ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཊམ་གྱིས་སླར་ཡང་ཉེ་གྲོགས་༢༦་ཉེས་ཡངས་སུ་བཏང་བ། 


༄༅།། ཨ་མི་རི་ཀའི་སྲིད་འཛིན་ལ་བཙོན་པ་ཁག་ཅིག་ཉེས་ཡངས་སུ་གཏོང་ཆོག་པའི་དབང་ཚད་ཡོད་པ་ལྟར་སྲིད་འཛིན་ཊམ་གྱིས་སླར་ཡང་གཟའ་ལྷག་པའི་ཕྱི་དྲོར་རང་གི་ཉེ་གྲོགས་དང་ཉེ་འབྲེལ། ཡུན་རིང་གི་རྒྱབ་སྐྱོར་བ་སོགས་མི་༢༦་ཉེས་ཡངས་སུ་བཏང་འདུག ཁོ་ཚོའི་གྲས་སུ་༢༠༡༦་ལོའི་སྲིད་འཛིན་ཊམ་གྱི་འོས་འདེམས་ལས་འགུལ་ཁང་གི་གཙོ་འཛིན་ཕོལ་མཱེ་ན་ཧྥོར་དང་སྲིད་འཛིན་ཊམ་གྱི་བུ་མོའི་མག་པ་ཇཱེ་རི་ཁུ་ཤི་ནར་གྱི་ཨ་ཕ་ཆལ་སི་ཁུ་ཤི་ནར། སྲིད་འཛིན་ཊམ་གྱི་ཡུན་རིང་གི་གྲོགས་པོ་རོ་ཇཱེར་སི་ཊོན་བཅས་འདུས། ཌོ་ནལ་ཊམ་གྱི་སྲིད་གཞུང་འཕོ་འགྱུར་འགྲོ་བར་ཉི་མ་༢༧་ལས་མེད་པའི་སྐབས་འདིར་བདུན་ཕྲག་གཅིག་གི་ནང་དུ་མི་༥༠་མ་ཟིན་ཙམ་ཞིག་ཉེས་ཡངས་སུ་བཏང་འདུག འདས་པའི་ཉི་མ་གཉིས་ཀྱི་ནང་དུ་སྲིད་འཛིན་ཊམ་གྱིས་ཉེས་ཡངས་བཏང་བ་རྣམས་ནི་༢༠༡༦་ལོར་ཨུ་རུ་སུའི་གསང་ཉུལ་ཚོར་འབྲེལ་བ་བྱས་ནས་སྐབས་དེའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྟེ། ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཧི་ལ་རི་ཁེ་ལིན་ཊོན་གྱི་གློག་འཕྲིན་རྣམས་རྐུ་འཁྱེར་བྱེད་དུ་བཅུག་པར་འབྲེལ་བ་ཡོད་པའི་མི་སྣ་ཁག་དང་། ཁོ་ཚོར་ཨ་མི་རི་ཀའི་རྟོག་ཞིབ་པ་ཚོས་ཞིབ་འཇུག་བྱས་ནས་ཨུ་རུ་སུའི་གསང་ཉུལ་ལ་འབྲེལ་བ་བྱུང་ཡོད་པ་ཤེས་རྟོགས་བྱུང་སྟེ་བཙོན་འཇུག་གི་ཉེས་ཆད་ཕོག་པའི་ཉེས་ཅན་རྣམས། གཞན་ཡང་ལྐོག་ཟ་རུལ་སུངས་སུ་གྱུར་པའི་སྤྱི་མཐུན་ཚོགས་པའི་གྲོས་འཐུས་མི་ཁག་དང་ཨི་རཀ་གི་ས་ཐོག་ཏུ་མི་མང་དཀྱུས་མ་དམར་གསོད་བྱས་པའི་ལག་དམར་རྣམས་ཡིན་འདུག ད་དུང་སྲིད་འཛིན་ཊམ་གྱིས་རང་ཉིད་འཕོ་འགྱུར་མ་སོང་གོང་བུ་ཕྲུག་ཚོ་དང་སོ་སོ་རང་ལའང་ཉེས་ཡངས་གཏོང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཨ་རིའི་སྲིད་འཛིན་རིམ་པས་ཉེས་ཡངས་གཏོང་གི་ཡོད་པའི་བཙོན་པ་རྣམས་ནི་དུད་ནག་འཐེན་ནས་ངན་ལོབས་སུ་སོང་བ་དང་མ་ཉེས་ཁ་གཡོག་བྱུང་སྟེ་བཙོན་ཁང་དུ་བཅུག་པ། ལོ་མང་རིང་བཙོན་འཇུག་གི་ཉེས་ཆད་ཁུར་ཟིན་པ་སོགས་སྤྱི་དམངས་ཀྱི་བདེ་འཇགས་ལ་ཉེན་ཁ་མེད་པ་ཚོར་ཉེས་ཡངས་གཏོང་བའི་ལམ་སྲོལ་ཞིག་ཡོད་མོད། འོན་ཀྱང་སྲིད་འཛིན་ཊམ་གྱིས་རང་གི་ཁེ་ཕན་སྒྲུབ་མཁན་དང་རང་ལ་རྒྱབ་སྐྱོར་བྱེད་མཁན། རང་གི་ཕྱོགས་གཏོགས་པ་ཉེས་ཅན་རྫབ་ཆེན་ཚོའི་ནག་ཉེས་རྣམས་ཆག་ཡང་བཏང་སྟེ་ཨ་རིའི་སྲིད་འཛིན་ལ་ཉེས་ཡངས་ཀྱི་དབང་ཚད་ཅིག་ཡོད་པ་བཀོལ་སྤྱོད་ལོག་པ་གཏོང་གི་ཡོད་པར་མ་ཟད། སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་བུ་ཕྲུག་རྣམས་དང་སོ་སོ་རང་ལ་ཉེས་ཡངས་གཏོང་རྩིས་ཡོད་པའི་གནས་ཚུལ་ཞིག་འཐོན་གྱི་ཡོད་པ་བདེན་པ་ཡིན་ཚེ། ཁོ་ཚོ་ཅི་ཞིག་ལ་སྐྲག་གི་ཡོད་པ་དང་ཁྲིམས་འགལ་ཅི་ཞིག་བྱས་ཡོད་མེད། ཌོ་ནལ་ཊམ་ཕ་བུ་རྣམས་བཙོན་ཁང་དུ་འཇུག་སྲིད་པའི་ནག་ཉེས་ཅི་ཞིག་བསགས་ཡོད་མེད་རྣམས་དོགས་སློང་བྱ་དགོས་པ་ཞིག་ཏུ་གྱུར། སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་དགའ་ཉེ་གྲོགས་པོ་དང་རྒྱབ་སྐྱོར་བ་རྣམས་ཉེས་ཡངས་གཏོང་གི་ཡོད་པར་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་ཀྱང་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅིང་། དཔེར་ན་ནེ་བྷ་ར་སི་ཁ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་བྷན་ས་སིས་གསར་འགོད་གསལ་བསྒྲགས་ཐུང་ཐུང་ཞིག་སྤེལ་ནས་ནང་སྙིང་བར་དུ་རུལ་སུངས་སུ་གྱུར་འདུག་ཅིག་བསྒྲགས། མུ་ལར་གྱི་ཞིབ་འཇུག་ཚོགས་ཆུང་གི་ལས་སྣེ་ཝེ་སི་མན་གྱིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉེས་ཡོངས་གཏོང་གི་ཡོད་པ་ནི་ཇག་གཙོ་ཞིག་ལ་ཉེས་ཡངས་ཀྱི་དབང་ཆ་ཐོབ་པ་དང་གཅིག་མཚུངས་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ།།

