བཞིན་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཆགས་ཡོད་པ་རེད། སྲིད་འཛིན་གསར་པའི་དམ་འབུལ་གྱི་མཛད་སྒོའི་སར་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་མཆོག་གིས་མངགས་གཏོང་གནང་བའི་ཨ་རིའི་དཔོན་རིགས་ཟུར་པ་ཁག་ཅིག་དང་། ཉི་ཧོང་དང་། འཇར་མན། ཁ་ན་ཊ་སོགས་ཀྱི་གྲོས་ཚོགས་འཐུས་མི་དང་། ཐེ་ཝན་དང་ཕྱི་འབྲེལ་གྱི་འབྲེལ་ལམ་དངོས་སུ་ཡོད་མཁན་གྱི་རྒྱལ་ཁབ་༡༢ ཀྱི་དབུ་ཁྲིད་ཁག་ཅིག་ཀྱང་ཆེད་ཕེབས་གནང་ཡོད་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནཱི་བྷུ་ལིན་ཁེན་ལགས་ཀྱིས་སྐུ་ཞབས་ལའེ་ཆིང་ཏེ་ལགས་སུ་འཚམས་འདྲི་གནང་ཡོད་པར་མ་ཟད། ཨ་རིས་ཐེ་ཝན་དང་ལྷན་དུ་ཐུན་མོང་གི་ཁེ་ཕན་དང་རིན་ཐང་ལྟ་གྲུབ་ཡར་རྒྱས་གཏང་རྒྱུ་དང་། ང་ཚོའི་བར་གྱི་དུས་ཡུན་རིང་པོའི་གཞུང་འབྲེལ་མ་ཡིན་པའི་འབྲེལ་ལམ་དང་ཐེ་ཝན་མཚོ་འགག་གི་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོབ་གཏིང་ཟབ་ཏུ་གཏང་རྒྱུའི་ཐད་ལ་མཉམ་ལས་བྱ་རྒྱུ་ཡིན། ཞེས་གསུངས་འདུག། ཐེ་ཝན་ནས་གཞུང་འབྲེལ་གདན་ཞུ་འབྱོར་དོན་ལྟར། བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཆེད་གཏོང་གནང་ཁོངས་ནས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས། བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས། བོད་མི་མང་སྤྱི་འཐུས་བཀྲ་ཤིས་དོན་འགྲུབ་ལགས། ཐེ་ཝན་དུ་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་སོགས་སྲིད་འཛིན་དམ་འབུལ་མཛད་སྒོར་མཉམ་ཞུགས་གནང་འདུག།

བོད་ཀྱི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་རྣམས་ཐེ་ཝན་གྱི་སྲིད་འཛིན་དམ་འབུལ་མཛད་སྒོར་ཞུགས་པ།
བོད་ཀྱི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་རྣམས་ཐེ་ཝན་གྱི་སྲིད་འཛིན་དམ་འབུལ་མཛད་སྒོར་ཞུགས་པ།

སྐུ་ཞབས་ལའེ་ཆིང་ཏེ་མཆོག་གིས་གཏམ་བཤད་གྲུབ་རྗེས། རྟེན་འབྲེལ་མཚོན་ཕྱིར་ཐེ་ཝན་གྱི་དམག་གི་གནམ་གྲུའི་རུ་ཁག་ཅིག་མཁའ་དབྱིངས་སུ་འཕུར་ཡོད་པ་དང་། སྲིད་འཛིན་གསར་པ་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་གཙོའི་ཕྱག་ནས་མཚོན་དོན་ལྡན་པའི་སྲིད་འཛིན་གྱི་ཐམ་ཀ་དང་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་དམ་ཕྲུག་བཅས་རྩིས་བཞེས་ཡོད་ཅིང་། དམ་ཕྲུག་དེ་གཉིས་ནི་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་གཞུང་འཛིན་གྱིས་སྤྱི་ལོ་༡༩༤༩ ལོར་རྒྱ་ནག་སྐམ་ས་ཆེན་པོའི་སྲིད་དབང་དེ་བཞིན་རྒྱ་ནག་དམར་པོའི་ལས་ལུགས་ཀྱི་འགོ་ཁྲིད་མའོ་ཙེ་ཏུང་ལ་ཤོར་ཏེ། ཐེ་ཝན་དུ་གནས་མི་སྤོ་ཀ་མེད་བྱུང་སྐབས་གདན་ཞུ་གནང་བ་ཞིག་ཡིན་པ་རེད། སྐུ་ཞབས་ལའེ་ཆིང་ཏེ་ལགས་ཀྱི་ཐོབ་ཁོངས་དམངས་གཙོ་ཡར་ཐོན་ཚོགས་པས་སྤྱི་ཟླ་དང་པོའི་འོས་བསྡུའི་ནང་གྲོས་ཚོགས་ཀྱི་གདན་གྲངས་གྲངས་མང་གི་ཐོབ་ཐང་ཤོར་ཡོད་པས་ན། ཁོང་གི་སྲིད་ཇུས་ཁག་གྲོས་ཚོགས་ནས་དཀའ་ངལ་དང་འགྲན་སློང་ཡོང་རྒྱུ་ཉག་ཅིག་ཆགས་ཡོད་པ་རེད།

ཐེ་ཝན་གྱི་དམག་གི་གནམ་གྲུའི་རུ་ཁག་ཅིག་གིས་ཐེ་ཝན་ནམ་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་རྒྱལ་དར་བསྣམས་ནས་མཁའ་དབྱིངས་སུ་འཕུར་བཞིན་པའི་ངང་ཚུལ།
ཐེ་ཝན་གྱི་དམག་གི་གནམ་གྲུའི་རུ་ཁག་ཅིག་གིས་ཐེ་ཝན་ནམ་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་རྒྱལ་དར་བསྣམས་ནས་མཁའ་དབྱིངས་སུ་འཕུར་བཞིན་པའི་ངང་ཚུལ།

ཐེ་ཝན་གྱི་སྲིད་འཛིན་གསར་པ་སྐུ་ཞབས་ལའེ་ཆིང་ཏེ་མཆོག་གིས་རེས་གཟའ་ཟླ་བའི་ཉིན་སྲིད་འཛིན་མཛད་འགན་དངོས་སུ་བཞེས་ཏེ་རྒྱ་ནག་གི་སྡིགས་སྐུལ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་པ་དེས་རང་དབང་རང་བཙན་གྱི་མངོན་འདོད་ཡོད་པའི་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པས་སྲིད་འཛིན་སྐབས་གསུམ་རིང་ཟམ་མ་ཆད་པར་མུ་མཐུད་ནས་འཛིན་རྒྱུ་བྱུང་བའི་ལོ་རྒྱུས་རང་བཞིན་ལྡན་པ་དང་། ལོ་ངོ་གང་མང་རིང་ལ་རྒྱ་ནག་གི་སྡིགས་སྐུལ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པར་ཁ་གཏད་འཇལ་དགོས་བྱུང་བའི་མཚོན་རྟགས་ཤིག་ཀྱང་ཡིན་པ་རེད།

གླེང་སྟེགས།

XS
SM
MD
LG