ཁ་སང་གཟའ་ལྷག་པའི་ཉིན་སྲིད་འཛིན་ཊམ་གྱིས་ཉེས་ཡངས་བཏང་བའི་ཕོལ་མཱེ་ན་ཧྥོར་དང་རོ་ཇཱེར་སི་ཊོན་གཉིས་ནི་བཙོན་ཁང་དུ་བཅུག་ནས་ཟླ་བ་འགའ་ཞིག་ལས་ཕྱིན་མེད། རོ་བྷར་ཊི་མུ་ལར་གྱི་མུ་ལར་ཞིབ་འཇུག་ཚོགས་ཆུང་གིས་ཞིབ་འཇུག་བྱས་ནས་༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་དུས་སུ་ཨུ་རུ་སུ་ལ་འབྲེལ་བ་བྱས་པ། ཁོ་ཚོས་ཨུ་རུ་སུ་ལ་འབྲེལ་བ་བྱས་པ་རྣམས་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་དང་ཁྲིམས་འཛིན་ལྷན་ཁང་ལ་སྦ་གསང་བྱས་པ་ཕྱིས་སུ་རྩད་གཅོད་ཐུབ་སྟེ་ནག་ཉེས་ཆེན་པོ་ཕོག་ནས་བཙོན་འཇུག་གི་ཁྲིམས་ཐག་བཅད། སྲིད་འཛིན་ཌོ་ནལ་ཊམ་གྱིས་འཕྲལ་དུ་མི་དེ་དག་གི་ནག ཉེས་ཡང་དུ་གཏོང་དགོས་པའི་དམིགས་བསལ་དབང་ཚད་ལག་ལེན་བསྟར། ད་ལྟ་སྲིད་འཛིན་ཊམ་གྱིས་རྦད་དེ་ཕོལ་མཱེ་ན་ཧྥོར་དང་རོ་ཇཱེར་སི་ཊོན་གཉིས་ཀྱི་ནག་ཉེས་ཆག་ཡང་བཏང་ཞིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉེས་ཡངས་བཏང་བའི་གྲས་ཀྱི་རྒྱལ་སྲུང་སློབ་སྟོན་པ་ཟུར་པ་མེ་ཁེལ་ཧྥི་ལིན་དང་༢༠༡༦་ལོའི་ཌོ་ནལ་ཊམ་གྱི་འོས་འདེམས་ལས་འགུལ་ཁང་གི་མཐོ་རིམ་ལས་སྣེ་ཕཱ་ཕཱ་ཌོ་ཕུ་ལ་སི། ཕོལ་མཱེ་ན་ཧྥོར་དང་རོ་ཇཱེར་སི་ཊོན་བཞི་ཐད་ཀར་སྲིད་འཛིན་ཊམ་གྱི་འོས་འདེམས་ལས་འགུལ་དང་ཨུ་རུ་སུ་གཉིས་འབྲེལ་བ་བྱུང་སྟེ་ནག་ཉེས་ཕོག་པ་ཤ་སྟག་ཡིན་འདུག དེང་སྐབས་མེ་ཁེལ་ཧྥུ་ལིན་གྱིས་འཇོར་ཇཱི་ཡ་དང་པེན་སིལ་ཝྭེ་ཎི་ཡ། མཱི་ཆི་གྷན་དང་ཝི་སི་ཀོན་སན། ཨ་རི་ཛོ་ན་དང་ནེ་ཝྭ་དྷ་བཅས་སྲིད་འཛིན་ཌོ་ནལ་ཊམ་ལ་ཕམ་ཉེས་འགྲོ་ཡུལ་མངའ་སྡེ་དྲུག་གི་ནང་དུ་དམག་ཁྲིམས་བསྡམས་ནས་བསྐྱར་དུ་སྲིད་འཛིན་འོས་འདེམས་བྱེད་དུ་འཇུག་དགོས་ཞེས་ངན་སྐུལ་བྱེད་ཀྱི་ཡོད་པས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་དམག་སྤྱི་ཚོས་མི་མང་གི་ཁྲིམས་མཐུན་འོས་འདེམས་བྱས་པར་དམག་གིས་ཐེ་གཏོགས་བྱས་ནས་འོས་འདེམས་ཀྱི་གྲུབ་འབྲས་འཕྲུ་སློག་གཏོང་འདོད་མེད་ཅེས་སྔོན་བརྡ་གསལ་པོ་ཞིག་གཏོང་དགོས་བྱུང་འདུག

ཕོལ་མཱེ་ན་ཧྥོར་སོགས་ཀྱིས་༢༠༡༦་ལོར་ཨུ་རུ་སུའི་གསང་ཉུལ་ཚོར་འབྲེལ་བ་བྱས་ཏེ་སྐབས་དེའི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་འབྲེལ་བ་ཡོད་པའི་ནང་ཁུལ་གྱི་ཡིག་ཆ་རྣམས་མཁོ་སྤྲོད། ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་གསང་བའི་ལས་ཁང་གིས་ཐེ་གཏོགས་བྱས་པར་ངན་འབྲེལ་བྱུང་ཡོད་པའི་ནག་ཉེས་ཕོག ཕོལ་མཱེ་ནར་ཧྥོར་གྱིས་སྲིད་འཛིན་ཌོ་ནལ་ཊམ་ལ་བསྟོད་པ་འཐེན་ནས་ཁྱོད་ཀྱི་མཛད་རྗེས་ལོ་ནི་རྒྱུས་ནང་དུ་ནག་སུབ་གཏོང་ཐབས་བྲལ། ཨ་རིའི་སྲིད་འཛིན་སྔོན་མ་སུ་གཅི་གིས་ཀྱང་གྲུབ་མྱོང་མེད་པའི་མཛད་རྗེས་ཤིག་ཌོ་ནལ་ཊམ་གྱིས་བཞག་ཡོད་ཅེས་འཕྲིན་ཐུང་ཞིག་སྤེལ། ཡིན་ནའང་ནེའུ་ཡོཀ་གྲོང་ཁྱེར་གཞུང་གིས་ཕོལ་མཱེ་ན་ཧྥོར་གྱིས་ས་ཁང་ཉོ་ཚོང་གི་བུ་ལོན་བསྐྱིས་པའི་དུས་སུ་གཡོ་ཁྲམ་བྱས་པའི་ནག་ཉེས་ལ་བསྐྱར་དུ་ཞིབ་འཇུག་བྱ་དགོས་ཞེས་གྲོང་ཁྱེར་གྱི་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག ཁོ་པས་ཨུ་རུ་སུའི་གསང་ཉུལ་ཚོར་འབྲེལ་བ་བྱས་ནས་༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱེད་དུ་བཅུག་པའི་ནག ཉེས་ནས་ཐར་ཀྱང་ནེའུ་ཡོཀ་གྲོང་ཁྱེར་གཞུང་གིས་ཐར་པ་གཏོང་རྒྱུ་ཡིན་མིན་བཤད་དཀའ། གལ་སྲིད་ནེའུ་ཡོཀ་གྲོང་ཁྱེར་གཞུང་གིས་ཁྲིམས་ཁང་ལ་ཞུ་གཏུག་བྱས་པའི་ཁ་མཆུ་དེར་ཁྲིམས་ཁང་གིས་བདག་པོ་བརྒྱབ། ཁྲིམས་ཁང་གིས་བསྐྱར་དུ་ཞིབ་འཇུག་བྱས་ནས་ནག་ཉེས་འཐོན་ན་སྲིད་འཛིན་ཌོ་ནལ་ཊམ་གྱི་ཉེས་ཡངས་ཀྱིས་ཕོལ་མཱེ་ན་ཧྥོར་སྲུང་སྐྱོབ་བྱེད་མི་ཐུབ། སྲིད་འཛིན་གྱི་ཉེས་ཡངས་དེས་དབུས་གཞུང་གིས་ཁྲིམས་གཅོད་བྱ་རྒྱུ་འགོག་ཐུབ་ཀྱང་མངའ་སྡེ་ཁག་དང་གྲོང་ཁྱེར། ས་གནས་ཁག་གིས་ཁྲིམས་གཅོད་རྣམས་འགོག་མི་ཆོག ལྷག་པར་དུ་རོ་ཇཱེར་སི་ཊོན་ལ་མཚོན་ན་སྲིད་འཛིན་ཌོ་ནལ་ཊམ་གྱི་བཀའ་ཡི་བློན་པོ་ཨ་རིའི་སྤྱི་ཁྱབ་ཁྲིམས་འཛིན་པ་ཟུར་པ་བྷིལ་བྷར་གྱིས་ཐད་ཀར་ཁྲིམས་དཔོན་ལ་གནོན་ཤུགས་སྤྲད་ནས་ཁྲིམས་ཐག་ལྕི་མོ་གཅོད་དུ་བཅུག་མེད་པ་རེད།།

རོ་ཇཱེར་སི་ཊོན་གྱིས་ཀྱང་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་སྲིད་འཛིན་ཌོ་ནལ་ཊམ་ལ་བཀའ་དྲིན་ཆེ་ཞུས། ཁོ་པས་ང་ལ་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ནས་ཨུ་རུ་སུའི་དམར་ཤོག་གི་དུས་སུ་ཁྲིམས་བཤེར་བྱེད་སྲོལ་ཡོད་པ་ལྟར་ཁྲིམས་བཤེར་བྱས་སོང་ཞེས་སྙིང་ནད་གླེང་།

སྲིད་འཛིན་ཌོ་ནལ་ཊམ་གྱི་བུ་མོའི་མག་པ་ཇཱེ་རི་ཁུ་ཤི་ནར།
སྲིད་འཛིན་ཌོ་ནལ་ཊམ་གྱི་བུ་མོའི་མག་པ་ཇཱེ་རི་ཁུ་ཤི་ནར།

སྲིད་འཛིན་ཌོ་ནལ་ཊམ་གྱི་བུ་མོའི་མག་པ་ཇཱེ་རི་ཁུ་ཤི་ནར་གྱི་ཨ་ཕ་ནི་ས་ཁང་ཉོ་ཚོང་གི་འབྱོར་ལྡན་པ་ཞིག་ཡིན། ཁོ་པས་ལོ་མང་རིང་དཔྱ་ཁྲལ་མ་འཇལ་བར་གཡོ་ཟོལ་བྱས་པ་དང་སྲིད་འཛིན་ཌོ་ནལ་ཊམ་ལ་ཁྲིམས་འགལ་གྱི་འོས་འདེམས་དྲིལ་བསྒྲགས་ལས་འགུལ་གྱི་མ་དངུལ་རོགས་རམ་སྤྲད། སྲིད་འཛིན་ཊམ་དང་ཆལ་སི་ཁུ་ཤི་ནར་གཉིས་སྔ་མོ་ནས་ས་ཁང་ཉོ་ཚོང་གི་ཚོང་གྲོགས་སུ་གྱུར། ༢༠༠༩་ལོར་ཌོ་ནལ་ཊམ་གྱི་བུ་མོ་ཨི་ཝྭན་ཁ་དང་ཆལ་སི་ཁུ་ཤི་ནར་གྱི་བུ་ཇཱེ་རི་ཁུ་ཤི་ནར་གཉིས་གཉེན་བསྒྲིགས། ༢༠༡༩་ལོར་ནེའུ་འཇར་སི་མངའ་སྡེའི་སྤྱི་ཁྱབ་ཟུར་པ་ཁེ་རི་སི་ཁེ་རི་སི་ཊིན་གྱིས་ཆལ་སི་ཁུ་ཤི་ནར་གྱི་ནག་ཉེས་ནི་སྐྱུག་བྲོ་བའི་ཁྲིམས་འགལ་ཞིག་རེད་ཅེས་བཤད། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉེས་ཡངས་བཏང་བའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་ཞིག་གིས་མི་མང་གི་ལག་ནས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་རོགས་དངུལ་བསྡུས་པ་རྣམས་སྒེར་དོན་ལ་འགྲོ་གྲོན་བཏང་ནས་སྐྱིད་པོ་བྱས་པ་དང་ཉོ་ཆ་བརྒྱབ་ནས་རུལ་སུངས་སུ་གྱུར། ད་ལྟ་ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་གྱི་ཉེས་ཡངས་དབང་ཚད་མེད་པར་གཏོང་དགོས། སྲིད་དོན་ཚོགས་པ་གཅིག་གིས་སྲིད་འཛིན་གྱིས་དམིགས་བསལ་སྐུ་དབང་བཀོལ་སྤྱོད་ལོག་པ་བཏང་ན་ཨ་རིའི་དམངས་གཙོའི་ལམ་ལུགས་ཉམས་དམས་སུ་འགྲོ་ཉེན་འདུག ཨ་རིའི་རྩ་ཁྲིམས་སུ་བཀོད་པའི་སྲིད་འཛིན་གྱི་ཉེས་ཡངས་དབང་ཚད་ཕྱིར་བསྡུ་བྱ་དགོས་པའི་དུས་སུ་བབས། འདས་པའི་ལོ་བཞི་ལ་སྲིད་འཛིན་ཊམ་གྱིས་ཁྲིམས་འགལ་བྱས་པའི་ནག་ཉེས་རྣམས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོར་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་འདུག

XS
SM
MD
LG